རྒྱལ་སྤྱི།

སྲིད་སྐྱོང་མཆོག་གིས་ IPAC ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་གྲོང་ཁྱེར་ཧེག་ནང་སྐོང་འཚོགས་གནང་བའི་ IPAC འམ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་དང་འབྲེལ། ལྷན་ཚོགས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་སྐྱོང་དང་། ལྷག་པར་རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་དེ་འབྲེལ་མཉམ་ལས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་ནང་གི་འཚམས་གཟིགས་དང་འབྲེལ། ཁུལ་དེར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ནི་དར་ལེནྜ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་གཞུང་འབྲེལ་ཡི་གེ་ཞིག་གཏོང་བའི་བརྒྱུད། གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་རྒྱུ་མེད་པའི་སྡིགས་ར་བསྐུལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་དེ་བཞིན་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་པས་དེ་འབྲེལ་ཕྱིའི་ཐེ་བྱུས་རིགས་ལ་རྒྱ་ནག་གཞུང་ཕྱོགས་ནས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བརྗོད་འདུག་པར། སྤྱི་ཚོགས་དྲྭ་ལམ་ཐོག་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་གཞུང་གི་བྱེད་བབ་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། དེ་ནི་རྒྱ་ནག་གིས་བོད་དེ་བཞིན་འཆར་གཞི་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་ཁ་བྲལ་གཏང་རྒྱུར་དམིགས་པའི་ཐབས་ཤེས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གཞན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་སུ་དང་མཇལ་འཕྲད་གནང་དགོས་མིན་ཐད་རྒྱ་གཞུང་ལ་དབང་ཆ་མེད་སྐོར་དང་ཆབས་ཅིག །འདི་ལྟ་བུའི་ཐེ་གཏོགས་བྱས་པ་ནི་ཧ་ཅང་གི་ཉེས་སྤྱོད་ཚབས་ཆེན་ཞིག་ཡིན་པ་སོགས་ཀྱི་མཆན་སྐྱོན་བཞིན་འདུག ད་དུང་ཁག་གཅིག་གིས་རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད་ནི་དར་ལེནྜ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་བར་དགའ་བསུའི་མཚམས་འདྲི་ཡང་ཞུ་བཞིན་འདུག དེ་དོན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གཞུང་གི་དྲག་གནོན་ལ་ལྟོས་མེད། ཁ་སང་ནི་དར་ལེནྜ་གྲོང་ཁྱེར་ཧེག་ (Hague) དུ་སྐོང་འཚོགས་གནང་བའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་གླིང་ཆེན་དྲུག་གི་རྒྱལ་ཁབ་ ༣༠ ནས་གྲོས་ཚོགས་འཐུས་མི་ ༥༢ མཉམ་ཞུགས་ཀྱིས་གཙོ་བོ་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ཐང་རྡོག་རོལ་གཙོས་མང་གཙོ་དང་བདེ་འཇགས། རང་དབང་། དེ་བཞིན་གོ་ལའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་རང་སྣང་གང་དྲན་གྱིས་བསྒྱུར་བ་གཏོང་བཞིན་པའི་གནད་དོན་དག་གོ་བསྡུར་གྱིས། དེ་འབྲེལ་མཉམ་ལས་ཐོག་རྒྱ་གཞུང་ལ་གདོང་ལེན་ཇི་བྱས་ཐོག་བསམ་ཚུལ་བརྗེ་ལེན་དང་། དེ་བཞིན་རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཐོག་ནས་རྒྱལ་སྤྱིའི་ནང་ཉེན་ཁ་འདྲ་མིན་བཟོས་དང་བཟོ་བཞིན་པར་གདོང་ལེན་བྱེད་ཕྱོགས་ཀྱི་ཐབས་བྱུས་ཐོག་བགྲོ་གླེང་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་བའི་ཁྲོད། གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་དེ་བཞིན་རྒྱ་གཞུང་གི་འཁྱོག་བཤད་ལ་མི་བརྟེན་པར་ཁུང་ལུང་ལྡན་པའི་ལོ་རྒྱུས་ཡིག་ཆ་དང་ཁྲིམས་ལུགས་ཀྱི་ལྟ་ཚུལ་ཐོག་ནས་གཟིགས་གལ་ཆེ་བའི་ཐོག །བོད་པའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབ་ཐོག་ཡིད་རྟོན་རུང་བའི་གོ་རྟོགས་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཙམ་མ་ཟད། རྒྱ་ནག་གིས་རང་གི་འདོད་ཕྱོགས་ལྟར་རྒྱལ་སྤྱིའི་ཆབ་དཔལ་རིག་གསུམ་གྱི་སྒྲོམ་གཞིར་བསྒྱུར་བ་གཏོང་བཞིན་པའི་དམིགས་ཡུལ་དང་མཇུག་འབྲས། དེ་བཞིན་དེའི་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་ཐོག་ཞིབ་འཇུག་གིས་ནུས་པ་མཉམ་སྤུངས་ཐོག་གདོང་ལེན་གནང་དགོས་པ་གསུངས་འདུག མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་འདི་ཉིད་ཚོད་འཛིན་བྱེད་ཐབས་བྱེད་བཞིན་པར་ཐུགས་འཚབ་གསལ་སྟོན་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་ཐེ་བྱུས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། དེ་འབྲེལ་དེ་སྔ་ཨ་རི་གཞུང་དང་། ཨིན་ཡུལ། འཇར་མ་ནི། ཧྥ་རན་སི། ནི་དར་ལེཎྜ། ཨཱ་ཨིས་ལེནྜ། ལི་ཐུ་ནི་ཡཱ། ཨི་སི་ཏོ་ནི་ཡ་བཅས་ཚུད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་དྲུག་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཐོབ་ཐང་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་ངོ་རྒོལ་བྱེད་པའི་གྲོས་ཆོད་གཏན་འབེབས་གནང་དོན་ལྟར། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག དེ་བཞིན་རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་ཁྲོད།  ད་ལྟའི་ཆར་བོད་ལྟ་བུར་མཚོན་ན་འཛམ་གླིང་ནང་རང་དབང་ཆུང་ཤོས་ཀྱི་རྒྱལ་ཁབ་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་མངོན་གསལ་དང་འབྲེལ།  རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་གཏོར་བཤིག་ཁྲོད་བོད་ནང་གང་བྱུང་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་སོགས་ཀྱི་འཛུགས་བསྐྱུན་ལས་གཞི་རྒྱ་ཆེ་སྤེལ་བ་དག་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་གནས་སྟངས་ལ་བསྒྱུར་བ་གཏོང་ཉེན་ཡིན་པའི་དེ་འབྲེལ་ཡིད་གཟབ་གནང་དགོས་གལ་དང་ཆབས་ཅིག །འདི་ལྟ་བུའི་ལས་གཞི་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་གནང་འདུག གཞི་རྩའི་སྲིད་སྐྱོང་མཆོག་གི་ཚོགས་འདུའི་ཞོར་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ (Jan Paternotte) ལགས་གཙོས་པའི་པ་ན་མ་དང་། ཉི་འོང་། ཐེ་ཝན། ཨིན་ཡུལ། ཪོ་མ་ནི་ཡ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཙམ་མ་ཟད། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད།

