རྒྱལ་སྤྱི།
༸གོང་ས་མཆོག་གིས་འདི་ལོའི་སྣོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ནཱ་ཝི་པི་ལེ་ལགས་སུ་འཚམས་འདྲི་མཛད་འདུག
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ Navi Pillay ནཱ་ཝི་པི་ལེ་ལགས་སུ་ཁོང་གི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཞི་བདེའི་ཐོག་གི་འབད་བརྩོན་ལ་ངོས་འཛིན་དང་འབྲེལ་ནས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་འདུག
འཚམས་འདྲིའི་གསུང་འཕྲིན་དེའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་ནཱ་ཝི་པི་ལེ་ལགས་སུ། སྐུ་ཉིད་ཀྱིས་འཛམ་གླིང་ཁྲོད་གཞི་རྩའི་ཐོབ་ཐང་མ་ཐོབ་པའི་མང་ཚོགས་ཀྱི་འཐབ་རྩོད་ཆེད་དུ་སོ་སོའི་སྐུ་ཚེ་ཧྲིལ་པོ་བཏང་གནང་བར་ཡིད་རངས་བསྔགས་བརྗོད་དང་འབྲེལ། ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་ལྡན་པའི་ཁྲིམས་ཞིབ་ཁང་། དེ་བཞིན་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཡོད་པའི་རྒྱལ་ཁབ་ཅིག་ནི་རང་གི་མི་མང་ལ་ཞབས་འདེགས་དང་ལྷན་དུ་རྒྱ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་ཐུབ་པའི་གནས་ལེགས་ཤོས་དེ་ཡིན་པར་༸གོང་ས་མཆོག་སྐུ་ཉིད་ཀྱི་ངོས་ནས་ཡུན་རིང་ཐུགས་ཡིད་ཆེས་མཛད་བཞིན་ཡོད་པ་བཀའ་སྩལ་འདུག
༧གོང་ས་མཆོག་གིས་གསུང་འཕྲིན་ནང་ད་དུང་། ༸གང་ཉིད་མཆོག་བོད་པ་ཞིག་ཡིན་པའི་ཆ་ནས། ལྕམ་སྐུ་ཁོང་ནས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཙོ་འཛིན་གྱི་ཐུགས་འགན་བཞེས་པའི་སྐབས། རྒྱ་ནག་ལ་གནོན་ཤུགས་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་སེལ་ཐབས་སླད་འབད་བརྩོན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་མཛད་འདུག
མ་ཟད། ༸གོང་ས་མཆོག་ནས་ནཱ་ཝི་པི་ལེ་ལགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོངས་སུ་ཕེབས་པར་དགའ་བསུ་མཛད་པ་དང་འབྲེལ། འཛམ་གླིང་འདི་ཉིད་ང་ཚོ་ཚང་མའི་ཆེད་དུ་ཆེས་ལེགས་པའི་ཕྱོགས་སུ་བསྐྱོད་ཐུབ་པར་ལྕམ་སྐུ་ཉིད་ཀྱི་ངོས་ནས་མུ་མཐུད་ལེགས་སྐྱེས་འབུལ་རྒྱུར་རེ་སྒུག་མཛད་བཞིན་ཡོད་པ་བཀའ་སྩལ་འདུག
ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་སྙན་ཐོ་གསར་པའི་ནང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ནན་པོ་བྱས་པ།
ཁ་ཉིན་ཕྱི་ཚེས་ ༧ ཉིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་སྐོར་དང་འབྲེལ་བའི་གལ་ཆེའི་སྙན་ཐོ་ཞིག་ཡུ་རོབ་གྲོས་ཚོགས་ནང་དུ་གྲོས་ཚོགས་འཐུས་མི་ ༤༥༤ ཡི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་བརྒྱུད་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག
དེ་ཡང་སྙན་ཐོ་འདི་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་གྱི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ Hilde Vautmans ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚབ་མཚོན་ཟིན་བྲིས་བཀོད་པ་ཞིག་ཡིན་པ་དང་། སྙན་ཐོ་འདིས་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་དང་སྐད་ཡིག །ཆོས་དང་རིག་གཞུང་བཅས་རྩ་མེད་གཏོང་སྟེ། བཙན་དབང་གི་མི་རིགས་མཉམ་བསྲེས་དང་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་རྣམས་ལ་སྐྱོན་བརྗོད་ནན་པོ་བྱས་འདུག
ཡུ་རོབ་གྲོས་ཚོགས་ཀྱི་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་ཤོག་གྲངས་ ༢༠ ཅན་གྱི་སྙན་ཐོ་དེའི་ནང་། རྒྱ་ནག་གིས་བོད་ནང་དུ་ཐབས་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་མ་ཟད། རྒྱ་ནག་གིས་བོད་ནང་གི་མནའ་བོའི་རིག་གནས་ཤུལ་བཞག་གི་ལྟེ་གནས་རྩ་གཏོར་བཏང་བ་དང་། རྒྱ་ཁྱབ་ཀྱི་ལྟ་སྲུང་དམ་དྲག་བྱས་པ། དེ་བཞིན་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པ་སོགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་དུ་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་བཙན་དབང་གི་ཁ་བྲལ་བཏང་སྟེ་བཙན་དབང་གི་མི་རིགས་རྒྱ་སྒྱུར་དང་མཉམ་བསྲེས་ཀྱི་སློབ་སྦྱོང་སྤྲད་བཞིན་པ་དང་འབྲེལ། བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེས་བོད་པའི་བྱིས་པ་ཚོ་ཕ་མ་ཁ་བྲལ་བཏང་བའི་སེམས་ཁམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ཡོངས་རྫོགས་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་སྟབས། བཅའ་སྡོད་སློབ་གྲྭའི་འགྲོ་ལུགས་དེ་འཕྲལ་མར་མཚམས་འཇོག་བྱེད་དགོས་པ་གསུངས་འདུག
ཡུ་རོབ་གྲོས་ཚོགས་ཀྱི་ཐེངས་འདིའི་སྙན་ཐོའི་བརྒྱུད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་གི་ཐོག་ལ་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་རྒྱུའི་བདག་དབང་རྩོད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ནན་པོ་དང་འབྲེལ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་བློས་གཏོང་བྱ་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་གསུངས་འདུག
གཞན་ཡང་རྒྱ་ནག་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐོར་ལ་གནས་ཚུལ་ཕྱི་གསལ་བྱེད་དགོས་སྐོར་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་དེ་དག་ནི་བོད་ཁོ་ན་མ་ཡིན་པར། རྒྱ་ནག་ནང་གཞུང་གིས་ཁས་ལེན་དང་ཚོད་འཛིན་བྱེད་པའི་ཆོས་ལུགས་ཚོགས་པའི་ཕྱི་རོལ་དུ་གནས་པའི་ཆོས་དད་པ་ཚོར་བཀག་སྡོམ་བྱེད་པའི་སྤྱི་ཡོངས་ཀྱི་གནས་བབ་ཅིག་གི་ཆ་ཤས་ཡིན་པའི་སྐྱོན་བརྗོད་གནང་འདུག
