རྒྱལ་སྤྱི།

ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ལས་གྲུབ་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར།

ཨ་རིའི་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་གནང་སོང་། https://youtu.be/dgJ3mt6fRRQ?si=-5Qcmj3alTxrWPtH དེ་ཡང་དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༢།༣༠ ཡོལ་ཙམ་ལ་བཞུགས་སྒར་ཉེ་འདབས་སུ་རྟེན་གཞི་བྱས་པའི་གྷ་གྷལ་གནམ་ཐང་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བྷི་རན་མཱསཊ་ Brian Mast ལགས་དང་། གྲོས་ཚོགས་འཐུས་མི་ཇེམ་སེ་གྷེ་ལེ་གྷར་ James Gallagher ལགས། གྲོས་ཚོགས་འཐུས་མི་ཇི་མི་པེ་ཊོ་ནི་སེ་ Jimmy Patronis ལགས། གྲོས་ཚོགས་འཐུས་མི་ཤྲཱི་ཐ་ནེ་དྷར་ Shri Thanedar ལགས། དེ་བཞིན་གྲོས་ཚོགས་འཐུས་མི་ཧེ་ལི་སི་ཊི་ཝེན་སི་ Haley Stevens ལགས་བཅས་ཆབ་སྲིད་ཚོགས་པ་དབྱེར་མེད་ཀྱི་གྲོས་ཚོགས་འཐུས་མི་ལྔ་ལས་གྲུབ་པའི་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་སོང་། སྐབས་དེར་གྲོས་ཚོགས་འཐུས་མི་བྷི་རན་མཱསཊ་ Brian Mast ལགས་ཀྱིས་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བའི་ཁྲོད། ཁོང་རྣམས་རྒྱ་གར་རྒྱལ་ཡོངས་ལ་གཟིགས་སྐོར་དང་ལྷག་དོན་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་སྐོར་གསུངས་བ་མ་ཟད། ད་བར་ཨ་རི་ངོས་ནས་བོད་ཀྱི་གནད་དོན་དང་འབྲེལ་ནས་༸གོང་ས་མཆོག་དང་བོད་མིར་ལོ་མང་རིང་རྒྱབ་སྐྱོར་བྱས་ཡོད་པ་དང་། ད་རེས་འདིར་དངོས་སུ་ཡོང་ནས་བོད་ཀྱི་གནད་དོན་ཤེས་རྟོགས་ཐུབ་རྒྱུ་ནི་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་གལ་ཆེན་པོ་ཡིན་པ་གསུངས་སོང་། གནམ་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་སྣེ་ལེན་དང་སྦྲགས། རྡ་སྟེང་བོད་ཁྱིམ་སློབ་གྲྭ་སློབ་ཕྲུག་ཁག་གཅིག་གིས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་བརྒྱུད་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། སྐབས་དེར་འཁྲབ་སྟོན་པའི་ཁོངས་སུ་ཡོད་པའི་ཨ་རི་མི་སེར་ཡིན་པའི་བོད་པའི་བུད་མེད་གཅིག་གིས་གྲོས་ཚོགས་འཐུས་མི་བྷི་རན་མཱསཊ་ Brian Mast ལགས་སུ་བོད་ཀྱི་བདེན་མཐའ་གསལ་ཐབས་ཡོང་བའི་ཞུ་འབོད་གནང་བ་དང་སྐུ་ཞབས་ཁོང་གིས་ང་ཚོ་ག་དུས་ཡིན་ཡང་ཁྱེད་ཚོའི་མཉམ་དུ་ཡོད་ཅེས་པའི་བརྡ་ལན་ཡང་གནང་སོང་། མཛད་རིམ་ལ་གཞིགས་ན་སང་ཉིན་སྔ་དྲོར་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་གཟིགས་སྐོར་དུ་ཕེབས་གནང་རྒྱུ་ཡིན་པ་རེད་འདུག

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ལ་རྗེས་དྲན་དང་འབྲེལ་བོད་མི་སྒེར་པ་ཁག་གཅིག་གིས་ལས་འགུལ་སྤེལ་བ།