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་འདུག

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་འབྲུག་ཐིམ་ཕུག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་རྩེད་ཐང་ Changlimithang དུ་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བ་དང་འབྲེལ།  འཛམ་གླིང་འདིའི་ནང་རྒྱལ་ཁབ་ ༡༩༥ ཡས་མས་ཡོད་པའི་ཁོངས་ནས་སྤྱིར་ཐེག་པ་ཆེན་པོ་དང་ཡང་སྒོས་སུ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་དར་སའི་རྒྱལ་ཁབ་རང་དབང་རང་བཙན་ལྡན་པ་དེ་འབྲུག་རྒྱལ་ཁབ་ཁོ་ན་ཡིན་པ་བཀའ་སྩལ་འདུག ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་མ་སྩལ་གོང་དུ་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས།  འབྲུག་རྒྱལ་ཁབ་འདི་ནི་འགྲོ་མགོན་དག་པོའི་བཀའ་བརྒྱུད་ལས་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་པར།  ཁྱད་པར་དུ་འཕགས་པའི་ཡུལ་འདིར་འདུ་འཛོམས་བྱུང་ཐུབ་པ་དེ་ཚང་མས་སྤོབས་པ་བྱེད་འོས་པ་ཞིག་དང་།  རྒྱལ་ཁབ་འདིར་སྐྱེས་པ་ཙམ་གྱི་དལ་འབྱོར་མི་ལུས་ཀྱི་མཐུན་རྐྱེན་ཚང་གི་ཡོད་པར་སྐལ་པ་བཟང་པོ་ཡིན་པ་བཀའ་སྩལ་འདུག  །མ་ཟད་རིན་པོ་ཆེ་མཆོག་གིས་དཔལ་༸རྒྱལ་དབང་ཀརྨ་པ་དང་འབྲུག་རྒྱལ་ཁབ་བར་དམ་ཚིག་གི་འབྲེལ་བའི་སྐོར་དང་འབྲེལ།  འབྲུག་པ་བཀའ་བརྒྱུད་ལ་འབྲུག་པ་ཞེས་པའི་མཚན་ཐོགས་པ་དེ་ཡང་གཙོ་བོ་འགྲོ་མགོན་གཙང་པ་རྒྱ་རས་ཀྱིས་འབྲུག་གི་གདན་ས་ཕྱག་བཏབ་པ་ལ་བརྟེན་ནས་བྱུང་བ་ཡིན་པ་སོགས་བཀའ་སྩལ་བ་དང་།  དེ་བཞིན་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གོང་མ་ཁག་གཅིག་གི་མཛད་པ་འཕྲིན་ལས་དང་སྐབས་དེའི་ཚེ་དེའི་དུས་སུ་སྐུ་ངལ་ཇི་བྱུང་བའི་ལོ་རྒྱུས་སྐོར་དང་།  ལྷག་པར་དུ་༸སྐུ་ཉིད་ངོས་ནས་ཀྱང་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་འབྲུག་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐུགས་རེ་མཛད་བཞིན་པ་ལྟར།  ད་རེས་དགུང་ལོ་བཞི་བཅུ་ཞེ་གྲངས་ནང་ཕེབས་སྐབས་གཞི་ནས་ཡུལ་འདིར་ཆིབས་བསྒྱུར་བསྐྱངས་ཐུབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཅེས་དང་།  དེ་ཡང་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་ཐུགས་རྗེ་ཆེ་ཞུ་མཛད་འདུག  ལྷག་པར་ད་རེས་མངའ་བདག་རྒྱལ་པོའི་ཐུགས་སྐྱེད་དང་འབྲུག་མི་ཡོངས་ཀྱི་བསོད་ནམས་ལ་བརྟེན་ནས་འབྲུག་དགེ་ལེགས་ཕུག་ཏུ་ཉིན་ཞག་གཅིག་གི་ནང་མཆོད་རྟེན་ ༡༠༨ བཞེངས་ཐུབ་པ་དེ་འཛམ་གླིང་ཁྲོད་ཀྱི་ལོ་རྒྱུས་ནང་ད་བར་བྱུང་མྱོང་མེད་པ་མ་ཟད།  དེའི་ཐོག་འབྲུག་མི་ཡོངས་ཀྱི་སྐྱབས་གནས་དང་དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་དང་དགེ་བའི་བཤེས་གཉེན་མང་པོ་ཞིག་དུས་གཅིག་ཏུ་འདུ་འཛོམས་བྱུང་བས་སྐལ་བཟང་གི་ཉི་མ་ཤར་བ་དེས་མ་འོངས་པར་འབྲུག་རྒྱལ་ཁབ་དེ་སྔར་ལས་ཀྱང་དར་ཞིང་རྒྱས་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བའི་རྟེན་འབྲེལ་བཟང་པོ་ཡོད་པ་བཀའ་སྩལ་འདུག  རྩ་བའི་ཐེངས་འདིར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་འབྲུག་ཐིམ་ཕུག་ཏུ་མང་ཚོགས་ཁྲི་ཚོ་བརྒལ་བར་ཚེ་དཔག་མེད་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་སྩལ་བའི་འདུ་འཛོམས་ཐོག་འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་སྐུ་འཁོར་དང་བཅས་པ་གཙོས་པའི་མང་ཚོགས་དད་ལྡན་ཁྲི་ཚོ་བརྒལ་བ་ནས་མཉམ་ཞུགས་གནང་འདུག

ས་ཆའི་རྩོད་གཞི་དང་གླ་ཆ་མ་སྤྲད་པའི་རྐྱེན་གྱིས་རྒྱ་ནག་ནང་འདས་པའི་ཟླ་་བ་གསུམ་རིང་ངོ་རྒོལ་ ༩༤༨ ཙམ་བྱུང་ཡོད་པ་མངོན་གསལ།