སྙན་ཐོའི་ནང་ད་དུང་། ཉེ་ལམ་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བལ་བོད་ས་མཚམས་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཁྲོད། ས་མཚམས་ཕྱོགས་གཉིས་ཀར་གོད་ཆགས་དང་ཤི་རྨས་ཀྱི་དོན་རྐྱེན་ཤུགས་ཆེ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྐྱེན་འདས་ཀྱི་གྲངས་ཀ་ཚད་ལྡན་ཕྱི་གསལ་མ་བྱས་པ་དང་། ཆུ་ལོག་ནས་ཐར་པའི་མི་རྣམས་ཀྱི་མྱོང་བའི་སྐོར་བཤད་པ་རྣམས་སྤྱི་ཚོགས་དྲྭ་ལམ་ནས་ནག་སུབ་བཏང་བ་མ་ཟད། མང་ཚོགས་རྣམས་ལ་ཆུ་ལོག་གི་གོད་ཆགས་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་བྱས་པ་སོགས་རྒྱ་ནག་གི་ཚད་མཐོའི་གནས་ཚུལ་དམ་དྲག་མངོན་གསལ་དང་འབྲེལ། དམ་དྲག་དེ་དག་གི་རྐྱེན་པས་འགན་ཁུར་ལེན་འདེབས་བྱ་རྒྱུར་དོ་ཕོག་གཏོང་གི་ཡོད་སྟབས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་རོགས་སྐྱོར་ཚོགས་པ་རྣམས་གནོད་འཚེ་ཕོག་པའི་ས་ཁུལ་དུ་རང་དབང་ངང་བསྐྱོད་བཅུག་དགོས་པ་གསུངས་འདུག
དེ་བཞིན་རྒྱ་ནག་གི་རྒྱ་སྐྱེད་འགྲོ་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དཔོན་རིགས་ལྷན་དུ་ཆབ་སྲིད་ཀྱི་འབྲེལ་བ་ནམ་བྱུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པ་དང་། ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་ཁོ་ན་མ་ཡིན་པར། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་འདི་གལ་ཆེ་བའི་ཆ་ཤས་ཤིག་ཏུ་བཞག་དགོས་པ། མ་ཟད་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ནང་དུ་རྒྱ་ནག་གི་ཁྲིམས་འགལ་དང་གསང་བའི་ཉེན་རྟོག་ལས་ཁུངས་ཡོངས་རྫོགས་འཕྲལ་མར་སྒོ་རྒྱག་དགོས་པ་ཚིག་བརྗོད་ནན་པོའི་ཐོག་གསུངས་འདུག
སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ད་ལན་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ་དེར་ཚད་མཐོའི་རྒྱབ་སྐྱོར་གནང་བ་དེས་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། དེས་རྒྱ་ནག་ཐོག་བོད་མིའི་ཆོས་དང་རིག་གཞུང་གིས་ཐོབ་ཐང་སྲུང་སྐྱོབ་མིང་དོན་མཚུངས་པ་བྱ་དགོས་པའི་གནོན་ཤུགས་སྤྲད་པའི་ཡུ་རོབ་ཐུན་མོང་གྱི་དགོས་འདུན་ཞིག་ཀྱང་མཚོན་གྱི་ཡོད་པ་གསུངས་ཏེ། ཡུ་རོབ་གྲོས་ཚོགས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག
ཕྱི་ལོ་ ༢༠༢༦ ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་དེ་ནཱ་ཝི་པི་ལེ་ལགས་སུ་ཕུལ་འདུག
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ནཱ་ཝི་པེ་ལེ་ལགས་ཀྱིས་ཞི་བདེ་དང་། རྒྱལ་སྤྱིའི་སྤྱི་སྲོལ་ཁྲིམས་ཡིག་གོང་སྤེལ་བཏང་བར། ནོར་ཝེའི་ནོ་ཝེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་ཁོང་མོར་ཕུལ་ཡོད་པའི་གསལ་བསྒྲགས་གནང་འདུག
ནོ་ཝེལ་གཟེངས་རྟགས་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་པེ་ལི་ལགས་ཀྱིས། དམག་གི་ཉེས་ཅན་པ་དང་། འགྲོ་བ་མིའི་རིགས་ལ་བཙན་རྒོལ། མི་རིགས་རྩ་མེད་བཟོ་མཁན་རྣམས་ཁྲིམས་ལ་སྦྱར་རྒྱུར་ཐུགས་འགན་ཆེན་པོ་བཞེས་ཡོད་པ་བསྒྲགས་འདུག
དེ་བཞིན་བསྒྲགས་གཏམ་ནང་དུ། ད་ལྟའི་དུས་སྐབས་སུ་དམག་འཁྲུག་མང་དུ་ཕྱིན་པའི་རྐྱེན་གྱིས་འགྲོ་བ་མིའི་འཚོ་གནས་ལ་ཉེན་ཁ་ཕྲད་བཞིན་པའི་དུས་ལ། རྒྱལ་སྤྱིའི་ཁྲིམས་ཡིག་ནི་ཞི་བདེ་དང་བདེ་འཇགས་ཀྱི་རྒྱབ་རྟེན་ཙམ་མ་ཡིན་པར། ངེས་པར་དུ་མཁོ་བའི་གནད་དོན་ཞིག་ཡིན། ཞེས་བརྗོད་འདུག
ནོ་ཝེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཇོན་གན་ཝཊ་ནི་ Jorgen Watne Frydnes ལགས་ཀྱིས། རྒྱལ་སྤྱིའི་ཁྲིམས་ཡིག་ལ་ད་ལྟའི་དུས་སུ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མ་ཟད། དེའི་སྒྲིག་འཛུགས་ཁག་ལའང་བཙན་རྒོལ་བྱེད་བཞིན་ཡོད་དུས། ཟིང་འཁྲུག་དང་ལམ་ལུགས་བར་དབྱེ་བ་འབྱེད་མཁན་དེ་ཁྲིམས་རྩོད་པ་ཚོ་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག
གཞི་རྩའི་ནཱ་ཝི་པི་ལེ་ལགས་ནི། ལྷོ་ཨ་ཕི་རི་ཀར་རྒྱ་གར་ཏ་མིལ་གྱི་ནང་མི་ཞིག་ཏུ་འཁྲུངས་ཡོད་པ་དང་། ཕྱིས་སུ་ཁོང་ཉིད་རིགས་རུས་དབྱེན་འབྱེད་ལ་ངོ་རྒོལ་གནང་མཁན་ཁྲིམས་རྩོད་པ་ཞིག་ཏུ་གྱུར་ནས། ནལ་སོན་མན་ཊི་ལ་མཆོག་སོགས་རིགས་རུས་དབྱེན་འབྱེད་ཀྱི་འཐབ་རྩོད་པ་མང་པོར་རྒྱབ་སྐྱོར་ཕན་གྲོགས་གནང་འདུག
ནོ་ཝེལ་གཟེངས་རྟགས་ལྷན་ཚོགས་ནས་ཁོང་གིས་རྒྱལ་སྤྱིའི་དྲང་བདེན་གྱི་ཁྲིམས་ཡིག་སྲ་བརྟན་དང་། དམག་གི་ཉེས་ཅན་པ་དང་འགྲོ་བ་མི་རིགས་ལ་གནོད་སྐྱོན་བཙན་འགེལ་བྱེད་མཁན་རྣམས་ལ་དྲང་པོའི་ཁྲིམས་བཅད་བཏང་བའི་བྱ་གཞག་ལ་ངོས་འཛིན་ཆེ་མཐོང་གནང་འདུག
ཨ་རིའི་སྲིད་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བཤད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་སྲིད་གཞུང་ནས་ད་དབར་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་དང་། སླད་མར་ཡང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༥ ནས་ ༢༠ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཡུ་རོབ་ཁུལ་ཛུ་རིག ཅེཀ་སྤྱི་མཐུན་རྒྱལ་ཁབ། འཇར་མ་ནི་བཅས་སུ་ཚོགས་འདུ་དང་གནད་ཡོད་མི་སྣ་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་ལྟར། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས WION གསར་ཁང་གི་བཅར་འདྲིར་དང་ལེན་གནང་བའི་ཁྲོད། ཨ་རི་གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག
རྩ་བའི་དེ་སྔོན་ཕྱི་ཟླ་ ༨ པའི་ནང་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལ་དྭགས་སུ་བསྐྱོད་ཡོད་པ་དང་སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་འཆར་གཞི་སྒྲིག་ཡོད་ཀྱང་མཇལ་འཕྲད་བྱུང་ཐུབ་མེད་པའི་གནས་ཚུལ་མི་ཉུང་བ་ཞིག་ཐོན་པ་དང་འབྲེལ་ནས་བཅར་འདྲིར་གནང་བ་ཞིག་ཡིན་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་རྩ་བའི་ཨ་རིའི་གཞུང་ཚབ་པ་ Sergio Gor མཆོག་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་བྱུང་ཡོད་པ་དང་། འདི་ལོར་ཕྱི་ཟླ་ ༨ པའི་ནང་ཁོངསྐུ་ཉིད་ལ་དྭགས་སུ་བསྐྱོད་པ་དང་མཉམ་དུ་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་འཆར་གཞི་བང་སྒྲིག་ཡོད་ཀྱང་དོན་དངོས་སུ་མཇལ་འཕྲད་བྱུང་ཐུབ་མེད་པ་དང་། དེའི་གནད་དོན་ཞིབ་ཕྲ་ཤེས་ཀྱི་མེད་ཀྱང་། མཇལ་འཕྲད་གནང་ཐུབ་མེད་པའི་རྒྱུ་མཚན་དེ་རྒྱ་ནག་དང་རྩ་བ་ནས་འབྲེལ་བ་མེད་ཅེས་ནན་བརྗོད་གནང་འདུག
མ་ཟད་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་ཨ་རི་གཉིས་དབར་འབྲེལ་བ་ཡག་པོ་ཡོད་པ་འགྲེལ་བརྗོད་དང་སྦྲགས། ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེར་གནང་བཞིན་ཡོད་པ་དང་ཕྱི་སྲིད་བློན་ཆེན་ Rubio མཆོག་ནས་ཀྱང་དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། རྗེས་སུ་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་སྐབས་བོད་དོན་དང་འབྲེལ་བའི་གནད་དོན་མང་དག་ཅིག་་གླེང་སློང་གནང་ཡོད་པ་གསལ་སྟོན་གནང་འདུག
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཉེ་ཆར་ཟླ་ ༩ ཚེས་ ༣༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་གནད་དོན་དང་བོད་རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ནང་གི་གསར་ཁང་གཞན་ཞིག་ལ་བཅར་འདྲི་གནང་བའི་ཁྲོད། རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་མ་ཟད། ལྷག་པར་འདས་པའི་ལོའི་ནང་མི་རིགས་རྩ་གཏོར་གྱི་བྱ་འགུལ་ཤུགས་ཆེ་སྤེལ་བཞིན་པའི་ཁྲོད། ཉེ་ལམ་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་རྩ་མེད་གཏོང་ཉེན་ཡིན་པ་གསུངས་འདུག
གཞི་རྩའི་དེ་རིང་ཞོགས་པ་སྲིད་སྐྱོང་མཆོག་སུད་སིའི་ Zurich ནང་ཕེབས་འབྱོར་བྱུང་ཡོད་པ་དང་འབྲེལ། སུད་སིར་གཞུང་འབྲེལ་འཚམས་གཟིགས་ཁྲོད་ཕྱི་ཚེས་ ༡༠ ཉིན་མི་མང་ལ་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། སུད་སི་མཛད་རིམ་གྲུབ་མཚམས་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་ གླེང་སྟེགས་ ༢༠༠༠ གི་ཚོགས་ཆེན་ཐེངས་ ༣༠ པའི་ཐོག་ཕེབས་བཞུགས་གནང་རྒྱུ་དང་། དེ་རྗེས་འཇར་མ་ནིར་གཞུང་འབྲེལ་ལས་དོན་མུ་མཐུད་གནང་རྒྱུ་ཡིན་པ་རེད།
ཨེ་རི་ཛོ་ནཱ་ཡིས་རྒྱ་ནག་གི་ཉེན་བརྡ་ལ་མ་ལྟོས་པར་ཐའེ་ཝན་དོན་གཅོད་ཁང་གསར་པ་སྒོ་འབྱེད་བྱས་འདུག
རྒྱ་ནག་གཞུང་གིས་བཀག་འགོག་བྱེད་པའི་གནོན་ཤུགས་ལ་མ་ལྟོས་པར། ཨ་རིའི་ Arizona མངའ་སྡེའི་སྤྱི་ཁྱབ་ Katie Hobbs ལགས་ཀྱིས་རེས་གཟའ་ཟླ་བའི་ཉིན་ཐའེ་ཝན་གྱི་འགོ་ཁྲིད་ཚོ་དང་ལྷན་དུ་ཁུལ་དེར་ཡོད་པའི་ཐའེ་ཝན་གྱི་ཚོང་ལས་དང་མི་སེར་རྣམས་ལ་རྒྱབ་སྐྱོར་བྱེད་ཆེད་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཤིག་དབུ་འབྱེད་གནང་འདུག
དེ་ཡང་ཐའེ་ཝན་གྱི་དཔོན་རིགས་ཚོས་གསུང་དོན་ལྟར་ན། ད་རེས་ཨེ་རི་ཛོ་ན་མངའ་སྡེའི་གྲོང་ཁྱེར་ Phoenix ནང་གསར་དུ་བཙུགས་པའི་ཐའེ་ཝན་དོན་གཅོད་ཁང་འདི་ནི་ཨ་རིའི་ནང་གི་ཁོང་ཚོའི་ལས་ཁུངས་ ༡༤ པ་དེ་ཡིན་ཞིང་། འདིས་འཕྲུལ་རིག་མཉམ་ལས་གོང་འཕེལ་གཏོང་རྒྱུར་རོགས་འདེགས་བྱེད་རྒྱུ་དང་ལྷག་པར་དུ་ Semiconductor འམ་ནུས་པ་ཅན་གྱི་གློག་ལམ་བཟོ་སྐྲུན་གྱི་ཐོག་ནས་མཉམ་ལས་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་དེའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་ཐའེ་ཝན་གྱི་སྤྱི་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད།
Arizona མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ The Associated Press ལ་མཁོ་སྤྲོད་བྱས་པའི་ཡིག་ཆའི་ནང་གསལ་ལྟར་ན། ཕྱི་ཟླ་ ༧ པའི་ནང་ཐའེ་ཝན་གྱི་ལས་ཁུངས་འདི་ཉིད་འཛུགས་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་རྗེས། Los Angeles ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ནས་མངའ་སྡེའི་སྤྱི་ཁྱབ་ལ་གྲོས་འཆར་དེར་ངོ་རྒོལ་བྱེད་དགོས་པ་དང་རྒྱ་ནག་དང་ Arizona བར་གྱི་འབྲེལ་བར་གནོད་སྐྱོན་གཏོང་སྲིད་པའི་བྱ་སྤྱོད་རྣམས་མཚམས་འཇོག་དགོས་པའི་སྐུལ་མ་བྱས་པ་མ་ཟད། ཁོང་ཚོས་ཕྱི་ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་ཡི་གེ་གཞན་ཞིག་གི་ནང་དུའང་ལངས་ཕྱོགས་དེ་ཉིད་བསྐྱར་ཟློས་བྱས་འདུག
ཡི་གེ་དེ་དག་ནི་ཐོག་མར་ Phoenix རླུང་འཕྲིན་ཁང་ KJZZ ཡིས་གནས་ཚུལ་སྤེལ་བ་ཡིན་ཞིང་། Arizona མངའ་སྡེའི་སྤྱི་ཁྱབ་ཀྱིས་རེས་གཟའ་ཟླ་བའི་དབུ་འབྱེད་མཛད་སྒོའི་ཐོག་ཨེ་རི་ཟོ་ནཱ་དང་ཐའེ་ཝན་བར་གྱི་འབྲེལ་བའི་གལ་ཆེན་རང་བཞིན་གསལ་སྟོན་གནང་ཡོད།
Hobbs ལགས་ཀྱིས་ Arizona མངའ་སྡེའི་དཔོན་རིགས་ཚོས་ཐའེ་ཝན་དང་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་དགོངས་ཚུལ་བཏོན་པ་མ་ཟད། Arizona མངའ་སྡེས་ཐའེ་ཝན་གྱི་ཁེ་ལས་ཁག་རྒྱལ་ཁབ་དེའི་ནང་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུར་རོགས་རམ་བྱེད་བཞིན་ཡོད་པ་གསུངས་འདུག
