ཉེ་ལམ་སི་པེན་གྱི་རང་སྐྱོང་ས་ཁུལ་ Catalonia ཁེ་ཊ་ལོ་ནི་ཡའི་རྒྱལ་ས་ Barcelona སྦར་སི་ལོ་ནཱ་ཡི་ནང་ཉིན་གྲངས་གཉིས་རིང་གི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་དབུས་ས་གཉིས་ཀྱི་ཚོགས་འདུའི་ཐོག །བོད་དོན་འཐབ་རྩོད་ཀྱི་འཐབ་ཇུས་གསར་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གཙོས་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གནང་ཕྱོགས། དེ་བཞིན་༸སྐུའི་ཡང་སྲིད་ཀྱི་གནད་དོན་བཅས་ཀྱི་སྐོར་གྲོས་བསྡུར་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། International Tibet Network འམ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཉེ་ལམ་ཕྱི་ཚེས་ ༧ དང་ ༨ བཅས་ཉིན་གྲངས་གཉིས་རིང་སྦར་སི་ལོ་ནཱ་གྲོང་ཁྱེར་ནང་འཚོགས་པའི་དབུས་ས་གཉིས་ཀྱི་ཚོགས་འདུའི་ཐོག །གླིང་ཕྲན་ ༥ ཡི་རྒྱལ་ཁབ་ ༢༠ ནས་བོད་མི་ཚུད་པའི་བོད་དོན་རྒྱབ་སྐྱོར་བ་ཁྱོན་བསྡོམས་པའི་ལས་འགུལ་བ་མི་གྲངས་ ༤༨ ནས་མཉམ་ཞུགས་གནང་འདུག་པ་དང་། ཚོགས་འདུའི་ཁྲོད་ཚོགས་བཅར་བ་ནང་ཕན་ཚུན་བར་བོད་དོན་ཞུ་གཏུག་གི་འཐབ་ཇུས་གསར་པ་གཏན་འབེབས་གནང་རྒྱུ་གཙོས་པའི་གོ་ལ་ཡོངས་ཀྱི་བོད་དོན་ལས་འགུལ་བ་ཚོའི་བར་འབྲེལ་མཐུད་སྲ་བརྟན་གཏོང་རྒྱུར་གྲོས་བསྡུར་གནང་ཡོད་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་གིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་བར་བརྒལ་འགན་འཛིན་བསྟན་འཛིན་དབྱངས་འཛོམས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་གི་གནས་སྟངས་དེ་བཞིན་ད་ལྟའི་ཆར་ཛ་དྲག་གི་དུས་ཤིག་ལ་སླེབས་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ངོས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ཀྱི་འཐབ་ཇུས་ལ་བསྒྱུར་བཅོས་བཏང་བའི་ཐོག །རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གཙོས་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གྱིས། ༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་ནག་གི་ཐེ་བྱུས་བཅས་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་།

ཚོགས་འདུའི་དབུ་འབྱེད་ཀྱི་གསུང་བཤད་ཁྲོད། སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ཐེངས་འདིའི་ཚོགས་འདུ་དེ་བཞིན་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་གནད་འགག་ཆེ་བའི་དུས་སྐབས་ཤིག་ཏུ་འཚོག་བཞིན་ཡོད་པར་ནན་བརྗོད་དང་འབྲེལ། བོད་ནང་ད་ལྟའི་ཆར་འཕྲད་བཞིན་པའི་དཀལ་ངལ་ནི་སྔར་ལས་ཀྱང་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་གྱི་འབད་བརྩོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་སྟབས། ང་ཚོའི་ངོས་ནས་དུས་རྒྱུན་གྱི་འཐབ་ཇུས་ཁོ་ནར་བརྟེན་མི་རུང་བར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་དང་རྒྱལ་སྤྱིའི་ཁྲོད་དུ་བོད་དོན་འཁྱོག་བཤད་བྱེད་བཞིན་པ་ལ་ཁ་གཏད་གཅོག་ཆེད་དུ། ང་ཚོའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་བཞིན་སྔར་ལས་ཀྱང་བློ་གྲོས་ལྡན་པ་དང་། གཅིག་གྱུར་ཆེ་བ། འཐབ་ཇུས་ཀྱི་རང་བཞིན་ལྡན་པ་ཞིག་དགོས་པར་ནན་བརྗོད་གནང་འདུག

ལྷག་པར་དུ་སྐུ་ཚབ་དོན་གཅོད་ཁོང་གིས། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་འབྲེལ། ཚོགས་བཅར་བ་ཁྲོད་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་མི་འདྲ་བ་རིགས་ཡོད་སྲིད་ཀྱང་། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་གཅིག་པ་ཡིན་པ་དང་། དེ་དག་བར་འགལ་ཟླ་རིགས་གང་ཡང་མེད་སྐོར་དྲན་སྐུལ་དང་སྦྲགས། ང་ཚོའི་ངོས་ནས་སྤྱི་ཡོངས་ཀྱི་རྒྱ་ཆེ་སའི་དམིགས་ཡུལ་ལས་རང་ཉིད་གཡེང་རྒྱུ་མེད་པ་གསུངས་འདུག །མ་ཟད་དགེ་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། ཚོགས་བཅར་བ་ཚོར་ད་བར་བོད་དོན་ཆེད་དུ་འགྱུར་བ་མེད་པའི་ལྷག་བསམ་དང་། སྐུ་ངལ་འཛེད་མེད་ཀྱི་འབད་བརྩོན། བློས་གཏོང་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག་ལ། སྐབས་རེར་ལས་འགུལ་བ་རྣམ་པས་བོད་དོན་འཐབ་རྩོད་ཀྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནས་འོས་འཚམས་ཀྱི་ངོས་འཛིན་བྱེད་ཀྱི་མེད་པ་ལྟ་བུ་ཚོར་སྲིད་ཀྱང་། སེམས་གཏིང་ནས་སྒྲིག་འཛུགས་ངོས་ལ་ཁྱེད་རྣམ་པ་ང་ཚོའི་ཞི་བའི་འཐབ་རྩོད་ཀྱི་ཁྲོད་དུ་མཉམ་པོར་ཡོད་པར་བཀའ་དྲིན་དྲན་བཞིན་ཡོད་པ་དེ་མཁྱེན་རྟོགས་གནང་རོགས་ཅེས་གསུངས་འདུག

ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་ཁོངས་སུ་གཞན་ཡང་། Basel བྷ་སེལ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Ralph Weber རལ་ཧྥ་ཝེ་བྷར་ལགས་དང་། འཇར་མན་བོད་དོན་ལས་འགུལ་ཁང་གི་སྤྱི་ཁྱབ་འགན་འཛིན་ Tenzyn Zochbauer ལགས། དེ་བཞིན་ཧོང་ཀོང་གི་ལས་འགུལ་བ་ Ray Wong རེ་ཝོང་བཅས་ཡོད་པ་རེད་འདུག །མ་ཟད་ཐེངས་འདིའི་ཚོགས་འདུའི་ཐོག་ Casa Del བོད་ཁང་གི་དགེ་བཤེས་དམ་ཆོས་ལགས་དང་། སྐུ་ཚབ་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ནས་ཀྱང་ཚོགས་བཅར་བའི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་འདུག