༢༠༢༦ ལོའི་ཟླ་ ༧ པ་ནས་ ༩ པའི་བར་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་རྣམ་པ་འདྲ་མིན་ཁྱོན་ ༩༤༨ ལྷག་བྱུང་ཡོད་པ་མ་ཟད། དེ་དག་ནི་གཙོ་བོ་གླ་ཆ་མ་སྤྲད་པའི་དཀའ་ངལ་དང་། ས་ཆ་བཙན་འཕྲོག །བཙན་ཤེད་ཀྱིས་གནས་སྤོ་བྱས་པའི་གནད་དོན་སོགས་དང་འབྲེལ་བ་ཆགས་ཡོད་པ་མངོན་གསལ་གནང་འདུག དེའང་ཨ་རིར་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པའི་ཁྱབ་ཁོངས་ China Dissent Monitor ཞེས་རྒྱ་ནག་ནང་ཞི་རྒོལ་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་སྡེ་ཚན་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། འདི་ལོའི་ཕྱི་ཟླ་ ༧ པ་ནས་ ༩ པའི་བར་ཟླ་བ་གསུམ་རིང་རྒྱ་ནག་ཏུ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་འདྲ་མིན་བྱུང་བའི་ཁྲོད་དུ་ལས་མི་ཚོས་ཆ་ཤས་མང་ཤོས་བཟུང་ཡོད་ཅིང་། དེས་ཐོ་འགོད་བྱས་པའི་ངོ་རྒོལ་ཡོངས་ཀྱི་བརྒྱ་ཆ་ ༤༤ ཟིན་ཡོད་པ་དང་དེའི་རྗེས་སུ་ཁྱིམ་བདག་ཚོས་བརྒྱ་ཆ་ ༢༧ དང་གྲོང་གསེབ་ཀྱི་མི་སེར་ཚོས་བརྒྱ་ཆ་ ༩ ཟིན་ཡོད་པ་མ་ཟད། ངོ་རྒོལ་ཁྲོད་མཉམ་ཞུགས་བྱེད་མཁན་གཞན་དག་ནི་ཚོང་པ་ཆུང་ངུ་དང་ཉོ་མཁན་མང་ཚོགས། ཕ་མ་དང་སློབ་མ། མ་འཛུགས་བྱེད་མཁན་དང་ཞུ་གཏུག་པ། དེ་བཞིན་ལས་འགུལ་བ་བཅས་ཡིན་པ་བཀོད་འདུག དེབཞིན་གོང་གསལ་ཟླ་བ་གསུམ་དེའི་རིང་ལ་ Guangdong ཞིང་ཆེན་ནང་ངོ་རྒོལ་གྱི་གྲངས་ཚད་མཐོ་ཤོས་ཐོ་འགོད་བྱས་ཡོད་ཅིང་། དེས་ངོ་རྒོལ་ཡོངས་ཀྱི་བརྒྱ་ཆ་བཅུ་གསུམ་བཟུང་ཡོད་པ་མ་ཟད།  དེའི་རྗེས་སུ་ (Henan, Shaanxi, Hebei and Shandong.) ཧ་ནན། ཤན་ཞི། ཧྲུ་པེ་དང་ཤན་ཏུང་ཞིང་ཆེན་བཅས་ཡིན་པ་དང་། ལྷག་པར་དུ་ཡིག་ཆར་འཁོད་པའི་ངོ་རྒོལ་གྱི་གྲངས་འབོར་དེ་ ༢༠༢༥ ལོའི་དུས་ཚིགས་དེ་ག་དང་བསྡུར་ན་བརྒྱ་ཆ་ ༣༣ ཆག་ཡོད་ཀྱང་། འདིས་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་ཉུང་དུ་ཕྱིན་པ་ཞིག་མཚོན་གྱི་མེད་ཅིང་། དེའི་ཚབ་ཏུ་རྒྱ་ནག་ནང་དམ་དྲག་དང་ཞིབ་བཤེར་ཤུགས་ཆེ་རུ་བཏང་བས་ངོ་རྒོལ་ལས་འགུལ་རྣམས་ཡིག་ཆར་འགོད་རྒྱུ་ཁག་པོ་བཟོས་ཡོད་པ་ཐེར་འདོན་གནང་འདུག དེ་བཞིན་ China Dissent Monitor ངོས་ནས་སྙན་ཐོའི་ནང་ས་ཆ་བཙན་ལེན་དང་བཙན་དབང་གིས་གནས་སྤོ་བྱེད་པ་ནི་ད་དུང་མང་ཚོགས་ཀྱི་མ་དགའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་བསྐྱར་བཤད་དང་སྦྲགས། ༢༠༢༢ ཟླ་ ༦ ནས་བཟུང་ཚོགས་པ་དེས་ས་ཆ་འཕྲོག་བཅོམ་དང་བཙན་གྱིས་གནས་སྤོ་བྱེད་བཅུག་པ་དང་འབྲེལ་བའི་ངོ་རྒོལ་གྱི་དོན་རྐྱེན་ ༡,༡༤༦ ཡིག་ཆར་འགོད་ཡོད་ཅིང་། དེའི་ནང་ས་ཆ་བདག་བཟུང་བྱེད་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་འདོན་མཁན་གྱི་ས་གནས་མི་མང་དང་གཏོར་བཤིག་ལ་ངོ་རྒོལ་བྱེད་མཁན། གུན་གསབ་བམ་ཁས་ལེན་བྱས་པའི་གནས་སྤོ་ཁང་པ་རག་ཐབས་བྱེད་མཁན་བཅས་ཚུད་ཡོད། གནད་དོན་འདི་དག་གི་ཁྲོད་ནས་ ༥༥༨ ནི་གཞུང་གིས་ངོ་རྒོལ་བྱེད་མཁན་ཚོར་དམ་དྲག་བྱས་པ་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། མི་ཁ་ཤས་ཀྱིས་རང་གི་ཁང་པ་གཏོར་བཤིག་བཏང་ནས་ལོ་མང་སོང་ཡང་མུ་མཐུད་ངོ་རྒལ་བྱས་ཡོད་ཅིང་། ཉུང་མཐར་གནད་དོན་ ༡༨ ཁྲོད་ཡུལ་མི་རྣམས་ཀྱིས་ལོ་ ༥ ལྷག་གི་རིང་ལ་ངོ་རྒོལ་བྱས་ཡོད་པ་དང་། གཞན་ཡང་ཀྭང་ཀྲོའུ་ (Guangzhou) ཡི་རྩོད་གཞི་གཅིག་ནི་ལོ་ངོ་ ༢༠ རིང་མུ་མཐུད་བྱུང་ཞིང་། ས་གནས་མི་མང་གིས་ད་དུང་ཡང་གུན་གསབ་དང་ཁང་པ་གསར་པ་དགོས་པའི་རེ་འདུན་འདོན་བཞིན་ཡོད་པ་གསུངས་འདུག སྙན་ཐོ་དེས་རྒྱ་ནག་གི་རྒྱུན་རིང་བའི་ས་ཁང་ཉམས་རྒུད་དང་དཔལ་འབྱོར་བསྐྱར་གསོ་སྙོམས་པོ་མ་བྱུང་བའི་ཁྲོད་ལས་མིའི་འཁྲུག་ཆ་དང་ངོ་རྒོལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཡང་གསལ་བཏོན་བྱས་ཡོད་པ་མ་ཟད། ས་ཁང་འཛུགས་སྐྲུན་བྱེད་མཁན་དང་ཨར་ལས་གན་རྒྱ་འཇོག་མཁན་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་དེས་ལས་མི་མང་པོ་ཞིག་ལ་གླ་ཆ་མ་སྤྲོད་པར་ལུས་ཡོད་འདུག དེ་དང་ཆབས་ཅིག China Dissent Monitor གིས་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་ནི་རྒྱུན་དུ་མི་ཚོགས་གཅིག་པ་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་དང་། ལས་གཞི་འདིའི་ཆེད་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༦ པ་ནས་གནས་ཚུལ་བསྡུ་རུབ་བྱེད་འགོ་བཙུགས་པ་ནས་བཟུང་། ངོ་རྒོལ་གྱི་དོན་རྐྱེན་ ༡༦,༨༤༥ ཐོ་འགོད་བྱས་པའི་ཁྲོད་ནས། ཉུང་མཐར་ཡང་ ༡,༣༥༩ ནི་ངོ་རྒོལ་གྱི་གནད་དོན་གཞན་དང་འབྲེལ་བ་ཡོད་པ་ཐེར་འདོན་གནང་འདུག དེ་མིན་སྙན་ཐོའི་ནང་གྲོང་གསེབ་ཀྱི་ཡུལ་མི་དང་དངུལ་རྩིས་ཀྱི་ཚོང་ཤག་རྣམས་ནི་རྒྱུན་མཐུད་ཀྱི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་གཙོ་བོ་ཡིན་པ་དང་། དེ་དག་ནི་ས་ཆ་བཙན་འཕྲོག་དང་། གུན་གསབ། དངུལ་རྩིས་ཀྱི་གྱོང་གུད་བཅས་དང་འབྲེལ་བའི་རྩོད་གཞི་རིང་པོ་དག་ལས་བྱུང་བ་ཡིན་པར་བཤད་འདུག གཞི་རྩའི་རང་དབང་ཁང་པའི་ཁྱབ་ཁོངས་ China Dissent Monitor ཞེས་རྒྱ་ནག་ནང་ཞི་རྒོལ་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་སྡེ་ཚན་ནས་འདི་ལོའི་ཟླ་ ༡ འགོ་སྟོད་དུའང་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ཏུ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་ཧ་ཅང་ཉེན་ཁ་ཆེ་བ་དེ་ལྟར་ཡང་། འདས་པའི་ཕྱི་ལོ་ ༢༠༢༥ ལོའི་ནང་རྒྱ་ནག་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་དོན་རྐྱེན་ཁྱོན་ ༥༠༠༠ ལྷག་བྱུང་ཡོད་པ་དེ་ནི་དེ་སྔའི་ལོ་དང་བསྡུར་ན་བརྒྱ་ཆ་ ༤༨ ཀྱིས་འཕར་ཡོད་སྐོར་བཀོད་འདུག མ་ཟད་ཕྱི་ལོ་ ༢༠༢༥ ལོའི་རྒྱ་ནག་གི་ངོ་རྒོལ་རླབས་རྒྱུན་ནི་སྲིད་དབང་གི་ཞན་ཆ་མངོན་གསལ་བྱས་པའི་བརྡ་མཚོན་ཞིག་ཡིན་པ་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་སྒྲིལ་བཞིན་པའི་སྐབས་འདིར། གནད་དོན་འདི་དག་གལ་ཏེ་སྣང་མེད་སྐྱུར་འཇོག་བྱེད་ན། དམར་ཤོག་ཚོགས་པས་ད་བར་འཇིགས་སྣང་ཆེན་པོ་བྱེད་བཞིན་པ་སྟེ། རྒྱལ་ཁབ་ཀྱི་བརྟན་ལྷིང་མེད་པར་འགྱུར་རྒྱུར་སྐུལ་འདེད་གཏོང་གི་རེད་ཅེས་གསུངས་ཡོད་པ་རེད།

དབྱིན་ཡུལ་གྲོས་ཚོགས་ཀྱིས་ཡུལ་དེའི་ངོས་ནས་རྒྱ་ནག་ཐོག་འཐབ་ཇུས་ལྡན་པའི་སྲིད་བྱུས་གཏན་འབེབས་བྱེད་རྒྱུའི་ཁས་ལེན་ལག་བསྟར་བྱས་མེད་པར་སྐྱོན་བརྗོད་བྱས་འདུག

དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་རྒྱ་ནག་དང་དབྱིན་ཡུལ་གྱི་དཔལ་འབྱོར་འབྲེལ་ལམ་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད།  ཡུལ་དེའི་སྲིད་གཞུང་ནས་ད་བར་རྒྱ་ནག་ཐོག་འཐབ་ཇུས་ལྡན་པའི་ཡུན་རིང་གི་སྲིད་བྱུས་གཏན་འབེབས་བྱེད་རྒྱུའི་དེ་སྔའི་ཁས་ལེན་ལག་བསྟར་བྱས་མེད་པར་སྐྱོན་བརྗོད་དང་འབྲེལ།  གནས་སྟངས་དེས་དབྱིན་ཡུལ་གྱི་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁའི་ནང་ལྷུང་སྲིད་པའི་ཉེན་བརྡ་བཏང་འདུག དེ་ཡང་ཉེ་ལམ་ཕྱི་ཚེས་ ༢ ཉིན་དབྱིན་ཡུལ་གྲོས་ཚོགས་འོག་མའི་བསྐོ་བཞག་བྱས་པའི་ The Business, Innovation, Science and Trade Committee (BIST) ཞེས་དབྱིན་ཡུལ་གྱི་ཚོང་ལས་དང་། གསར་གཏོད། ཚན་རིག །ཚོང་དོན་ལྷན་ཁང་དང་དེའི་འབྲེལ་ཡོད་གཞུང་གི་ལས་ཁུངས་ཁག་གི་འགྲོ་གྲོན་དང་འཛིན་སྐྱོང་། སྲིད་བྱུས་བཅས་ལ་ཞིབ་འཇུག་གནང་མཁན་ཚོགས་ཆུང་གི་ངོས་ནས་རང་གི་དྲྭ་གནས་ཐོག་ China and the UK economy: the case for risk-managed growth ཞེས་རྒྱ་ནག་དང་དབྱིན་ཡུལ་གྱི་དཔལ་འབྱོར་གྱི་ཉེན་ཁ་དོ་དམ་བྱས་པའི་འཕེལ་རྒྱས་ཀྱི་གནད་དོན་སྐོར་སྙན་ཐོ་ཞིག་འདོན་སྤེལ་གྱིས།  ཡུལ་དེའི་སྲིད་གཞུང་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་ཐོག་ཚོང་དོན་དང་འབྲེལ་བའི་དགོས་ངེས་ཀྱི་ཉེན་ཁའི་དཔྱད་ཞིབ་དང་གདོང་ལེན་གྱི་འཐབ་ཇུས་ཆ་ཚང་བ་གསལ་པོར་བཏོན་རྒྱུའི་ཁས་ལེན་བྱས་པ་དེ་མཇུག་སྐྱོང་མེད་པའི་གནས་སྟངས་འོག་ད་དུང་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་བ་བསྐྱར་གསོ་བྱས་ཏེ་ཚོང་དོན་འབྲེལ་ལམ་ཟབ་ཏུ་གཏོང་བཞིན་པར་སྐྱོན་བརྗོད་བྱས་འདུག་པ་མ་ཟད།  སྲིད་གཞུང་གི་ཐག་ཆོད་གནང་སྟངས་དེས་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་བརྟན་ལྷིང་སྲུང་སྐྱོབ་ལ་ཉེན་ཁ་ཆེན་པོ་ཆགས་སྲིད་པ་གསུངས་འདུག གྲོས་ཚོགས་ཚོགས་ཆུང་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང་དུ་གཙོ་བོ་གནད་དོན་གཉིས་ཀྱི་སྐོར་གླེང་སློང་བྱས་ཡོད་པ་སྟེ། གཅིག་ནི།  དབྱིན་ཡུལ་སྲིད་གཞུང་གིས་རྒྱ་ནག་གི་གློག་འདོན་རླུང་འཁོར་བཟོ་སྐྲུན་བྱེད་མཁན་གྱི་ཁེ་ལས་ Ming Yang གི་དབྱིན་སྒོར་ཐེར་འབུམ་ ༡.༥ ཡི་མ་དངུལ་བཏང་ནས་ Scotland སི་ཀོཊ་ལེནྜ་དུ་བཟོ་གྲྭ་འཛུགས་རྒྱུའི་ཐག་གཅོད་མཐའ་མའི་དུས་སུ་རྒྱལ་ཁབ་བདེ་འཇགས་ཀྱི་རྒྱུ་མཚན་དུ་བྱས་ནས་བཀག་འགོག་བྱས་པའི་གནད་དོན་དང་།  དེ་བཞིན་གཉིས་པ།  སྲིད་གཞུང་གིས་དབྱིན་ཡུལ་ལྕགས་བཟོ་ཁེ་ལས་ British Steel ཞེས་པ་དེ་རྒྱ་ནག་གི་ཚོང་བདག་ཚོའི་ལག་ནས་ཛ་དྲག་གིས་བླངས་པའི་ཐག་ཆོད་དེ་དག་གིས་དབྱིན་ཡུལ་ནང་ཚོང་ལས་ངེས་གཏན་མེད་པའི་གནས་སྟངས་བཟོས་ཡོད་པ་མ་ཟད།  དབྱིན་ཡུལ་གྱི་བཟོ་གྲྭ་ཁག་གིས་རྒྱ་ནག་དང་འབྲེལ་བའི་མ་འཛུགས་དང་ཚོང་ལས་ཀྱི་བྱེད་སྒོ་སྤེལ་རྒྱུའི་འཆར་གཞི་འགོད་རྒྱུར་དཀའ་ངལ་བཟོས་ཡོད་པ་གསུངས་འདུག དབྱིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་ཆུང་གི་ཚོགས་གཙོ་ Liam Byrne མཆོག་གིས།  དབྱིན་ཡུལ་སྲིད་གཞུང་ངོས་ནས་གལ་ཏེ་ལམ་སྟོན་གསལ་པོ་མེད་པའི་ཐོག་དུས་ནས་དུས་སུ་རྒྱ་ནག་ཐོག་གི་སྲིད་བྱུས་ལ་འགྱུར་བ་གཏང་ན།  ཡུལ་དེའི་ཚོང་ལས་ཁང་ཚོས་མ་འོངས་པར་འཆར་འགོད་བྱེད་ཐུབ་ཀྱི་མེད་པ་བརྗོད་འདུག་ལ།  རྩ་བའི་དབྱིན་ཡུལ་གྱི་བློན་ཆེན་ཚོས་གསལ་ཁ་དང་བརྟན་ལྷིང་གི་གནས་སྟངས་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་།  དོན་དངོས་ཐོག་ཡུལ་དེའི་ཚོང་དོན་གྱི་གོ་སྐབས་ཤོར་དུ་བཅུག་པ་མ་ཟད།  ཉེན་ཁ་དོ་དམ་མ་བྱས་པར་ལྷུང་དུ་བཅུག་ཡོད་པ་གསུངས་འདུག སྤྱིར་ཚོགས་ཆུང་ངོས་ནས་རྒྱ་ནག་ནི་ད་ལྟའང་དབྱིན་ཡུལ་གྱི་དཔལ་འབྱོར་གྱི་མཉམ་ལས་རོགས་པ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་པ་དེ་ལྟར་ཡང་།  ཚོང་དོན་འབྲེལ་ལམ་དམ་ཟབ་ཏུ་གཏོང་བ་དེས་ཕན་ཚུན་མི་འོས་པའི་འགྲན་རྩོད་བྱེད་པ་དང་།  རྒྱ་ནག་གི་མཁོ་སྤྲོད་གཅིག་པུར་བརྟེན་དགོས་པ།  གསང་བའི་འཕྲུལ་རིག་དང་གནས་ཚུལ་བཤུ་ལེན།  བཙན་ཤེད་ངལ་རྩོལ་གྱིས་བཟོས་པའི་དངོས་ཟོག་ནང་འདྲེན་བྱེད་པ་སོགས་ཀྱི་ཉེན་ཁ་ཡོད་པ་གསུངས་འདུག ལྷག་པར་དུ་སྙན་ཐོའི་ནང་དབྱིན་ཡུལ་སྲིད་གཞུང་ངོས་ནས་རྒྱ་ནག་གི་ཚོང་འབྲེལ་དང་མ་འཇོག་ལ་ཚོད་འཛིན་བྱེད་དགོས་པའི་ལས་རིགས་གང་དང་གང་ཡིན་པ།  དེ་བཞིན་སྲུང་སྐྱོབ་འོས་འཚམ་འོག་མུ་མཐུད་ཚོང་དོན་གྱི་འབྲེལ་བ་བྱེད་ཆོག་པའི་ཁྱབ་ཁོངས་དང་ཚོང་འབྲེལ་སྐུལ་འདེད་གཏོང་དགོས་པའི་ལས་རིགས་གང་དང་གང་ཡིན་པ་བཅས་གསལ་པོར་ངོས་འཛིན་བྱེད་པའི་ཐོག་སྒྲིག་གཞི་གཏན་འབེབས་དགོས་པའི་སྐུལ་མ་གནང་འདུག

སྐུ་ཞབས་ Richard Gere ལགས་ནས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་འདུག