དེའི་ཁྲོད་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Chang གིས་རེས་གཟའ་ཟླ་བའི་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་གི་ནང་། རྒྱ་ནག་གིས་རང་གི་ཐའེ་ཝན་ས་ཁུལ་དང་ཨ་རིའི་གཞུང་། དེ་བཞིན་ཨ་རིའི་དབུས་དང་མངའ་སྡེའི་གཞུང་གང་རུང་བར་གཞུང་ཕྱོགས་ཀྱི་འབྲེལ་བ་རྣམ་པ་ཅི་རིགས་བྱེད་རྒྱུར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་འདུག
རྩ་བའི་ཐའེ་ཝན་གྱིས་ཨེ་རི་ཛོ་ནའི་ནང་དུ་ཚོང་ལས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བཞིན་ཡོད་པའི་ཁྲོད་ཐའེ་ཝན་གྱི་ Chip བཟོ་སྐྲུན་བྱེད་མཁན་གཙོ་བོ་ TSMC ཡིས་ Phoenix བྱང་ཕྱོགས་སུ་གཉེར་བའི་ལས་དོན་རྒྱ་སྐྱེད་གཏོང་ཆེད་ $100 billion ཨ་སྒོར་དུང་ཕྱུར་ ༡༠༠༠ མ་འཇོག་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། འདིས་ Phoenix ནང་གི་མ་འཇོག་ཁྱོན་ $265 billion ཨ་སྒོར་དུང་ཕྱུར་ ༢༦༥༠ བར་སྤར་ཏེ་དེ་ནི་ཨ་རིའི་ལོ་རྒྱུས་ནང་གི་ཕྱི་རྒྱལ་གྱི་མ་འཇོག་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག
Phoenix གྲོང་ཁྱེར་སྤྱི་ཁྱབ་པ་ Kate Gallego ཡིས་བརྗོད་པ་ལྟར་ན། གྲོང་ཁྱེར་འདིའི་ནང་གི་ཐའེ་ཝན་མི་རིགས་སྤྱི་ཚོགས་ནི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང་ཕྲུ་གུ་གསར་པ་སྐྱེས་པའི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཕྱུ་གུ་སྩལ་སའི་ཉལ་ཁང་ཁག་ཅིག་གིས་ཐ་ན་ཐའེ་ཝན་གྱི་ཁྱིམ་ཚང་ལ་རྒྱབ་སྐྱོར་བྱེད་ཆེད་རྒྱ་སྐད་ཀྱི་ལས་གཞི་ཡང་འགོ་འཛུགས་བྱས་ཡོད་འདུག
༸གོང་ས་མཆོག་ནས་ཐུགས་འདྲིས་ཟབ་པའི་རི་ཆར་ཌི་མུར་དང་དབྱིན་ཡུལ་གྱི་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོར་མཇལ་ཁ་སྩལ་བ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༥ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ༸གོང་ས་མཆོག་དང་ཐུགས་འདྲིས་ཟབ་པའི་མཛའ་གྲོགས་ Children in CrossFire ཞེས་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ཚོགས་པ་གསར་འཛུགས་གནང་མཁན་ Richard Moore རི་ཆར་ཌི་མུར་ལགས་དང་། དབྱིན་ཡུལ་དུ་ཕྱི་ལོ་ ༡༩༢༦ ནས་རྟེན་གཞི་བྱས་པའི་ Buddhist Society, London ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. Desmond Biddulph CBE ལགས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་ལ་མཇལ་བཅར་ཞུས་འདུག
https://www.youtube.com/watch?v=T7UMy96Vl9s
མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་སྐུ་ཞབས་རི་ཆར་ཌི་མུར་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སླར་ཡང་མཇལ་རྒྱུ་བྱུང་བར་ཉམས་མྱོང་ཧ་ཅང་གི་ངོ་འཚར་ཅན་ཞིག་བྱུང་ཅེས་དང་། རྣམ་པ་ཚོས་མཁྱེན་གསལ་ལྟར་༸གང་ཉིད་མཆོག་ནི་དམིགས་བསལ་གྱི་སྐྱེས་ཆེན་དམ་པ་ཞིག་དང་། འཛམ་གླིང་འདིའི་ནང་བྱམས་བརྩེ་དང་། སྙིང་རྗེ། བཟོད་བཞེས་སྐོར་སྙིང་སྟོབས་ལྡན་པའི་བཀའ་སློབ་སྩལ་མཁན་ཁོ་ན་དེ་ཡིན་པར་ཁོང་གིས་ཡིད་ཆེས་བྱེད་ཀྱི་ཡོད་སྐོར་གསུངས་པ་མ་ཟད། དེ་རིང་༸གོང་ས་མཆོག་དང་ལྷན་དུ་དུས་ཚོད་ཁྱུག་ཙམ་གཏོང་རྒྱུ་བྱུང་བ་དེ་གཟི་བརྗིད་ཅིག་ལ་ངོས་འཛིན་ གནང་གི་ཡོད་པ་གསུངས་སོང་།
ཁོང་གིས་ད་དུང་༸གོང་ས་མཆོག་ལ་མཇལ་བཅར་ཞུས་དགོས་དོན་གཙོ་བོ་ནི། ལོ་ངོ་སུམ་བཅུ་སྔོན་ལ་ཁོང་གིས་གསར་འཛུགས་གནང་བའི་ Children in CrossFire ཞེས་སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ཚོགས་པ་དེར་རོགས་རམ་གནང་མཁན་གཙོ་གྲས་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡིན་དུས། དེ་སྔ་ཚོགས་པའི་ལོ་ངོ་བཅུ་འཁོར་བའི་དུས་དྲན་དང་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྐབས་ Ireland གྱི་གྲོང་ཁྱེར་ Derry ནང་མགོན་པོ་༸གང་ཉིད་མཆོག་མཛད་སྒོའི་ཐོག་དངོས་སུ་ཆིབས་བསྒྱུར་མཛད་ཡོད་སྟབས། ད་རེས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་སྐབས་སུའང་༸གོང་ས་མཆོག་དུས་དྲན་དེའི་ཆ་ཤས་སུ་ཡོད་ན་བསམ་བྱུང་ཅེས། ལོ་ཤས་ནས་བཟུང་༸གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་སྐྱོང་གི་མེད་པར་བརྟེན། ཚོགས་པའི་ངོས་ནས་ལོ་ངོ་སུམ་བཅུ་འཁོར་བའི་དུས་དྲན་དང་བསྟུན། སྡུག་རྩུབ་དང་དབུལ་ཕྱུག་གིས་མནར་བའི་བྱིས་པ་སྲུང་སྐྱོབ་ཀྱི་ལས་འགུལ་དེར་རོགས་རམ་རྒྱབ་སྐྱོར་གནང་མཁན་༸གོང་ས་མཆོག་དབུས་པའི་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཡིན་སྐོར་གསུངས་སོང་།
མ་ཟད་ཁོང་གིས་གང་ཟག་སྒེར་ལ་མཚོན་ན། ༸གོང་ས་མཆོག་གིས་ད་བར་ཁོང་ལ་བཟོད་བཞེས་ཚུད་པའི་རིན་ཐང་མང་པོ་ཅིག་གི་ཐོག་བཀའ་སློབ་ལམ་སྟོན་སྩལ་ཡོད་པར། དེ་རིང་༸གང་ཉིད་མཆོག་ལ་དངོས་སུ་མཇལ་བཅར་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཅེས་། མཇལ་བཅར་ཁྲོད་༸གོང་ས་མཆོག་གིས་ཁོང་ཚོའི་ཚོགས་པའི་ཕྱག་ལས་སྐོར་བཀའ་སློབ་སྩལ་སོང་བ་མ་ཟད། བྱིས་པ་སྲུང་སྐྱོབ་ཀྱི་ལས་འགུལ་འདི་རྒྱུན་སྐྱོང་བྱ་དགོས་གལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་སྐོར་དང་། ༸གང་ཉིད་མཆོག་ཀྱང་ལས་འགུལ་འདིའི་ནང་གི་ཆ་ཤས་ཤིག་ཡིན་པར་ཐུགས་ལ་དགའ་ཚོར་ཆེན་པོ་ཡོད་པ་བཅས་ཀྱི་སྐོར་བཀའ་སློབ་སྩལ་སོང་ཞེས་གསུངས་སོང་།