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་བཏང་རྗེས། ནིའུ་ཡོག་གཙོས་པའི་རྒྱལ་སྤྱིའི་ས་གནས་གང་སར་རྒྱ་གཞུང་ལ་ངོ་རྒོལ་དང་ལས་འགུལ་གྱི་རྦ་རླབས་གསར་པ་ཞིག་གཏོད་པ་དེ་ཉིད་ད་ཆ་ཕྲན་བུས་ཉམས་ཞན་དུ་ཕྱིན་པ་མངོན་རྒྱུ་ཡོད་ནའང་། བོད་མི་སྒེར་པ་ཚོས་རང་ཉིད་ཀྱི་ལས་འགུལ་བརྒྱུད་ནས་བོད་དེ་རྒྱལ་སྤྱིའི་མངོན་གསལ་དུ་གནས་པར་བྱེད་པའི་འབད་བརྩོན་མཚམས་ཆད་མེད།  དེའང་ཉེ་ཆར་བོད་མི་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་རྡ་རམ་ས་ལར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཁ་སང་ལེགས་གྲུབ་བྱུང་བ་དང་། དེ་བཞིན་བོད་མི་གཞན་ཞིག་གིས་གནད་དོན་འདི་ཐད་ཀར་ཁེ་ན་ཌའི་གཞུང་གི་ཆེས་མཐོའི་དབུ་ཁྲིད་བར་བསླེབས་ཐུབ་པ་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ལས་འགུལ་སྤེལ་བཞིན་པ་རེད་འདུག རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་གནས་སྡོད་གནང་མཁན་ལོ་ན་ ༥༩ ལ་སོན་པའི་བཀྲ་ཤིས་ཐག་ཆོད་ལགས་ཀྱིས་ཉེ་ཆར་ཕྱི་ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བོད་མི་གཞིས་སྒར་བསམ་ཡས་གླིང་ནས་བཞུགས་སྒར་རྡ་རམ་ས་ལའི་བར་བོད་དོན་དྲིལ་བསྒྲགས་དང་ལྷག་པར་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་གནད་དོན་ཐོག་ཡ་ལན་གཙང་མ་གནང་མེད་པ་དང་དྲང་བདེན་བྱུང་མེད་པའི་གནད་དོན་སོགས་ཀྱི་དྲིལ་བསྒྲགས་ཆེད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་བ་ལྟར། ཁ་སང་དགོང་མོར་ཁོང་བཞུགས་སྒར་རྡ་རམ་ས་ལའི་མེག་གྷན་ཁྲོམ་གཞུང་དུ་བདེ་འབྱོར་དང་སྦྲགས་ལས་འགུལ་མཇུག་སྒྲིལ་གནང་སོང་། འདི་ག་གསར་འགོད་པས་སྐབས་དེར་བཀྲ་ཤིས་ཐག་ཆོད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་ལྟའི་ཆར་སྐད་འབོད་དང་གོམ་བགྲོད་སོགས་ཀྱི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཙོ་བོ་ནི་བོད་མི་ལོ་ན་བགྲེས་པ་ཚོ་ཡིན་པ་འགྲེལ་བརྗོད་དང་སྦྲགས། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་བོད་མི་གཞོན་སྐྱེས་ཚོས་མཉམ་ཞུགས་གང་མང་གནང་དགོས་གལ་ཆེ་བ་ཡིན་སྐོར་གསུངས་སོང་། ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་དང་སྦྲགས། དེ་རིང་སྔ་དྲོ་བཀྲ་ཤིས་ཐག་ཆོད་ལགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད་པ་དང་།  མཇལ་ཁ་གྲུབ་མཚམས་སུ་ཁོང་གིས་དེ་རིང་༸སྐུ་མདུན་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དེ་སྐལ་པ་བཟང་པོ་ཞིག་ཡིན་པ་དང་༸གོང་ས་མཆོག་ནས་ཀྱང་ཡག་པོ་རེད་ཅེས་བཀའ་གནང་བྱུང་སྐོར་གསུངས་སོང་། རྩ་བའི་བཀྲ་ཤིས་ཐག་ཆོད་ལགས་ཀྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཁྱོན་ཉིན་གྲངས་ ༨ འགོར་ཡོད་པ་དང་། ཁོང་ལྟ་བུ་ཡིན་ན་དེ་སྔ་རྒྱ་གར་ལྷོ་ཕྱོགས་ཀར་ནཱ་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ནས་ཧོན་སུར་བར་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་ལས་འགུལ་ལ་མཉམ་ཞུགས་གནང་མྱོང་མཁན་ཡང་ཡིན་པ་རེད། ཕྱོགས་མཚུངས་ཁ་སང་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་གནས་བཞུགས་གཡུང་དྲུང་བསྟན་འཛིན་ལགས་ཀྱིས་རྒྱལ་ས་ཨོ་ཊ་ཝ་ལ་ཆེད་བཅར་གྱིས་ཡུལ་དེའི་ཕྱི་སྲིད་བློན་ཆེན་མཆོག་གི་སྲིད་བྱུས་ལམ་སྟོན་པ་ལྕམ་ Isabelle Buchanan ལགས་དང་ལྷན་མཇལ་འཕྲད་ཀྱིས་གཙོ་བོ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་བའི་གནད་དོན་སྐོར་ཞུ་གཏུགས་གནང་འདུག གཡུང་དྲུང་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། ཁོང་རང་ཉིད་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་གྱི་སྲིད་བྱུས་སློབ་སྟོན་པ་ལྕམ་ Isabelle Buchanan ལགས་དང་ལྷན་ཁྱོན་སྐར་མ་ ༢༥ རིང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ལྷག་དོན་ཡིག་ཐོག་བརྒྱུད་ནས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུར་མེར་བསྲེགས་བཏང་བའི་གནད་དོན་དང་ཁོང་གི་བཞག་པའི་སྐར་མ་ ༦ གི་ཞལ་ཆེམས་བཅས་ཀྱི་སྐོར་ཞུ་གཏུགས་གནང་རྒྱུ་བྱུང་སོང་ཞེས་གསུངས་བ་དང་སྦྲགས། འཛམ་གླིང་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་མི་རྣམས་ནས་མི་སེར་གྱི་ཐོབ་ཐང་ལེན་པའི་ཐོག་ནས་གནས་ཡུལ་གཞུང་ལ་བོད་དོན་སྐོར་ཞུ་གཏུགས་གནང་དགོས་གལ་ཡིན་པ་དང་བོད་མི་རྣམས་ནས་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་འཐབ་རྩོད་གནང་རོགས་ཞེས་ནན་བརྗོད་གནང་སོང་།

སྤྱི་དམངས་ཁྲིམས་གཏུག་བརྒྱུད་ཁེ་ལི་ཕོར་ནི་ཡའི་ཁྲིམས་ཁང་གིས་ཞི་ཅིན་ཕིང་འབོད་འགུགས་བཀོད་ཁྱབ་བཏང་འདུག

ཨ་རི་ནང་དུ་གནས་སྡོད་རྒྱ་རིགས་མང་གཙོ་དོན་གཉེར་བས་ཞི་ཅིན་ཕིང་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནད་དོན་དང་འབྲེལ་ནས་ཁེ་ལི་ཕོར་ནི་ཡའི་ཁྲིམས་ཁང་དུ་སྤྱི་དམངས་ཁྲིམས་གཏུག་བྱས་འདུག་པ་དང་། ཁྲིམས་ཁང་གིས་དེར་ངོས་ལེན་ཐོག་ཞི་ཅིན་ཕིང་ལ་འབོད་འགུགས་བྱེད་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། དུས་བཅད་ནང་ཚུད་ལན་འདེབས་མ་བྱུང་ཚེ་སྒྲིག་འགལ་བྱུང་བའི་དཔྱད་ཁྲ་གཏོང་རྒྱུའི་ཉེན་བརྡ་བཏང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༥ བར་རྒྱ་དམར་གྱི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་ཕྱོགས་བསྐྱོད་སླད་དུ་སླེབས་པའི་དུས་སྐབས་དང་བསྟུན། ཚེས་ ༢༣ ཉིན་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་སློབ་སྟོན་པ་གཙོ་བོ་ Wang Xizhe ཝང་ཞི་ཊ་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༤ ཉིན་ Los Angeles ལོས་ཨེན་ཇི་ལིས་ནང་དུ་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱེད་མཁན་རྣམས་ལ་གནོད་འཚེ་བྱས་པའི་གནད་དོན་ཐད་འགན་འཁྲི་ཡོད་པར་བཟོ་རྒྱུའི་ལ་དམིགས་ཏེ། ཞི་ཅིན་ཕིང་ལ་སྤྱི་དམངས་ཁྲིམས་གཏུག་བྱས་ཡོད་པ་དང་། ཁྲིམས་ཁང་ནས་དེར་ངོས་ལེན་གྱིས་ཚེས་ ༢༣ ཉིན་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ལས་ཁུངས་ཀྱི་ཁ་བྱང་ཐོག་བཀོད་ཁྱབ་བཏང་སྟེ་ཞི་ཅིན་ཕིང་ལ་འབོད་འགུགས་བྱས་ཡོད་པ་མ་ཟད། ཉིན་གྲངས་ ༢༡ ནང་ཚུད་ལན་འདེབས་མ་བྱུང་ཚེ་སྒྲིག་འགལ་བྱུང་བའི་དཔྱད་ཁྲ་གཏང་རྒྱུའི་ཉེན་བརྡ་བཏང་འདུག རྩ་བའི་ཕྱི་ཟླ་ ༡ པོའི་ནང་ Los Angeles ལོས་ཨེ་ཇི་ལིས་རྒྱ་དམར་གཞུང་ཚབ་མདུན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས། གཞུང་ཚབ་ངོས་ནས་མི་སྣ་གླས་ཏེ། ངོ་རྒོལ་བ་རྣམས་ལ་ Pepper-Spray མིག་ཚ་གཤེར་གཟུགས་གཏོར་བའི་ཡོ་བྱད་བེད་སྤྱོད་བྱས་པ་དང་། རྡུང་རྡེག་བཏང་སྟེ་ལུས་སེམས་གཉིས་ལ་གནོད་འཚེ་བྱས་པ། ལྷག་པར་ཁེ་ལི་ཕོར་ནི་ཡའི་གནོད་འཚེ་འགོག་ཐབས་ཀྱི་ Bane and Ralph Acts ཁྲིམས་སྒྲིག་དང་འགལ་འཛོལ་བྱུང་བའི་ཉེས་འཛུགས་འོག་སྤྱི་དམངས་ཁྲིམས་གཏུག་བྱས་ཡོད་ཅིང་། ད་ལྟའི་ཆར་ཁྲིམས་ཁང་ནང་ཁྲིམས་དཔྱད་ཀྱི་ལས་རིམ་འགོ་འཛུགས་བྱེད་མེད་པ་རེད་དའུག རྒྱ་ནག་མང་གཙོ་ཚོགས་པའི་ངོས་ནས་ཁྲིམས་གཏུག་རྗེས་ཀྱི་བརྒྱུད་རིམ་ཡོངས་རྫོགས་ལ་བྱ་ར་བྱ་རྒྱུ་དང་། བདེན་པ་ར་འཕྲོད་ཡོང་བའི་དགོས་འདུན་ཐོག །ཁྲིམས་ཐོག་ནས་འགན་འཁྲི་ཡོད་པ་བཟོ་རྒྱུ་ཡིན་ཞེས་གསུངས་བ་དང་འབྲེལ། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པ་རྣམས་ལ་བཙན་གནོན་མཚམས་འཇོག་དང་། སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ལ་གུས་བརྩི་ཞུ་དགོས་པ། ལྷག་པར་འབྲེལ་ཡོད་སྡེ་ཁག་ཚང་མས་ཕྱི་ཟླ་ ༡ པོའི་ཚེས་ ༤ ཉིན་གྱི་གནད་དོན་ལ་དོ་སྣང་བྱ་དགོས་པ་མ་ཟད། ཁྲིམས་གཏུག་གི་ལས་རིམ་ལ་སྐུལ་མ་གཏང་དགོས་པའི་དགོས་འདུན་བཏོན་འདུག ད་རེས་ཞི་ཅིན་ཕིང་ཨ་རིར་སླེབས་པའི་སྐབས་སུ། རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང་། བོད་མི། ཧོང་ཀོང་བ། ཡུ་གུར་སོགས་རྒྱ་དམར་གཞུང་གི་དྲག་གནོན་འོག་ཡོད་པའི་མི་རིགས་དེ་དག་གིས་ངོས་ལེན་མེད་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། དུས་མཚུངས་སུ་རྒྱ་དམར་ལ་རྒྱབ་སྐྱོར་བྱེད་མཁན་ཁག་གཅིག་ཀྱང་འཛོམས་ནས་ཕན་ཚུན་གདོང་ཐུག་གི་གནས་ཚུལ་ཡང་བྱུང་ཡོད་པ་རེད། ལྷག་པར་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་རྒྱ་དམར་གཞུང་དང་འབྲེལ་བའི་ཁ་བྱང་ཁག་གཅིག་གིས། ཞི་ཅིན་ཕིང་ལ་ངོ་རྒོལ་བྱེད་པའི་བརྙན་པར་དེ་དག་སྒྲ་མེད་པར་བེད་སྤྱོད་བྱས་ཏེ། ཞི་ཅིན་ཕིང་ལ་དགའ་བསུ་ཞུ་ཡི་ཡོད་པའི་རྣམ་པ་སྟོན་ནས་ལོག་བཤད་བྱས་དང་བྱེད་བཞིན་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྟེན་གཞིས་བྱས་པའི་རྒྱ་དམར་གཞུང་ཚབ་ཁང་གིས་ངོ་རྒོལ་བ་དེ་དག་ལ་དྲག་གནོན་བྱེད་བཞིན་པ་ནི་གནས་ཚུལ་གསར་པ་ཞིག་གཏན་ནས་མིན་ཞིང་། ལྷག་པར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱ་ནག་གི་རྒྱལ་མཚམས་ལ་བརྒལ་བའི་དྲག་གནོན་བྱེད་བཞིན་པར་བློ་འཚབ་དང་གདོང་ལེན་ཆེ་ཆེར་བྱས་དང་བྱེད་བཞིན་ཡོད་པ་རེད། མ་ཟད་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེའི་དོན་ཚན་ ༦༣ པ་དེའི་ནང་ཕྱིའི་ཚོགས་སྒེར་སུ་རུང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལག་བསྟར་ལ་གཏོར་བཤིག་དང་། མི་རིགས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་ལ་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པར་བརྟེན། མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཁོངས་ཁྱབ་ཚད་ནི་རྒྱ་ནག་གི་ས་ཁོངས་ཕྱི་ལོགས་སུའང་བརྐྱངས་ཡོད་པ་རེད། གཞི་རྩའི་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༡༢ ཉིན་ Netherlands  ནི་དྷར་ལེནྜ་ The Hague ཧེག་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་ People’s Court མི་མང་ཁྲིམས་ཁང་གིས། ཞི་ཅིན་ཕིང་ནས་ཐའེ་ཝན་ལ་བཙན་ཤེད་བྱས་པའི་ནག་ཉེས་དང་། བོད་ནང་འགྲོ་བ་མིའི་རིགས་ལ་གདུག་རྩུབ་གཏོང་བའི་ནག་ཉེས། དེ་བཞིན་ཤར་ཏུར་ཀིས་ཐན་ནང་ཡུ་གུར་མི་རིགས་སྡེབས་གསོད་ཀྱི་ནག་ཉེས་བཅས་ལ་གཞིགས་ཏེ་འཛིན་བཟུང་བྱ་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་དང་། ཁྲིམས་ཐོག་ནས་འཛིན་བཟུང་བྱ་རྒྱུའི་ཆ་རྐྱེན་ཆ་ཚང་ཡོད་པ་དེ་ལྟར་ཡང་། གཞུང་འབྲེལ་གྱི་ཁྲིམས་ཁང་ཞིག་མིན་སྟབས་དེ་ལྟ་བུའི་དབང་ཚད་མེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐག་གཅོད་དེར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་པའི་གནས་ཚུལ་ཡང་བྱུང་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་བར་ངོ་རྒོལ་སྐད་འབོད་གྱི་ལས་འགུལ་སྤེལ་འདུག

ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་གྱི་ཡོད་པ་བསྟུན།  ཁ་སང་ཕྱི་ཚེས་ ༢༧ ཉིན་ཨོ་གླིང་དུ་བོད་མི་ཚུད་པའི་རྒྱ་ནག་གི་བཙན་གནོན་འོག་མྱོང་བཞིན་པའི་མི་རིགས་བཅས་ལྷན་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག རྩ་བའི་རྒྱ་ནག་དམར་པོའི་རིང་ལུགས་པ་ཚོས་དེ་སྔ་ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡༠ ཚེས་ ༡ ཉིན་སྐབས་དེའི་རྒྱ་ནག་གི་གོ་མིང་ཏང་སྲིད་གཞུང་མགོ་རྟིང་བསློགས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞེས་སྲིད་གཞུང་གསར་པ་འགོ་འཛུགས་བྱས་ཡོད་པ་དང་།  ཉིན་མོ་དེ་རྒྱ་ནག་གུང་ཁྲན་མང་ཚོགས་ཀྱིས་ལོ་འཁོར་དུས་དྲན་ཞིག་ཏུ་སྲུང་བརྩི་བྱེད་ཀྱི་ཡོད་ཀྱང་།  སྲིད་གཞུང་དེའི་འོག་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་བའི་རྒྱུ་མཚན་གྱིས།  