ཁ་སང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་ ICT རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག མཇལ་ཁ་གྲུབ་མཚམས་སྐུ་ཞབས་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་དེ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཞིག་མ་ཡིན་པར་དེ་ནི་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚང་མའི་ངོ་བོ་རྩ་མེད་གཏོང་ཆེད་ཀྱི་ཁྲིམས་ཞིག་ཡིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པ་ཐོག་མ་འགོ་འཛུགས་སྐབས་མའོ་ཙེ་ཏུང་ཁོ་རང་ཡིནའང་རྒྱ་ནག་གི་སྒྲོམ་གཞིའི་འོག་གྲགས་ཉུང་མི་རིགས་ཚོས་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་ཆོག་པར་ངོས་ལེན་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། ད་ཆ་རྒྱ་ནག་གཞུང་གི་བྱེད་སྟངས་དེ་དག་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་རྩ་མེད་གཏོར་བཤིག་གཏོང་གི་ཡོད་པ་ཐེེར་འདོན་གནང་འདུག སྐུ་ཞབས་ཁོང་གིས་ད་དུང་། གཞིས་བཞུགས་བོད་མི་ཚོར་བརྡ་ལན་དུ། ཁྱེད་རྣམས་བོད་ནང་ཡོད་པ་དུས་ནམ་ཡང་བརྗེད་མེད་ཅེས་དང་། བཙན་བྱོལ་དུ་ང་ཚོས་ནུས་པ་གང་ཡོང་དང་གོ་སྐབས་ནམ་ཡིན་ལ་བོད་དོན་ཐོག་ཕྱག་ལས་མུ་མཐུད་གནང་བཞིན་ཡོད་པ་མ་ཟད། སྐུ་ཞབས་ཁོང་སྒེར་ལ་མཚོན་ནའང་སྐུ་ཚེ་ཧྲིལ་པོ་བོད་མི་ཚོར་རྒྱབ་སྐྱོར་གནང་དང་གནས་མུས་ཡིན་པ་གསུངས་འདུག རྩ་བའི་ཁ་སང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ Richard Gere ལགས་དང་ལྷན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ནས་ཀྱང་མཇལ་བཅར་ཞུས་འདུག་པ་དང་། ཁ་ཉིན་ཕྱི་ཚེས་ ༣༠ ཉིན་རྣམ་པ་ཁོང་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། དེ་རིང་ཕྱི་ཚེས་ ༡ ཉིན་བཞུགས་སྒར་དུ་འཚོག་བཞིན་པའི་རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གསུང་བཤད་ཅིག་ཀྱང་གནང་ཡོད་པ་རེད། 

དབྱིན་ཡུལ་ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་དེ་ལག་བསྟར་བྱེད་མི་ཐུབ་པའི་ཁས་ལེན་དགོས་པའི་ཞུ་སྙན་ཕུལ་བ།

དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཞིག་གིས་ཡུལ་དེའི་བློན་ཆེན་དང་བློན་ཆེན་གཞོན་པར་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་པ་དེ་དབྱིན་ཇིའི་རྒྱལ་ཁབ་ནང་ལག་བསྟར་བྱེད་མི་ཐུབ་པའི་འགན་ལེན་དང་རྒྱ་ནག་གཞུང་ཚབ་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་བཟོད་བསྲན་བྱེད་རྒྱུ་མིན་པའི་ཉེན་བརྡ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག དེ་ཡང་ཟླ་འདིའི་ཚེས་ ༢༠ ཉིན་དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ Dan Jarvis ལགས་དང་དེ་བཞིན་དབྱིན་ཇིའི་གཞུང་གིས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ལས་དོན་ཐོག་ཕྱག་ལས་གནང་མཁན་བློན་ཆེན་གཞོན་པ་ལྕམ་སྐུ།  Baroness Winterton of Doncaster གཉིས་ལ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་ལྕམ་ Alicia Kearns ལགས་ཀྱིས་ཕུལ་བའི་ཞུ་ཡིག་དེའི་ནང་། ཁོང་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གཞི་གསར་པ་དེར་སེམས་འཚབ་གནང་གི་ཡོད་པ་དང་ཁྲིམས་གཞི་དེས་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་དེ་མི་རིགས་གྲངས་ཉུང་དང་སྐྱོན་བརྗོད་བྱེད་མཁན་ཚོར་མཐའ་མཚམས་ལས་བརྒལ་ནས་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསུངས་ཏེ་དབྱིན་ཇིའི་གཞུང་ལ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དེ་དབྱིན་ཇིའི་རྒྱལ་ཁབ་ནང་ལག་བསྟར་མི་བྱེད་པའི་འགན་ལེན་དང་རྒྱ་ནག་གཞུང་ཚབ་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་བཟོད་བསྲན་བྱེད་རྒྱུ་མིན་པའི་ཉེན་བརྡ་གཏོང་དགོས་པའི་ནན་བརྗོད་གནང་འདུག དེ་བཞིན་ལྕམ་སྐུ་ཉིད་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ཞེས་པ་ལག་བསྟར་བྱས་ཏེ། བོད་པ་དང་། ཡུ་གུར་བ། སོག་པོ་ལྟ་བུའི་མི་རིགས་ཉུང་ཤས་ཀྱི་རྒྱ་རིགས་མ་ཡིན་པའི་རང་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རྣམ་འགྱུར་སྟོན་རྒྱུ་དེ་ནག་ཉེས་སུ་རྩིས་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་མཁན་ཧོང་ཀོང་གི་མི་སེར་རྣམས་ལ་ཡང་ཁྲིམས་ཐོག་ནས་དཀའ་ངལ་གསར་པ་བཟོས་ཡོད་པ་གསུངས་འདུག ལྷག་པར་དུ་ཁྲིམས་གསར་པ་འདིའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གནོད་སྐྱོན་གཏོང་བར་བཀག་སྡོམ་བྱེད་པའི་ཆ་རྐྱེན་འཁོད་ཡོད་ཅིང་།  དོན་ཚན་ ༦༣ པའི་ནང་དུ་ཁྲིམས་ཀྱི་འགན་འཁྲི་དེ་རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་མི་སྒེར་དང་མི་སེར་ཚོར་ཡང་ཁྱབ་པར་བཟོས་འདུག་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་དོན་དངོས་ཐོག་འཛམ་གླིང་གི་ས་གནས་གང་སར་ཡོད་པའི་མི་སུ་འདྲ་ཞིག་ཡིན་རུང་། ཚོགས་པའི་སྣེ་ཁྲིད་འོག་གཅིག་གྱུར་བཟོ་བའི་ལས་གཞིར་ངོ་རྒོལ་བྱེད་མཁན་ཚང་མ་ནག་ཉེས་ཅན་དུ་སྒྱུར་ཐབས་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག ད་དུང་ཁྲིམས་འདིས་མི་རྣམས་རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་བཞིན་པའི་སྐབས་སུའང་ཤུགས་རྐྱེན་ཐེབས་ཐུབ་པ་སྟེ། དཔེར་ན་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ལྟ་བུ་རེད་ཅེས་དང་ལྷག་པར་དུ་དབྱིན་ཡུལ་ནང་གནས་སྡོད་བྱེད་བཞིན་པའི་ཧོང་ཀོང་བ་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་འཇིགས་སྐུལ་དང་འཇིགས་སྣང་གི་གནས་ཚུལ་འཕྲད་བཞིན་ཡོད་པ་མ་ཟད། ཧོང་ཀོང་གི་མང་གཙོའི་དོན་གཉེར་བ་ཁག་ཅིག་བཟུང་ནས་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་མཁན་ལ་བྱ་དགའི་དངུལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་དེ་བཞིན་ཁོ་ཚོ་བཙན་འཕྲོག་གིས་རྒྱ་ནག་གཞུང་ཚབ་ཁང་དུ་འཁྲིད་མཁན་ལའང་དངུལ་སྤྲོད་རྒྱུའི་གནས་ཚུལ་ཡང་ཐོན་ཡོད་པ་ལུང་འདྲེན་གནང་སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་འཇིགས་སྐུལ་གྱི་ཁྲིམས་འདི་དབྱིན་ཡུལ་ནང་ལག་བསྟར་མི་བྱེད་པའི་ཆེད་དུ། གཞུང་གིས་གོམ་པ་གང་ཞིག་སྤོས་ཡོད་དམ་ཞེས་པའི་འདྲི་བ་བཏང་འདུག མ་ཟད་གྲོས་ཚོགས་འཐུས་མི་ཁོང་ནས་མི་མང་པོ་ཞིག་གིས་བོད་ཀྱི་ཆོས་ལུགས་ཉམས་ལེན་བྱེད་པའམ་ཡུ་གུར་གྱི་རིག་གནས་སྲོལ་རྒྱུན་ལ་བསྟེན་པ་ཙམ་གྱིས་ཀྱང་། རང་ཉིད་དམ་རང་གི་ནང་མི་ཚོར་དམིགས་འབེན་བཟུང་ཡོང་སྙམ་པའི་སེམས་འཚབ་གནང་བཞིན་ཡོད་པ་དང་། ལྷག་པར་དུ་དབྱིན་ཇིའི་ཕྱི་སྲིད་དང་འཕེལ་རྒྱས་ལས་ཁུངས་ནས་རྒྱ་ནག་གཞུང་ཚབ་ཁང་ལ། དབྱིན་ཇིའི་ས་ཐོག་ཏུ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ནམ་ཁྲིམས་ལུགས་འདི་ཉིད་ལག་བསྟར་བྱེད་རྩིས་བྱེད་པར་དབྱིན་གཞུང་གིས་བཟོད་བསྲན་མེད་པའི་བརྡ་ལན་སྤྲད་ཡོད་དམ་ཞེས་པའི་འདྲི་བ་བཏང་བ་དང་ཆབས་ཅིག །ཁྲིམས་འདི་ནི་རྒྱ་ནག་དམར་ཤོག་ཚོས་པས་རང་གི་སྒེར་གཅོད་དབང་སྒྱུར་དེ་རྒྱལ་སྤྱིའི་ཐོག་རྒྱ་སྐྱེད་གཏོང་བའི་གོམ་སྟོབས་གཞན་ཞིག་ཡིན་པ་དང་གལ་ཏེ་སྔོན་འགྲོའི་གྲ་སྒྲིག་དང་ཟློག་ཐབས་རན་པོ་མ་བྱས་ན། རང་གི་མི་རིགས་ཀྱི་རྒྱབ་ལྗོངས་དང་རྒྱ་ནག་དམར་ཤོག་ཚོགས་པའི་རེ་བ་ལྟར་མ་བྱས་པའི་རྐྱེན་གྱིས་ཉེས་མེད་མི་སེར་ཚོ་ལ་ཆད་པ་ཕོག་སྲིད་པར་ནན་བརྗོད་གནང་འདུག