རྩ་བའི་སྐུ་ཞབས་ Richard Moore ལགས། དགུང་ལོ་ ༡༠ ལ་སོན་སྐབས་ཁོང་གི་གནས་ཡུལ་ Ireland ནང་དུ་ཟིང་འཁྲུག་ཅིག་གི་ཁྲོད་དམག་མི་ཞིག་གིས་ཁོང་ལ་འགྱིག་གི་མེ་མདའ་བརྒྱབ་སྟེ་མིག་ལོང་བར་གྱུར་ཡོད་ཀྱང་། ཁོང་ནས་རང་ཉིད་མིག་ལོང་བ་བཟོས་མཁན་དམག་མི་དེ་ལ་འཁོན་འཛིང་སོགས་གང་ཡང་མ་བྱས་པར་བྱམས་བརྩེའི་ཐོག་ནས་བཟོད་བཞེས་གནང་སྟེ་ཉམས་ཐག་བྱིས་པ་རྣམས་ལ་ཤེས་ཡོན་སོགས་ཀྱི་གོ་སྐབས་བསྐྲུན་པའི་ཚོགས་པ་གསར་འཛུགས་གནང་ཡོད་པ་རེད། སྐུ་ཞབས་ Moore ལགས་ཀྱི་དོན་དངོས་བྱམས་བརྩེ་ལག་བསྟར་གནང་བ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་གནང་པ་དང་ཆབས་ཅིག །སྐུ་ཞབས་ཁོང་ནི་༸གང་ཉིད་མཆོག་གི་མིག་དཔེ་གཟིགས་ས་དཔའ་བོ་ཞིག་ཡིན་པ་བཀའ་སྩལ་ཡོད།
རི་ཆར་ཌི་མུར་ལགས་ཀྱི་ངོས་ནས་བོད་པའི་གཞོན་སྐྱེས་ཚོར་ཞུ་ཡག་ལ། རྣམ་པ་ཚོར་༸གོང་ས་མཆོག་ལྟ་བུ་བྱམས་བརྩེ་དང་། སྙིང་རྗེ། བཟོད་བཞེས་བཅས་ཀྱི་ཐོག་བཞེངས་མཁན་གྱི་དབུ་ཁྲིད་ཅིག་ཡོད་པར་འཛམ་གླིང་འདིའི་ནང་གི་མི་རིགས་བསོད་ནམས་ཆེ་ཤོས་ཁོངས་སུ་རེད་ཅེས་དང་། བོད་མི་ཚོས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ལ་གསན་བཞེས་ཀྱིས། ༸གང་ཉིད་མཆོག་ནས་སྙིང་སྟོབས་བླངས་ཏེ། ༸མགོན་པོ་མཆོག་གིས་བསྟན་པའི་དཔེ་མཚོན་ལ་རྗེས་སུ་འབྲངས་དགོས་པའི་རེ་སྐུལ་ཞུས་སོང་།
གཞན་ཡང་མཇལ་བཅར་ཞུ་མཁན་སྐུ་ཞབས་ Dr. Desmond Biddulph CBE ལགས་ཀྱིས། དེ་རིང་༸གོང་ས་མཆོག་གི་མཇལ་ཁ་ཞུས་དགོས་དོན་གཙོ་བོ་ནི། ༸གང་ཉིད་མཆོག་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཡིན་ཞེས། དེ་སྔ་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་༸གོང་ས་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་རྗེས་སུ། ཕྱི་ལོ་ ༡༩༦༡ ལོར་༸གོང་ས་མཆོག་ཁོང་ཚོའི་དབྱིན་ཡུལ་གྱི་ནང་པའི་མཐུན་ཚོགས་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཏུ་གྱུར་ཡོད་པ་དང་། ༸གང་ཉིད་མཆོག་ནས་ད་བར་ཁོང་ཚོའི་མཐུན་ཚོགས་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་དགའ་ཚོར་ཆེན་པོ་ཡོད་ཅེས། མཐུན་ཚོགས་ཀྱང་རིམ་པས་ཡར་རྒྱས་གོང་འཕེལ་ཡག་པོ་ཕྱིན་ཡོད་པ་མ་ཟད། ༸གོང་ས་མཆོག་གི་རྒྱབ་སྐྱོར་ནི་ཁོང་ཚོའི་མཐུན་ཚོགས་དང་དབྱིན་ཡུལ་དུ་ཡོད་པའི་ནང་པ་ཚང་མ་ལ་རིན་ཐང་ཆེན་པོ་ཡིན་པ་བཅས། དོན་དངོས་ཐོག་༸གང་ཉིད་མཆོག་ནི་འཛམ་གླིང་གང་སར་གནས་པའི་ནང་པའི་དད་ལྡན་པ་ཚང་མར་སེམས་འགུལ་ཐེབས་དུ་བཅུག་མཁན་གཙོ་བོ་དེ་ཡིན།
སྐུ་ཞབས་ཁོང་གིས་ད་དུང་། མཇལ་བཅར་ཁྲོད་༸གང་ཉིད་མཆོག་ལ་ཕྱག་རྟགས་ཁག་གཅིག་ཕུལ་རྒྱུ་བྱུང་སྐོར་དང་། དེའི་ཁོངས་ནས་གཅིག་ནི་དེ་སྔ་དབྱིན་ཡུལ་དུ་བོད་མི་ཐོག་མར་སླེབས་པའི་སྐབས་ཀྱི་ལོ་རྒྱུས་མཚོན་པའི་པར་རིས་ཁག་གཅིག་དང་༸གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་སྐབས་ཀྱི་པར་རིས་སོགས་ཡོད་པ་གསུངས་སོང་། མ་ཟད་ཁོང་ཚོའི་མཐུན་ཚོགས་གསར་འཛུགས་གནང་མཁན་ Christmas Humphreys ལགས་ནས་དེ་སྔ་དབྱིན་ཡུལ་དུ་ནང་པའི་ཆོས་དར་སྤེལ་ཆེན་པོ་གནང་ཡོད་སྐོར་དང་། འདི་ལོར་ཁོང་ཚོའི་མཐུན་ཚོགས་ཀྱི་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་ཡིན་པ་དང་བསྟུན་ནས་༸གང་ཉིད་མཆོག་ལ་འདས་པའི་དུས་ཚོད་མཚོན་པའི་ཕྱག་རྟགས་ཁག་གཅིག་ཡིག་མཛོད་ཁང་ནང་འཇོག་ཆེད་དུ་ཕུལ་རྒྱུ་བྱུང་ཞེས་གསུངས་སོང་།
སྤྱིར་ Dr. Desmond Biddulph ལགས་ཐེངས་འདིར་བཅར་དགོས་དོན་རྒྱུ་མཚན་གཞན་གཅིག་ནི། གནངས་ཉིན་རེས་གཟའ་ལྷག་པའི་ཉིན་ཨ་མ་རྗེ་བཙུན་པདྨ་ལགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་རྒྱུ་ཡིན་པ་དང་། ཨ་མ་རྗེ་བཙུན་པདྨ་ལགས་ལྟ་བུ་མཚོན་ན། ད་བར་བོད་པའི་བྱིས་པ་ཚོར་སློབ་གྲྭ་དང་སྨན་ཁང་། དེ་བཞིན་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་རླབས་ཆེན་བསྒྲུབས་ཡོད་པར། མང་ཚོགས་ཚང་མར་མིག་དཔེ་བཟང་པོ་ཞིག་ཡིན་པ་མ་ཟད། བྱམས་བརྩེ་དང་། ཤེས་རབ། སྙིང་རྗེ་ལྡན་པའི་མི་ཚེའི་དཔེ་མཚོན་ཞིག་ཀྱང་ཡིན་པ་རེད།
གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེང་སྐབས་རེས་གཟའ་ཟླ་བ་ནས་སྤེན་པ་བར་འཆར་ཅན་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་བརྒྱ་ཕྲག་འགའ་ཤས་ལ་མང་མཇལ་སྩལ་གནང་གི་ཡོད་ཀྱང་། གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་པོ་མཛད་དེ། ཐེ་ཝན་ཚོགས་གཉིས་ཆོས་ཚོགས་ཀྱི་ཚོགས་མིས་གཙོས་པའི་བསྒྲུབ་བྱ་ཕོ་མོ་ ༦༦ ལ་བར་མ་རབ་བྱུང་སྔོན་དུ་འགྲོ་བས་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་སྡོམ་སྩལ་ཡོད་པ་དང་། དེ་རིང་ལྟ་བུ་མཚོན་ན། ༸གང་ཉིད་མཆོག་གིས་རི་ཆར་ཌི་མུར་སོགས་ཡུལ་ལུང་འདྲ་མིན་ནས་ཕེབས་པའི་མཇལ་བཅར་བ་ཉིས་བརྒྱ་སུམ་ཅུ་ལྷག་ལ་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་སྩལ་ཡོད་པ་རེད།
དབྱིན་ཡུལ་མཐོ་སློབ་ཁག་ནས་རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ལྷན་དུ་མཉམ་ལས་བྱེད་ན་ཁྲིམས་འགལ་གྱི་ཉེས་འཛུགས་ཕོག་ངེས་ཡིན་པ་གསུངས་འདུག
MI 5 ཞེས་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཁ་སང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཡུལ་དེའི་མཐོ་སློབ་ཁག་ལ་རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་རྣམས་ནས་རོགས་དངུལ་ལེན་པའམ་དེ་དག་ལྷན་དུ་མཉམ་ལས་བྱ་རྒྱུ་མཚམས་འཇོག་དགོས་པའི་ཛ་དྲག་གི་ཉེན་བརྡ་བཏང་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ China General Technology Research Institute (CGTRI) ཞེས་པ་དེས། མིང་བྱང་འདྲ་མིན་འོག་ཡུལ་དེའི་མཐོ་སློབ་ཁག་དང་ལྷན་དུ་མཉམ་ལས་དང་བརྗེ་རེས་སོགས་ཡིན་ཁུལ་གྱིས་ད་བར་མཁས་པ་དང་ཉམས་ཞིབ་པ་ ༡༠༠ ལྷག་ལ་རོགས་དངུལ་མཁོ་སྤྲོད་སོགས་ཀྱི་བརྒྱུད་དེ། གཙོ་བོ་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་འཕྲུལ་ལས་རིག་རྩལ་སོགས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པར་ཉེན་ཁ་ཆེན་པོ་ཡིན་པ་ཐེར་འདོན་དང་སྦྲགས། མཐོ་སློབ་ཁག་ལ་ད་ནས་བཟུང་ཁེ་ལས་ལྟེ་གནས་དེ་རིགས་དང་ལྷན་དུ་མུ་མཐུད་མཉམ་ལས་བྱེད་པའམ་རོགས་དངུལ་བླང་བ་རིགས་བྱུང་ཚེ་དབྱིན་ཡུལ་གྱི་ National Security Act 2023 ཞེས་ཕྱི་ལོ་ ༢༠༢༣ ལོར་གཏན་འབེབས་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་འོག་གྱོད་འཛུགས་ཕོག་ངེས་ཡིན་པའི་བརྡ་ལན་བཏང་འདུག
དེ་འབྲེལ་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁ་སང་རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཉེས་འཛུགས་བྱས་པ་དག་དངོས་ཡོད་མིན་པར་རྫུན་བཟོ་བྱས་པ་ཞིག་དང་། གཞུང་ཚབ་ཁང་གི་མགྲིན་ཚབ་ཞིག་གིས་གཞི་རྩ་མེད་པའི་སྐྱོན་འཛུགས་དེ་རིགས་ལ་མཐའ་གཅིག་ཏུ་དགག་པ་པ་ཡོད་ཅེས་དབྱིན་ཡུལ་གཞུང་ལ་དེ་འབྲེལ་ལན་འདེབས་བྱས་ཡོད་སྐོར་བཤད་འདུག་པ་མ་ཟད། རྒྱ་ནག་དང་དབྱིན་ཡུལ་མཐོ་སློབ་ཁག་གི་བར་བརྗེ་རེས་དང་མཉམ་ལས་དེ་དག་དང་བླངས་ཀྱི་ཐོག་ནས་ཁྲིམས་དང་སྒྲིག་གཞི་མཐུན་པའི་སྒོ་ནས་བྱེད་ཀྱི་ཡོད་པར། དེ་དག་ཕྱོགས་གཉིས་ཀར་ཕན་ཡོན་ལྡན་པ་ཞིག་ཡིན་སྐོར་བརྗོད་འདུག
ཐེངས་འདིར་དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ཉེན་བརྡ་དེས་ཡུལ་དེའི་ནང་གི་མཐོ་སློབ་ཁག་ལ་དངངས་སྐྲག་གི་རླབས་ཤིག་བསྐྲུན་ཡོད་པར། མཐོ་སློབ་ཁག་གི་ལས་བྱེད་ཚོས་རྒྱ་གཞུང་དང་འབྲེལ་བའི་འདས་མ་ད་གསུམ་གྱི་མཉམ་ལས་ཁག་གི་ཤུགས་རྐྱེན་སྐོར་བསྐྱར་ཞིབ་བྱེད་བཞིན་པ་དང་། ཉམས་ཞིབ་ཆེད་ལས་པ་ཚོས་ཀྱང་གནད་འགག་ཆེ་བའི་འདས་པའི་ཞིབ་འཇུག་མཉམ་ལས་ནང་ཞིབ་བཤེར་ནན་ཏན་གནང་ཡོད་མེད་སྐོར་སེམས་འཚབ་འབྱུང་བཞིན་པ་རེད་འདུག
རྒྱ་གཞུང་དང་འབྲེལ་བའི་ཁེ་ལས་ལྟེ་གནས་ཁག་གིས་དམིགས་འབེན་བཟུང་སའི་མཉམ་ལས་ཀྱི་ཁྱབ་ཁོངས་ནང་། མིས་བཟོས་རིག་ནུས་དང་། དྲྭ་རྒྱའི་བདེ་འཇགས། ལྐོག་གྱུར་འབྲེལ་མཐུད། དེ་བཞིན་མངོན་གསལ་མེད་པའི་ཡིག་ཆའི་ནང་གསང་བའི་གནས་ཚུལ་སྦས་ཐབས་ (Steganography) བཅས་ཚུད་ཡོད་པ་རེད། ལྷག་པར་དུ་དབྱིན་ཡུལ་གསང་བའི་ལས་ཁུངས་ངོས་ནས་གནད་འགག་ཆེ་བའི་གསང་བའི་གནས་ཚུལ་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་གསལ་པོར་ཡིད་ཆེས་བྱེད་ཀྱི་ཡོད་ལ། The Guardian བརྒྱུད་ལམ་གྱིས་ཀྱང་ཤེས་རྟོགས་བྱུང་བ་ལྟར་ན། དབྱིན་ཡུལ་དུ་གནས་སྡོད་བྱེད་མཁན་མཁས་པ་དང་ཉམས་ཞིབ་པ་ཁག་གཅིག་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་གི་རོགས་དངུལ་ཙམ་མ་ཟད། ཆེ་བསྟོད་ཀྱི་གཟེངས་རྟགས་བྱ་དགའ་ཡང་སྤྲད་ཡོད་པ་རེད་འདུག
སྤྱིར་དབྱིན་ཡུལ་དང་རྒྱ་ནག་བར་གྱི་འབྲེལ་ལམ་ཐོག་རྟོག་ཞིབ་གནང་མཁན་གྱི་ཚོགས་པའི་འགན་འཛིན་ Sam Dunning ལགས་ཀྱིས། དབྱིན་ཡུལ་མཐོ་སློབ་ཁག་དང་མཉམ་ལས་ཀྱིས་རོགས་དངུལ་མཁོ་སྤྲོད་བྱེད་མཁན་ CGTRI ཁེ་ལས་ལྟེ་གནས་དེ་རྒྱ་ནག་གཞུང་གི་དམག་དོན་ཁེ་ཕན་ཆེད་དུ་ལས་དོན་གཉེར་གྱི་ཡོད་པ་ངོས་འཛིན་བྱས་ཡོད་ཀྱང་། དབྱིན་ཡུལ་མཐོ་སློབ་ཁག་གི་ངེས་སྟོན་པ་དང་གཙོ་འཛིན་ཁག་གཅིག་གིས་མཐོ་སློབ་སོ་སོའི་མཁས་པ་དང་ཉམས་ཞིབ་པ་རྣམས་ཀྱིས་ཁེ་ལས་ལྟེ་གནས་དེ་དང་ལྷན་དུ་མཉམ་ལས་བྱས་པ་རྣམས་གོ་རྟོགས་ལེགས་པོ་མེད་པའི་ཐོག་ནས་ཡིན་པ་ལས། ཁེ་ལས་ལྟེ་གནས་དེ་རྒྱ་གཞུང་གི་དམག་དོན་དང་འབྲེལ་བ་ཡོད་པ་ཤེས་བཞིན་དུ་བྱས་པ་ཞིག་མིན་སྐོར་འགྲེལ་བརྗོད་བྱས་འདུག
རྩ་བའི་དབྱིན་ཡུལ་སྲིད་གཞུང་རིམ་པས་རྒྱ་ནག་གི་མ་འཛུགས་དང་ཤེས་ཡོན་མཉམ་ལས་ལ་རྒྱབ་སྐྱོར་གྱི་སྐུལ་མ་བྱས་ཡོད་ཀྱང་། MI 5 དབྱིན་ཡུལ་གསང་བའི་ལས་ཁུངས་ཀྱིས་ CGTRI ལྟ་བུ་ཁེ་ལས་ལྟེ་གནས་དེ་བཞིན་ Chinese ministry of state security (MSS) ཞེས་རྒྱ་ནག་གི་གཞུང་འབྲེལ་བདེ་འཇགས་ལས་ཁུངས་དང་འབྲེལ་བ་ཡོད་པ་མངོན་གསལ་གནང་སྟེ། ཁོ་ཚོའི་དམིགས་ཡུལ་གཙོ་བོ་རྒྱལ་ཁབ་གཞན་གྱི་གནད་འགག་ཆེ་བའི་ཞིབ་འཇུག་ལས་དོན་ལ་རོགས་དངུལ་སོགས་མཁོ་སྤྲོད་ཀྱིས་གསང་མྱུལ་གྱི་ནུས་པ་གོང་འཕེལ་གཏོང་རྒྱུ་དེ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ལྔ་ལ་མཇལ་ཁ་སྩལ་འདུག
དེ་རིང་ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། རྒྱ་ནག་གི་གནད་དོན་དང་བོད་རང་དབང་འཐབ་རྩོད་སོགས་ཀྱི་སྐོར་ལ་བཀའ་མོལ་ལྷུག་པོ་བྱུང་འདུག
https://www.youtube.com/watch?v=zWPHKPUSPYs
དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་བྷི་རན་མཱ་སི་ཊེ་ Brian Mast ལགས་ཀྱི་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་ཇེམ་སེ་གྷེ་ལེ་གྷར་ James Gallagher ལགས་དང་། ཇི་མི་པེ་ཊོ་ནི་སེ་ Jimmy Patronis ལགས། ཤྲཱི་ཐ་ནེ་དྷར་ Shri Thanedar ལགས། དེ་བཞིན་ཧེ་ལི་སི་ཊི་ཝེན་ས་ Haley Stevens ལགས་བཅས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་ལྷན་བཅར་ཞུས་འདུག
༸གོང་ས་མཆོག་ནས་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་ཁ་སྩལ་བའི་ཁྲོད། བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ཀུན་ནས་༸གང་ཉིད་མཆོག་ལ་ཡིད་ཆེས་དང་རེ་བ་ཆེན་པོ་ཞུ་བཞིན་ཡོད་སྐོར་བཀའ་གནང་བ་མ་ཟད། མགོན་པོ་༸གང་ཉིད་མཆོག་ནས་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་མཛད་ཐུབ་པར་ཐུགས་སྤོབས་ཆེན་པོ་ཡོད་སྐོར་བཀའ་སྩལ་འདུག