Chris Law ལགས་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐྱར་དུ་འོས་འདེམས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་བསྐྱར་ནན། 

དབྱིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Law ལགས་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བསྐྱར་དུ་འོས་འདེམས་ཀྱིས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༢༧ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ Portcullis House ཚོགས་ཁང་ནང་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལོ་འཁོར་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gill Furniss ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། དངོས་གཞི་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྟེ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Law ལགས་བསྐྱར་དུ་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་བ་དང་ལྷན། གྲོས་ཚོགས་འཐུས་མི་ Lord Alton ལགས་དང་གྲོས་ཚོགས་འཐུས་མི་ Luke Akehurst ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ Lord Melnness ལགས་བཅས་ཚོགས་གཙོ་གཞོན་པར་འོས་འདེམས་དང་། གྲོས་ཚོགས་འཐུས་མི་ Kerry McCarthy ལགས་ཚོགས་པའི་ཚོགས་མི་གསར་པར་འོས་འདེམས་བྱུང་འདུག ཚོགས་འདུའི་ཐོག་ཚོགས་གཙོ་གསར་པ་ Chris Law ལགས་ཀྱིས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཁོང་ལ་བསྐྱར་དུ་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་དང་འབྲེལ། ཚོགས་པའི་ངོས་ནས་གྲོས་ཚོགས་ནང་བོད་ཀྱི་གནད་དོན་སྔར་ལྷག་གླེང་ཐུབ་པ་བྱེད་རྒྱུ་ཁས་ལེན་ཞུས་འདུག་པ་མ་ཟད། དེ་སྔ་དབྱིན་ཡུལ་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུའི་སྐལ་པ་བཟང་པོ་ཐོབ་པའི་དུས་བཟང་དེ་བཞིན་དྲན་གསོ་གནང་འདུག  གཞན་ཡང་ཚོགས་པའི་ཚོགས་གཞོན་གསར་པ་གྲོས་ཚོགས་འཐུས་མི་ Lord Alton ལགས་ནས་ཚོགས་པའི་ཚོགས་མི་ཚང་མའི་ཚབ་ཞུས་ཏེ་ཚོགས་གཙོ་གསར་པ་ Chris Law ལགས་ཀྱིས་ད་བར་ཚོགས་པའི་འགན་ཁུར་ཐོག་ཕུལ་བྱུང་གི་ཕྱག་ལས་གནང་བར་ཆེ་བསྟོད་དང་ཡིད་རངས་བསྔགས་བརྗོད་ཞུས་འདུག ཕྱོགས་མཚུངས་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས། ཚོགས་གཙོ་གསར་པ་ Chris Law ལགས་དང་གཞན་ཡང་ལས་བྱེད་གསར་པ་རྣམས་ལ་འཚམས་འདྲི་ཞུས་པ་དང་འབྲེལ། ཚོགས་གཙོ་གསར་པ་ Chris Law ལགས་ཀྱི་སྣེ་ཁྲིད་འོག་རེ་བ་ཆེན་པོ་ཡོད་པ་མངོན་གསལ་དང་སྦྲགས། ད་ལྟའི་ཆར་བོད་མགོ་ལོག་ཁུལ་གྱི་སློབ་གྲྭ་གཏན་འཇགས་ཀྱིས་སྒོ་བརྒྱབ་པའི་གནས་ཚུལ་དང་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་མང་དག་ཅིག་གཏོར་བཤིག་བཏང་བའི་ཛ་དྲག་གི་གནས་སྟངས་སོགས་གསལ་སྟོན་གནང་བ་མ་ཟད། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེ་བཞིན་མི་རིགས་མཐུན་སྒྲིལ་ལ་ཁ་གཡར་ནས་དོན་དངོས་སུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་འགྲེལ་བརྗོད་གནང་འདུག གཞན་ཡང་ཚོགས་འདུའི་ཐོག་བོད་དོན་ཆེད་མཁས་པ་ Kate Saunders ལགས་ཀྱིས་བལ་བོད་སྐྱིད་གྲོང་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆགས་དང་འབྲེལ། སྤྱིར་བོད་ཕྱོགས་ཀྱི་གནས་སྟངས་དང་ལྷག་པར་དུ་སྐྱིད་གྲོང་ཁུལ་གྱི་ཡར་རྒྱས་ཀྱི་གནས་བབ་བཅས་ལ་ངོ་སྤྲོད་མདོར་བསྡུས་གནང་འདུག་པ་དང་། རྒྱ་ནག་གི་ཚན་རིག་པ་རྣམས་ནས་ཀྱང་བོད་ནང་གི་ཆུ་མཛོད་ཀྱི་ལས་གཞི་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་བཅས་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་གིས་མཚོན་ཆ་བེད་སྤྱོད་བྱས་པའི་བརྒྱུད་དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་རྣམས་ཀྱི་ལས་འགུལ་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཡོད་པ་གསལ་སྟོན་གྱིས། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་བཅས་ལ་ངོ་རྒོལ་གྱི་རྣམ་པ་མངོན་གསལ་གནང་འདུག གཞི་རྩའི་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་ཐོག་མར་གསར་འཛུགས་གནང་སྟེ་རིམ་པའི་དེབ་སྐྱེལ་ཞུས་ཡོད་པ་མ་ཟད། ཚོགས་པའི་ལས་དོན་གཙོ་བོ་ནི་བོད་དོན་དང་འབྲེལ་བའི་གནད་དོན་ཁག་དབྱིན་ཡུལ་གཞུང་དང་བློན་ཆེན་སོགས་ལ་སྙན་སེང་དང་ཞུ་གཏུགས་གནང་རྒྱུ་ཡིན་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས། དེ་བཞིན་བོད་དོན་དང་འབྲེལ་བའི་ཚོགས་པ་ཁག་དང་འབྲེལ་བ་བྱེད་རྒྱུ་དེ་ཡིན་པ་རེད།

ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་ཡུལ་དེའི་རྒྱལ་ཡོངས་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་ངོས་འཛིན་གནང་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་ Pete Hegseth ལགས་ཀྱིས་ཉེ་ལམ་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་འོག  །ཡུལ་དེའི་ནང་རྒྱ་ནག་གི་ཁུང་ཙི་སློབ་གླིང་ཕལ་ཆེ་བ་སྒོ་བརྒྱབ་ཟིན་ཡོད་ནའང་།  སློབ་གླིང་ཁག་གསར་པ་ ༨༠ ཡིས་སླར་ཡང་མིང་བྱང་དང་རྣམ་པ་འདྲ་མིན་ཐོག་ནས་ཨ་རིའི་མཐོ་སློབ་ཁག་ ༣༠ ཡི་ནང་ལས་དོན་སྤེལ་བཞིན་ཡོད་པ་ལ་སྐྱོན་བརྗོད་དང་འབྲེལ།  སིམ་འཛུལ་གྱིས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་རྒྱ་གཞུང་གི་ཁུང་ཙི་སློབ་གླིང་དེ་དག་ནི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལ་ཉེན་ཁ་ཞིག་ཡིན་པར་ངོས་འཛིན་གྱིས་འདས་པའི་ཟླ་གཉིས་ནང་ཁུང་ཙི་སློབ་གླིང་གསར་པ་དེ་དག་ནུས་མེད་བཏང་ཟིན་ཡོད་སྐོར་འགྲེལ་བརྗོད་ཀྱིས་ཨ་རིིའི་མཐོ་སློབ་ཚང་མས་དེ་འབྲེལ་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་འདུག  དེ་ཡང་ཁ་སང་ཕྱི་ཚེས་ ༢༨ ཉིན་ House Select Committee on China ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།  ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་ Pete Hegseth ལགས་ཀྱིས་ཉེ་ལམ་རྒྱ་གཞུང་གི་མ་དངུལ་རྒྱབ་སྐྱོར་ཡོད་པའི་ཁུང་ཙི་སློབ་གླིང་ཁག་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཞིག་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་དེ་ལུང་འདྲེན་དང་འབྲེལ།  ཚོགས་ཆུང་གི་ཚོགས་གཙོ་ John Moolenaar ལགས་ཀྱིས།  བློན་ཆེན་ཁོང་དང་སྲིད་འཛིན་ཊམ་གཞུང་འཛིན་གྱི་ཐག་ཆོད་དེ་ཡང་དག་པ་ཞིག་དང་།  ཐག་ཆོད་འདིས་རྒྱ་ནག་དམར་ཤོག་ཚོགས་པའི་རྣམ་པ་འདྲ་མིན་གྱི་དྲིལ་བསྒྲགས་ཀྱིས་བཟོས་པའི་ཉེན་ཁ་རྣམས་ལ་མང་ཚོགས་ཀྱིས་དོ་སྣང་སྤྲོད་པར་ཕན་ཐོགས་ཡོད་པ་གསུངས་འདུག   མ་ཟད་རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་མི་མང་དང་ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་རྒྱ་ནག་སྐོར་ཤེས་རྟོགས་ཇི་ལྟར་བྱེད་མིན་ལ་ཤུགས་རྐྱེན་སྤྲད་འདོད་ཡོད་པ་གསུངས་ཏེ།  རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་མི་མང་ལ་རྒྱ་ནག་ནི་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་མཁན་གདུག་རྩུབ་ཅན་གྱི་དབང་ཆ་གཅིག་བསྡུས་ཀྱི་སྲིད་གཞུང་ཞིག་དང་། འཛམ་གླིང་ནང་གི་རྒྱ་རིགས་མི་མང་ཐོག་གཉའ་གནོན་བྱེད་མཁན་ཆེ་ཤོས་དེ་ཡིན་པ་ཤེས་སུ་འཇུག་འདོད་མེད་པ་བཅས།  རྒྱ་གཞུང་གི་ཁུང་ཙི་སློབ་གླིང་དང་དེའི་ཡན་ལག་ལས་ཁུངས་ཁག་གིས་དམིགས་ཡུལ་འདི་བསྒྲུབ་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ནག་ཉེས་རྣམས་སྦས་གསང་བྱེད་པའི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་གི་ཡོད་པ་ཐེར་འདོན་དང་སྦྲགས།  ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྐོར་གྱི་དངོས་ཡོད་བདེན་པའི་གནས་ཚུལ་རྣམས་སློབ་ཁྲིད་བྱེད་དགོས་པ་གསུངས་འདུག གནས་ཚུལ་ནང་གསལ།  སྤྱིར་འདས་པའི་ཕྱི་ཟླ་ ༨ པའི་ནང་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་ Pete Hegseth ལགས་ཀྱིས་བཀོད་ཁྱབ་འོག  །ཨ་རིའི་མཐོ་སློབ་ཁག་ ༣༠ ཡི་ཐོག་བདེ་འཇགས་དང་འབྲེལ་བའི་ཞིབ་འཇུག་རྟོག་ཞིབ་ཅིག་བྱེད་དུ་བཅུག་ཡོད་པ་དང་།  ཞིབ་འཇུག་དེ་བཞིན་ཟླ་བ་འདིའི་འགོ་སྟོད་དུ་མཇུག་སྒྲིལ་གྱིས།  ཨ་རིའི་མཐོ་སློབ་མང་ཆེ་བས་རྒྱ་ནག་དང་འབྲེལ་བའི་ཁུང་ཙི་སློབ་གླིང་དེ་དག་དང་མཉམ་ལས་བྱེད་མཚམས་བཞག་ཡོད་པ་རེད།  དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Moolernaar ལགས་ཀྱིས་ལདས་པའི་ཕྱི་ཟླ་ ༥ པའི་ནང་ Securing Innovation and Research from Adversaries (SIRA) ཞེས་པའི་གསར་གཏོད་དང་ཉམས་ཞིབ་གྲུབ་དོན་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཞིག་ཆེད་འདོན་གནང་ཡོད་པ་དང་།  ཁྲིམས་གཞི་དེས་ཨ་རི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་དང་ཉེན་ཁ་གཞན་རིགས་བཟོ་མཁན་དུ་ངོས་འཛིན་བྱས་པའི་ཚན་པ་ཁག་དང་མཉམ་ལས་བྱེད་མཁན་ཚོར་སྲིད་གཞུང་གིས་རོགས་དངུལ་བེད་སྤྱོད་གཏོང་མི་ཆོག་པར་བཀག་འགོག་བྱེད་ཀྱི་ཡོད་པ་རེད།  སྐུ་ཞབས་ Moolernaar ལགས་ཀྱིས་ད་དུང་ཨ་རིའི་གྲོས་ཚོགས་འོག་མས་དེ་སྔ་གཏན་འབེབས་བྱས་པའི་ཨ་རིའི་སློབ་གྲྭའི་ཁོར་ཡུག་ནང་ཕྱི་རྒྱལ་རོགས་དངུལ་གྱིས་རྒྱབ་སྐྱོར་བྱེད་པའི་ལས་གཞི་ལས་སྲུང་སྐྱོབ་བྱེད་པའི་ཁྲིམས་ཡིག་ PROTECT Our Kids Act ཞེས་སོགས་ཁྲིམས་ཡིག་ཁག་གཅིག་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད།  སྐབས་དེར་གྲོས་ཚོགས་ཀྱི་ལས་རིམ་ཐོག་གསུང་བཤད་ཁྲོད་ཁོང་གིས།  རྒྱ་ནག་དམར་ཤོག་ཚོགས་པས་ཨ རིའི་སློབ་མ་ཚོས་ཅི་ཞིག་སྦྱོང་བརྡར་བྱེད་མིན་ལ་ཤུགས་རྐྱེན་ཐེབས་ཆེད་དུ། བསམ་ཚུལ་བརྗེ་ལེན་གྱི་ལས་གཞི་དང་།  སློབ་ཚན་བཀོད་སྒྲིག་གི་རོགས་དངུལ།  སྤྱི་ཚོགས་བདེ་དོན་གྱི་ཚོགས་པ་བཅས་བེད་སྤྱོད་གཏོང་གི་ཡོད་ཀྱང་།  རྒྱ་ནག་གི་ལོ་རྒྱུས་ཁྲོད་ཀྱི་རིག་གནས་གསར་བརྗེ་དང་།  གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན།  དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་རྩ་མེད་མུ་མཐུད་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་རྣྱས་སྦས་གསང་བྱེད་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད། 

མའོ་ཙེ་ཏུང་སྲིད་དབང་སྒེར་འཛིན་པ་རེད་ཅེས་འགྲེལ་བརྗོད་བྱས་པར་དགོངས་སེལ་ཞུ་དགོས་ཀྱི་མེད་པ་གསུངས་འདུག