མཇལ་ཁའི་སྐབས་ད་དུང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་༸གོང་ས་མཆོག་ལ་ཉེ་སྔོན་ཨ་རིར་རང་བཙན་ཐོབ་ནས་མི་ལོ་ ༢༥༠ འཁོར་བའི་དུས་དྲན་ཐོག་རྒྱལ་ས་ Washington DC སྟེང་བཤམས་སྟོན་ཞུས་པའི་རྒྱལ་ཁབ་དེ་ཉིད་ཀྱི་རྒྱལ་དར་ཕྱགས་རྟགས་སུ་འབུལ་གནང་བ་དང་ཆབས་ཅིག ཨ་རིར་རང་བཙན་ཐོབ་པ་བཞིན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུས་འདུག
སྤྱིར་ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཚབ་ཚོགས་ཆུང་དེ་ཉིད་ད་རེས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དེ་ནི་ཉེ་སྔོན་ཨ་རིའི་རྒྱལ་ས་ Washington DC ནང་བོད་མི་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་གཞན་ཡང་ཡུ་གུར་དང་ཧོང་ཀོང་བཅས་ཀྱི་མང་ཚོགས་བརྒྱ་ཕྲག་དུ་མས་ངོ་རྒོལ་རྔམ་སྟོན་ཁྲོད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་ཨ་རིའི་སྲིད་འཛིན་ Donald Trump མཆོག་དང་མཇལ་འཕྲད་ཞུས་པའི་རྗེས་སུ་འཁེལ་གྱི་ཡོད་པ་རེད།
དེ་རིང་མཇལ་ཁ་གྲུབ་མཚམས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་གསར་འགོད་པའི་དྲི་བར་ལན་འདེབས་གནང་བའི་ཁྲོད། གྲོས་ཚོགས་འཐུས་མི་སྐུ་ཞབས་བྷི་རན་མཱ་སི་ཊེ་ Brian Mast ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་དབུ་ཁྲིད་ཕན་ཚུན་ཐུག་འཕྲད་གནང་རྒྱུ་ནི་ཧ་ཅང་གལ་ཆེན་དུ་ངོས་འཛིན་མཛད་ཀྱི་ཡོད་པ་དང་། ཁོང་རང་ངོས་ནས་ཀྱང་འཛམ་གླིང་ནང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་གཉིས་ཀྱི་འགོ་ཁྲིད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཊམ་གཉིས་དབར་གྱི་ཐུག་འཕྲད་ནི་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་པ་དེ་ལྟར་ཡང་། རྒྱ་ནག་ངོས་ནས་རང་ཉིད་ཀྱི་མི་མང་དང་བོད་མི། དེ་བཞིན་ཡུ་གུར་མི་རིགས་སོགས་ལ་གཉའ་གནོན་དང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་གིས་རང་དབང་ལ་རྒྱབ་སྐྱོར་བྱེད་དགོས་པ་སོགས་གསུངས་སོང་།
ཕྱོགས་མཚུངས་སྐུ་ཞབས་བྷི་རན་མཱ་སི་ཊེ་ Brian Mast ལགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་འབྲེལ་ནས་ལན་འདེབས་གནང་བའི་ནང་། གནད་དོན་དེ་ལས་བོད་ཀྱི་རང་དབང་འཐབ་རྩོད་ཐད་མི་མང་པོར་སེམས་ཤུགས་བརྟན་པོ་ཇི་ཙམ་ཡོད་པ་གསལ་པོར་མངོན་རྒྱུ་བྱུང་ཡོད་སྐོར་གསུང་བ་མ་ཟད། ཁོང་རང་ཉིད་དེ་སྔ་ཨ་རིའི་དམག་ནང་བཞུགས་ཏེ་ཞབས་གཉིས་ཀ་མེད་པར་འགྱུར་བའི་གནས་སྟངས་ལ་གཞིགས་ཏེ། ༸གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོ་ཞི་བའི་ལས་ལ་ཤར་བསྐྱོད་མཛད་ཡོད་ཀྱང་། ཁོང་ལྟ་བུ་ནི་འཚེ་བའི་ལས་ལ་བསྐྱོད་མྱོང་ཡོད་པ་དེ་ལྟར་ཡང་། ང་ཚོ་ཚང་མ་རང་དབང་ཞེས་གནད་དོན་གཅིག་གི་ཐོག་ལ་འཐབ་རྩོད་གནང་གི་ཡོད་ཀྱང་འཐབ་རྩོད་གནང་སྟངས་མི་འདྲ་བ་ཡིན་པ་གསུངས་སོང་།
མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ། ཁོང་གིས་རྒྱ་གཞུང་གིས་དེའི་ཐོག་ཐེ་གཏོགས་བྱེད་བཞིན་པ་དེ་ནི་གསར་པ་མ་ཡིན་པར། དེ་སྔ་ནས་དེ་འབྲེལ་གནད་དོན་ཐོག་འབྲེལ་བ་ཡོད་པ་ཁག་གཅིག་འཛིན་བཟུང་གིས་གར་སོང་ཆ་མེད་བཏང་ཡོད་པ་ནན་བཤད་དང་སྦྲགས། རྒྱ་ནག་གཞུང་ངོས་ནས་གནད་དོན་དེའི་ཐོག་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་པའི་ཆེད་བོད་མི་ཚོར་དྲག་གནོན་དང་། འབྲེལ་ཡོད་མི་སྣ་གང་བྱུང་འཛིན་བཟུང་། དེ་བཞིན་ཁོ་པ་ཚོ་རང་ཉིད་ངོས་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱ་རྒྱུ་བཅས་ཐབས་ཤེས་གང་ཐུབ་བྱ་ངེས་ཡིན་པ་རེད་ཅེས་ཉེན་བརྡ་བཏང་སོང་།
ཡང་གསར་འགོད་པས་ཨ་རིའི་གཞུང་ངོས་ནས་བོད་དང་འབྲེལ་བའི་ཁྲིམས་རིམ་པ་གཏན་འབེབས་བརྒྱུད་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་དགོས་པའི་གནོན་ཤུགས་གནང་བཞིན་པ་ལྟར་དེའི་ཐོག་རྒྱ་ནག་ནས་བརྡ་ལན་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ད་བར་རྒྱ་ནག་ཕྱོགས་ནས་དམིགས་བསལ་ལན་འདེབས་གང་ཡང་གཟིགས་མེད་ཀྱང་། ད་རེས་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་གསར་འགོད་པ་རྣམས་ལ་འདི་ལྟ་བུ་སྐད་ཆ་བཤད་པ་མཐོང་རྗེས་རྒྱ་ནག་གཞུང་ངོས་ནས་གྲོས་ཚོགས་འཐུས་མི་རྣམས་ལ་དགག་ལན་སླེབས་སྲིད་པ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་ཙམ་གྱིས་རྒྱ་ནག་ངོས་ནས་མི་དགའ་བའི་རྣམ་འགྱུར་བསྟན་གྱི་རེད་ཅེས་གསུངས་སོང་།
མ་ཟད་སྐུ་ཞབས་ཁོང་གིས་རྒྱ་ནག་གིས་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་དག་ཅིག་གི་ནང་ཉེན་རྟོག་པ་དང་སོ་མྱུལ་སོགས་ཆེད་གཏོང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རྒྱ་སྐྱེད་དང་རྒྱལ་ཁབ་གཞན་གྱིས་གསང་བ་རྐུ་འཁྱེར་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། ང་ཚོའི་ངོས་ནས་མང་ཚོགས་ཀྱི་རང་དབང་དང་མང་གཙོའི་ཐོབ་ཐང་སྲུང་སྐྱོབ་ལ་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། དེ་ནི་ང་ཚོ་དང་རྒྱ་ནག་དབར་གྱི་གཞི་རྩའི་ཁྱད་པར་དེ་རེད་ཅེས་གསུངས་སོང་ལ། ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་དབྱེར་མེད་སྒོ་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་སྔར་ལྷག་གཏན་འབེབས་ཐུབ་པའི་རེ་བ་དང་འབད་བརྩོན་ཞུ་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་།
གཞི་རྩའི་ཐེངས་འདིའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ནང་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་གྲས་གཉིས་ལས་གྲུབ་པའི་འཐུས་མི་ལྔ་ཡོད་པ་དང་། ཚོགས་ཆུང་ཁོངས་སུ་ཡོད་པའི་ཨ་རིའི་ Republican ཚོགས་པའི་འཐུས་མི་ལྕམ་སྐུ་ Haley Steven ལགས་ཀྱིས་སྐུ་ཞབས་ Mast ལགས་ནི་ཨ་རིའི་རང་དབང་གི་མཚོན་དོན་ཞིག་ཡིན་པར་འགྲེལ་བརྗོད་དང་འབྲེལ། དེ་རིང་སྐུ་ཞབས་ Mast དང་༸གོང་ས་མཆོག་བཅས་རང་དབང་དང་མང་གཙོ་མཚོན་མཁན་གྱི་རླབས་ཆེན་དབུ་ཁྲིད་གཉིས་ལྷན་རྒྱས་མཇལ་རྒྱུ་བྱུང་བ་དེ་ནི་ཧ་ཅང་གནད་འགག་ཡིན་པ་མ་ཟད། བོད་མིའི་རང་དབང་ཅན་གྱི་གསར་འགོད་པ་དང་ལྷན་འདི་ལྟ་བུ་མཇལ་རྒྱུ་བྱུང་བའང་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཡོད་ཅེས་གསུངས་སོང་།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་འདས་པའི་ལོ་ཤས་སྔོན་ལས་ཡག་ཏུ་ཕྱིན་ཡོད་པ་གསུངས་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar མཆོག་གིས་ཁ་ཉིན་ཨ་རིའི་ནིའུ་ཡོག་ཏུ་གླེང་མོལ་ལས་རིམ་ཞིག་གི་ཐོག་རྒྱ་དཀར་ནག་གཉིས་འབྲེལ་ལམ་འདས་པའི་ལོ་ཤས་སྔོན་ལས་ཡག་ཏུ་ཕྱིན་ཡོད་པ་གསུངས་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ལམ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཁུལ་དེར་རྟེན་གཞི་བྱས་པའི་ Asia Society ཞེས་པའི་ཉམས་ཞིབ་ལྟེ་གནས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar མཆོག་དང་ལྷན་དུ་དམིགས་བསལ་གླེང་མོལ་གྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་ལས་རིམ་གཙོ་སྐྱོང་ཞུ་མཁན་ལྟེ་གནས་དེའི་ཉམས་ཞིབ་པ་ Daniel Russel ལགས་ཀྱིས། རྒྱ་དཀར་ནག་གཉིས་བར་འདས་པའི་ལོ་ཤས་ནང་ཐད་ཀར་གནམ་གྲུ་འགྲུལ་བཞུད་སླར་གསོ་དང་། འགོ་ཁྲིད་ཕན་ཚུན་བར་རིམ་པའི་འབྲེལ་མོལ། དེ་བཞིན་ཉེ་ལམ་ BRICS ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་མཉམ་ཞུགས་དང་། ས་མཚམས་ས་ཁུལ་ནས་ཀྱང་དམག་དཔུང་གང་ལ་གང་ཙམ་་ཕྱིར་འཐེན་སོགས་ཀྱིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་སུ་འགྲོ་ཡི་ཡོད་པའི་རྣམ་པ་མངོན་གྱི་ཡོད་ཀྱང་། དོན་དངོས་སུ་རྒྱ་དཀར་ནག་གཉིས་བར་སྒྲོམ་གཞི་ལྡན་པའི་འབྲེལ་ལམ་ཡར་རྒྱས་ཕྱིན་ཡོད་མེད་སྐོར་བཀའ་འདྲི་ཞུ་སྐབས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ S. Jaishankar མཆོག་གིས་ལན་འདེབས་ཁྲོད། གཙོ་སྐྱོང་མཆོག་གི་དགོངས་ཚུལ་ལ་ངོས་ལེན་དང་སྦྲགས། འདས་པའི་ལོ་ཤས་སྔོན་དང་བསྡུར་ན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཕན་ཚུན་འབྲེལ་ལམ་དེ་སྔར་ལྷག་ཡག་ཏུ་ཕྱིན་ཡོད་སྐོར་ནན་བརྗོད་གནང་འདུག་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོའི་དོན་རྐྱེན་ལུང་འདྲེན་དང་འབྲེལ་ཏེ་སྐབས་དེ་དུས་རྒྱལ་ཁབ་ཕྱོགས་གཉིས་བར་ཚོང་དོན་སོགས་རྒྱུན་སྐྱོང་བྱེད་བཞིན་ཡོད་ཀྱང་། གཞུང་འབྲེལ་གྱི་ཕན་ཚུན་འབྲེལ་ལམ་ཚུད་པའི་མཐོང་མཆན་མཁོ་སྤྲོད་དང་ཐད་ཀར་གནམ་གྲུ་འགྲུལ་བཞུད་སོགས་ཀྱི་གནད་དོན་ཐོག་ཏན་ཏན་ཤུགས་རྐྱེན་ཐེབས་ཡོད་པ་འགྲེལ་བརྗོད་ཀྱིས། གང་ལྟར་ནམ་ཞིག་ས་མཚམས་ཀྱི་རྩོད་རྙོག་ཞི་འཇམ་དུ་ཕྱིན་ན། རྒྱ་གར་དཀར་ནག་གཉིས་བར་གྱི་འབྲེལ་ལམ་རྒྱུན་ལྡན་ལྟར་སླར་གསོ་འབྱུང་ངེས་ཡིན་པ་གསུངས་འདུག
བློན་ཆེན་ཁོང་གིས་ད་དུང་། རྒྱ་གར་ངོས་ནས་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་སླར་གསོ་ཐད་ཕྱིར་འགྱངས་བྱས་པ་དེས་རྒྱལ་ཁབ་ཕྱོགས་གཉིས་ལ་ཕན་རྒྱུ་ཚབ་ལས་ལྡོག་སྟེ་རྒྱལ་ཁབ་གསུམ་པ་ཞིག་གིས་ཁེ་ཕན་བླང་རྒྱུ་ཡིན་སྐོར་རྒྱ་ནག་ལ་འགྲེལ་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་ངོས་ནས་རྒྱ་གར་གྱི་དགོངས་ཚུལ་དེར་ཁེས་ལེན་བྱ་རྒྱུར་དུས་ཚོད་གང་ལ་གང་ཙམ་འགོར་སོང་ཞེས། རྒྱ་གར་གྱིས་ཕྱོགས་གཉིས་ལ་འགལ་རྐྱེན་དུ་འགྲོ་བའི་གནད་དོན་རེ་ཞིག་ལ་དོ་སྣང་བྱེད་རྒྱུ་ལས་ལྡོག་སྟེ་རྒྱ་ཆེ་སའི་དཀའ་རྙོག་སེལ་བའི་ཐབས་ལམ་ཐོག་འབད་རྒྱུ་ཡིད་ཆེས་བྱེད་ཀྱི་ཡོད་པ་གསུངས་འདུག ལྷག་པར་དུ་ཁོང་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་རྒྱ་གར་གྱི་གཞི་རྩའི་ལྟ་གྲུབ་ནི། ས་མཚམས་བརྟན་ལྷིང་གི་གནས་སྟངས་དེས་ཕན་ཚུན་འབྲེལ་ལམ་གྱི་གནས་བབ་ཐག་གཅོད་བྱེད་ཀྱི་ཡོད་པ་དེ་ཡིན་ལ། ཕྱོགས་གཉིས་བར་ས་མཚམས་རྩོད་རྙོག་ཡོད་བཞིན་དུ་ཕན་ཚུན་འབྲེལ་ལམ་རྒྱུན་སྐྱོང་བྱ་དགོས་ཞེས་བརྗོད་ན། དེ་ནི་འགྲིག་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་ཏེ། གང་ལྟར་ཡང་ས་མཚམས་གནས་སྟངས་བརྟན་ལྷིང་སུ་འགྱུར་ན། ཕན་ཚུན་འབྲེལ་ལམ་ཡག་ཏུ་འགྱུར་ངེས་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཕྱིན་ན། རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོང་ངེས་ཡིན་པ་གསུངས་འདུག
སྤྱིར་ཁ་ཉིན་གྱི་གླེང་མོལ་ལས་རིམ་དེའི་ཐོག་གཙོ་སྐྱོང་བ་ Daniel Russel ལགས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ལ་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་། རྒྱ་གར་དང་ཉི་ཧོང་བར་གྱི་འབྲེལ་ལམ་སོགས་སྤྱི་ཡོངས་ཀྱི་གོ་ལའི་ས་ཁམས་ཆབ་སྲིད་ཀྱི་གནས་སྟངས་སྐོར་ཡང་བཀའ་འདྲི་ཞུས་འདུག
རྩ་བའི་ཐེངས་འདིར་ Asia Society ཞེས་པའི་ཉམས་ཞིབ་ལྟེ་གནས་ཀྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་དང་ལྷན་དུ་དམིགས་བསལ་གྱི་གླེང་མོལ་ལས་རིམ་དེ། ཉེ་ལམ་ཨ་རིའི་ནིའུ་ཡོག་ཏུ་ཕྱི་ཟླ་ ༩ ཚེས་ ༢༢ ནས་ཕྱི་ཚེས་ ༢༨ བར་ཉིན་གྲངས་བདུན་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཚོགས་ཆེན་ཐེངས་ ༨༡ པའི་ཐོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་ཆེད་ཕེབས་གནང་ཡོད་པ་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།