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ CCTV ནས་ཨེམ་བ་པེས་མའོ་ཙེ་ཏུང་དང་འབྲེལ་བའི་བཞད་གད་བསླངས་རྐྱེན་སི་པེན་གྱི་རྐང་སྤོལ་རྩེད་འགྲན་གྲགས་ཅན་ La Liga ལཱ་ལི་གཱ་རྒྱང་སྲིང་རྒྱ་ནག་ནང་བཀག་སྡོམ་བྱས་ཏེ། དགོངས་སེལ་ཞུ་དགོས་པ་བཤད་འདུག་ཀྱང་། རྒྱ་ནག་དམར་གཞུང་དང་ལངས་ཕྱོགས་མི་མཐུན་མཁན་ཚོས་མའོ་ཙེ་ཏུང་ནི་སྲིད་དབང་སྒེར་འཛིན་པ་རེད་ཅེས་གསུངས་ཏེ། Kylian Mbappé གྱིས་མའོ་ཙེ་ཏུང་སྲིད་དབང་སྒེར་འཛིན་པ་རེད་ཅེས་འགྲེལ་བརྗོད་བྱས་པར་དགོངས་སེལ་ཞུ་དགོས་ཀྱི་མེད་པ་གསུང་བཞིན་འདུག དེ་ཡང་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་ Kylian Mbappé ལགས་ཀྱིས་མའོ་ཙེ་ཏུང་ལ་དྲྭ་ཐོག་སྲིད་དབང་སྒེར་འཛིན་པ་ཞེས་འབོད་ནས་འཕྱ་སྨོད་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་ཁེ་ལས་ཆེན་པོ་གཉིས་ཀྱིས་ཁོལ་ལ་དཔལ་འབྱོར་མཐུན་འགྱུར་བྱེད་མཚམས་བཞག་པ་དང་། ལྷག་པར་སི་པེན་གྱི་རྐང་སྤོལ་རྩེད་འགྲན་གྲགས་ཅན་ La Liga ལཱ་ལི་གཱ་རྒྱང་སྲིང་རྒྱ་ནག་ནང་བཀག་སྡོམ་ཙམ་མ་ཟད། གནད་དོན་འདིའི་རྐྱེན་པས་ཁོང་ལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཐོག་སྐྱོན་བརྗོད་དང་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་ཡོང་བཞིན་པའི་ཁྲོད། ཁ་སང་ཁོང་གིས་དེ་འབྲེལ་དགོངས་སེལ་ཞུས་ཡོད་ཀྱང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གཙོས་རྒྱ་ནག་དམར་གཞུང་དང་ལངས་ཕྱོགས་མི་མཐུན་མཁན་ཚོས་མའོ་ཙེ་ཏུང་ནི་སྲིད་དབང་སྒེར་འཛིན་པ་རེད་ཅེས་གསུངས་ཏེ། Kylian Mbappé གྱིས་མའོ་ཙེ་ཏུང་སྲིད་དབང་སྒེར་འཛིན་པ་རེད་ཅེས་འགྲེལ་བརྗོད་བྱས་པར་དགོངས་སེལ་ཞུ་དགོས་ཀྱི་མེད་པ་གསུང་བཞིན་འདུག མ་ཟད། དེ་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གིས་ X སྤྱི་ཚོགས་དྲྭ་ལམ་ཐོག །མའོ་ནི་སྲིད་དབང་སྒེར་འཛིན་པ་ཞིག་ཡིན་པ་དང་། ཁོས་རྒྱ་ནག་གི་མི་དམངས་ལ་གནོད་འཚེ་བཟོས་པ་ནི་རྐང་རྩེད་སྤོ་ལོའི་རྩེད་མོ་བ་ཞིག་གི་སྐད་ཆ་ལས་ལྡབ་ཀྱིས་ཆེ་བ་ཡིན་སྐོར་ཙམ་མ་ཟད།མའོ་ནི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་བྱས་པའི་བརྒྱུད་ཁོའི་སྲིད་དབང་སྒེར་གཅོད་དང་གོད་ཆག་གི་སྲིད་ཇུས་ཀྱིས་རིག་གནས་གསར་བརྗེ་དང་། མུ་གེ་ཆེན་པོ། དེ་མིན་གྱི་དྲག་གནོན་ཅན་གྱི་སྲིད་བྱུས་འོག །རྒྱ་ནག་གི་མི་དམངས་ས་ཡ་མང་པོ་བསད་ཡོད་པས། ཨེམ་བ་པེས་མའོ་ཙེ་ཏུང་ལ་སྲིད་དབང་སྒེར་འཛིན་པ་ཞེས་འབོད་པར་དགོངས་དག་ཞུ་དགོས་ཀྱི་མེད་ཅེས་གསུངས་འདུག དེ་བཞིན་ཕྱི་ལོ་ ༡༩༢༡ ལོའི་རྒྱ་ནག་དམར་གཞུང་གི་ཐོག་མའི་རྒྱལ་ཡོངས་ཚོགས་ཆེན་ནས་འགོ་བཙུགས་ཏེ་མའོ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་དྲག་གནོན་དང་ལྟ་བ་གཙང་སེལ་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་མཁན་གྱི་སྒྲིག་འཛུགས་ལྟ་བུར་སྣང་གི་ཡོད་ཐོག །ཁོང་གི་སྲིད་དབང་འོག་རྒྱ་རིགས་མང་ཚོགས་རྣམས་ལ་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གཞི་རྩའི་ཐོབ་ཐང་གང་ཡང་མེད་པའི་གནས་སྟངས་ཆགས་ཡོད་སྟབས། རང་དབང་འདི་དག་ནི་ཨེམ་བྷ་པེ་དང་འཛམ་གླིང་གི་མི་དམངས་ས་ཡ་མང་པོས་ལོངས་སྤྱོད་བྱེད་པའི་ཐོབ་ཐང་ཡིན་པ་མངོན་གསལ་གྱིས། ཨེམ་བྷ་པེ་ཡིས་གོ་སྐབས་འདི་ཉིད་དམ་འཛིན་ཐོག་མའོ་ཡི་སྲིད་དབང་སྒེར་གཅོད་ཀྱི་འཇིགས་སྣང་ཆེ་བའི་བདེན་དོན་དེ་རྒྱལ་སྤྱིར་གསལ་སྟོན་གནང་དགོས་གལ་ཡིན་པ་གསུངས་འདུག ད་དུང་ཚོང་ལས་ཁང་ཁག་གིས་རྒྱ་གཞུང་ལ་འདི་ལྟ་བུའི་གནད་དོན་རྐྱེན་པས་དགོངས་དག་ཞུ་རྐྱང་བྱས་ནས་རྒྱ་ནག་ནང་ཚོང་ལས་བྱེད་ཐུབ་པ་བྱེད་པ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་ཆབས་ཅིག །དེའི་ཤུགས་ལ་རྒྱ་གཞུང་ལ་རང་གི་མང་ཚོགས་གཙོས་རྒྱའི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་རང་དབང་རྡོག་རོལ་གཏོང་བར་ཕན་ནུས་སྦྱིན་གྱི་ཡོད་པས་དེ་དོན་ཡིད་གཟབ་དགོས་པའི་ཞུ་སྐུལ་གནང་འདུག གཞི་རྩའི་མའོ་ཙེ་ཏུང་ལ་འཕྱ་སྨོད་བྱས་པའི་རྐྱེན་རྒྱ་ནག་གི་ཁེ་ལས་ཆེན་པོ་གཉིས་ཀྱིས་ Kylian Mbappé དང་ཚོང་འབྲེལ་གན་རྒྱ་མཚམས་འཇོག་བྱས་པའི་གནད་དོན་དེ་ནི་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེའང་དེ་སྔ་རྒྱ་རིགས་མང་ཚོགས་ནས་ Winnie the Pooh ཞེས་པའི་དོམ་ཕྲུག་རྒྱགས་པ་རིལ་རིལ་དེའི་ཕྱིའི་གཟུགས་ཀྱི་ཁྱད་ཆོས་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་མཚུངས་བསྡུར་གྱིས་བསྟན་བཤིག་སློང་གི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲྭ་རྒྱ་སོགས་ཀྱི་སྟེང་དོམ་ཕྲུག་དེའི་འགུལ་རིས་དང་དེའི་མིང་སོགས་སྤྱོད་རྒྱུར་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་མ་ཟད། Winnie the Pooh གློག་བརྙན་དེ་ད་ལྟ་ཡིན་ནའང་རྒྱ་ནག་ནང་ཡོངས་བསྒྲགས་ཐོག་བཀག་སྡོམ་བྱས་ཡོད་པ་རེད།

Latest news