རྒྱ་ནག་དམར་ཤོག་ཚོགས་པ་དང་ལྟ་སྤྱོད་མི་མཐུན་མཁན་དང་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོའི་ངོས་ནས་ཉིན་མོ་དེ་བཞིན་གདུང་སེམས་མཉམ་སྐྱེད་དང་སྦྲགས་ཏེ་ “Fall of China Day” ཞེས་རྒྱ་ནག་རྒྱལ་ཁབ་ཉམས་རྒུད་དུ་སོང་བའི་ཉིན་མོར་ངོ་རྒོལ་ལས་འགུལ་སྤེལ་བའི་ཐོག་ནས་སྲུང་བརྩི་ཞུ་ཡི་ཡོད་པ་རེད།  དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཡོང་རྒྱུའི་ཕྱི་ཟླ་ ༡༠ ཚེས་ ༡ སྟེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་ཏེ་ལོ་ངོ་ ༧༧ འཁོར་གྱི་ཡོད་པར།   ཨོ་གླིང་གི་ Sydney གྲོང་ཁྱེར་ནང་ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་འོག་མྱངས་པའི་ཨོ་སྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་ཁུལ་དུ་གནས་སྡོད་རྒྱ་རིགས་མཐུན་ཕྱོགས་རུ་ཁག་ནས་སྐབས་དེའི་ཚེ་དེའི་དུས་སུ་རྒྱ་ནག་གུང་ཁྲན་གྱི་དྲག་རྒོལ་འོག་ཚེ་སྲོག་ཤོར་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ད་ལྟའི་རྒྱ་ནག་གི་སྲིད་གཞུང་ལ་ངོ་རྒོལ་མཚོན་བྱེད་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་འདུག་པ་དང་།  ཁ་སང་གི་ཉིན་མོ་དེ་བཞིན་དེ་སྔ་ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་གསུམ་གྱི་དགེ་འདུན་པ་ཚོའི་སྣེ་ཁྲིད་འོག་རྒྱ་ནག་དམར་པོའི་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ་ལོ་ངོ་ ༣༩ འཁོར་བའི་དུས་དྲན་དང་སྟབས་ཁེལ་ཡོད་པར།  རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དེའི་ནང་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་གཙོས་པའི་ Australia Tibet Council ཨོ་སྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསོད་ནམས་ཚེ་རིང་ལགས།  དེ་བཞིན་ཨོ་སྟྲེ་ལི་ཡའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་མི་ Mehmet ལགས་དང་།  ཧོང་ཀོང་དང་ཐེ་ཝན་གྱི་སྐུ་ཚབ་འཐུས་མི་བཅས་ནས་མཉམ་ཞུགས་གནང་འདུག སྐབས་དེར་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས།  རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ངོ་རྒོལ་གྱིས་ད་བར་བོད་མི་ ༡༧༠ ཡིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གསལ་འདོན་གནང་བའི་ཐོག  །ཉེ་ལམ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གསར་ལག་བསྟར་བྱེད་འགོ་བཙུགས་པའི་སྐོར་སེམས་འཚབ་བཏོན་པ་དང་འབྲེལ།  སྲིད་བྱུས་དེས་རྒྱ་ནག་གི་བཙན་གནོན་འོག་མྱོང་བཞིན་པའི་བོད་མི་གཙོས་པའི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་རིག་གནས་ཤུག་བཞག་དང་སྐད་ཡིག་ངོ་བོ་དང་བཅས་པ་རྩ་མེད་གཏོང་བཞིན་པ་དག་བཅའ་ཁྲིམས་སུ་བཀོད་པ་ཞིག་ཡིན་སྐོར་གསུངས་འདུག དེ་བཞིན་ཁ་སང་གི་འདུ་འཛོམས་ཐོག་ཨོ་སྟྲེ་ལི་ཡའི་བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསོད་ནམས་ཚེ་རིང་ལགས་དང་ཨོ་སྟྲེ་ལི་ཡའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་མི་ Mehmet ལགས་རྣམ་གཉིས་ནས་ཀྱང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་ལ་ངོ་རྒོལ་གསལ་འདོན་དང་འབྲེལ་ཏེ།  ཨོ་གླིང་སྲིད་གཞུང་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ངོས་ནས་རྒྱ་ནག་གིས་ཡུལ་དེའི་གྲངས་ཉུང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་བྱུས་བཅའ་ཁྲིམས་གཏན་འབེབས་བརྒྱུད་ལག་བསྟར་བྱས་པ་དེ་མཚམས་འཇོག་གིས་ཕྱིར་འཐེན་དགོས་སྐོར་རྒྱ་ནག་ལ་གནོན་ཤུགས་སྤྲད་དགོས་པ་གསུངས་འདུག འདི་ག་རླུང་འཕྲིན་ཁང་གིས་ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་སུ་བཀའ་འདྲི་ཞུས་ཡོད། 

བོད་མི་གཙོ་བོར་འགྱུར་བའི་རྒྱ་ནག་གི་སྡུག་རྩུབ་མྱོང་བཞིན་པའི་མི་རིགས་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཁྲོད་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད།

ཁ་སང་ཨ་རིའི་རྒྱལ་ས་ Washington DC ནང་དུ་བོད་མི་གཙོ་བོར་འགྱུར་བའི་རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་ཡུ་གུར་དང་ཧོང་ཀོང་། ནང་སོག་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཀྱིས། བོད་རང་བཙན། རྒྱ་ནག་བོད་ནས་མར་རྒྱུག་ཅིག ཞི་ཅིན་ཕིང་ལ་དགའ་བསུ་མེད། རྒྱ་ནག་གིས་ཉེས་མེད་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་གློད་བཀྲོལ་དགོས། ཧོང་ཀོང་ལ་རང་དབང་དགོས་སོགས་ཀྱི་འབོད་ཚིག་ཁྲོད་ཨ་རིའི་སྲིད་འཛིན་ Donald Trump དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་མཇལ་འཕྲད་གནང་འདུག https://www.youtube.com/watch?v=zCMMgptcSio དེ་ཡང་ཁ་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་ནང་དུ་འབྱོར་རྗེས་ཁ་སང་ཕྱི་ཚེས་ ༢༤ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིགས་འོག ཨ་རིའི་ས་ཕྱོགས་གང་ས་དང་ཁེ་ན་ཌ་བཅས་ནས་ཕེབས་པའི་བོད་མི་སྟོང་ཚོ་བརྒལ་བ་དང་། དེ་བཞིན་ཡུ་རོབ་ནས་ཀྱང་ལས་འགུལ་བ་ཁག་གཅིག་བཅས་འདུ་འཛོམས་ཐོག་སྔ་དྲོ་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་བོད་རང་དབང་རང་བཙན་དང་རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་མི་རིགས་རྩ་གཏོར་གྱི་ཁྲིམས་དང་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བའི་རྗེས་སུ། བོད་ཀྱི་རྒྱལ་དར་དང་ངོ་རྒོལ་གྱི་འཕྲེད་དར་བསྣམས་པའི་བོད་མི་ལས་འགུལ་བ་རྣམས་ནས་ཉིན་རྒྱབ་ཨ་རིའི་གྲོས་ཚོགས་བར་དུ་ངོ་རྒོལ་སྐད་འབོད་གནང་བཞིན་གོམ་བགྲོད་གནང་འདུག   ཐེངས་འདིའི་ལས་འགུལ་གྱི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་སོགས་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མང་དག་ཞིག་ནས་མཉམ་ཞུགས་གནང་འདུག  །ཕྱོགས་མཚུངས་ཁ་སང་ཕྱི་དྲོ་ཡུ་གུར་བ་དང་ཧོང་ཀོང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་རྒྱ་ནག་གི་སྡུག་རྩུབ་མྱོང་བཞིན་པའི་མི་རིགས་ཀྱི་ཚོགས་པ་ཁག་གི་གོ་སྒྲིག་འོག ཁུལ་དེའི་ Franklin Park ས་ཚིགས་སུ་མི་མང་འདུ་འཛོམས་ཆེན་མོ་ཞིག་གནང་བའི་ཐོག་ནས་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་སྤེལ་བའི་ཐོག་ལ་ཡང་བོད་མི་ལས་འགུལ་བ་རྣམས་ནས་མཉམ་ཞུགས་གནང་བ་མ་ཟད།  ཕྱི་དྲོ་ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིང་ལ་གཞུང་འབྲེལ་གསོལ་སྟོན་བཀྱགས་པའི་དུས་སྐབས་སུའང་བོད་མི་ལས་འགུལ་བ་ ༢༠༠ སྐོར་ཞིག་ནས་རྒྱ་རིགས་ལས་འགུལ་བ་རྣམས་ཀྱི་ལྷན་དུ་ཨ་རིའི་ཕོ་བྲང་དཀར་པོའི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག   འདི་ག་རླུང་འཕྲིན་ཁང་གིས་ཁ་སང་གི་ངོ་རྒོལ་དང་འབྲེལ་བའི་བརྙན་པར་ཁག་ལ་ཞིབ་འཇུག་བྱས་པའི་ནང་དུ། ཁ་སང་ངོ་རྒོལ་བའི་ཁྲོད་ལ་ཁ་རས་ནག་པོ་སྤྲས་པ་དང་བརྙན་པར་འཁྱེར་བའི་རྒྱ་ནག་གི་གསང་བའི་ལས་བྱེད་པ་གང་སར་མངོན་རྒྱུ་ཡོད་པ་དང་། ཞི་ཅིན་ཕིང་གི་ཁོི་པའི་བཟའ་ཟླ་གཉིས་ཕྱིར་མོ་ཊའི་ནང་འཐོན་པའི་སྐབས་སུ་རྒྱ་ནག་གཞུང་གིས་གསང་བའི་ལས་བྱེད་པ་དེ་དག་གིས་བོད་མི་དང་རྒྱ་རིགས་དམངས་གཙོའི་ལས་འགུལ་བ་རྣམས་ལ་དྲག་རྒོལ་བྱས་པ་ཡང་མངོན་རྒྱུ་འདུག ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་བོད་མི་གཙོས་པའི་རྒྱ་ནག་ལ་ངོ་རྒོལ་གནང་མཁན་ཚོའི་འདུ་འཛོམས་ཆེན་མོའི་ཐོག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་ Nancy Pelosi མཆོག་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་ Jim Mcgovern ལགས་གཉིས་ཆེད་ཕེབས་ཀྱིས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་གནང་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན།  ཁ་སང་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་འཕྲད་སྐབས་རྒྱལ་ཁབ་ཕྱོགས་ཕན་ཚུན་གྱི་ཚོང་འབྲེལ་འགྲན་རྩོད་སྒྲིག་འཇགས་ཀྱི་གྲོས་མཐུན་ཟླ་བ་ ༢ ཕར་འགྱངས་བྱ་རྒྱུ་དང་། མིས་བཟོས་རིག་ནུས་ཀྱི་འགྲན་རྩོད་ཀྱི་གནད་དོན། དེ་བཞིན་རྒྱལ་ཁབ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་འབྲེལ་ལམ་ཐབས་བྱུས། ཨི་རན་གྱི་གནད་དོན། དེ་བཞིན་ཨ་རིའི་ངོས་ནས་ཐེ་ཝན་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་མེད་པ་སོགས་ཀྱི་གནད་དོན་སྐོར་གླེང་སློང་བྱས་ཡོད་པ་འཁོད་ཡོད་ཀྱང་། བོད་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱུང་བའི་སྐོར་ད་བར་གནས་ཚུལ་ཐོན་མིན་འདུག  །ཡིན་ནའང་རྒྱལ་སྤྱིིའི་གནས་ཚུལ་ཁག་གི་ནང་དུ་ཁ་སང་སྲིད་འཛིན་རྣམ་པ་གཉིས་ཀྱི་མཇལ་འཕྲད་དང་ཕྱི་དྲོའི་གསོལ་སྟོན་བཅས་ཀྱི་སྐབས་སུ། བོད་གཙོ་བོར་འགྱུར་བའི་མི་རིགས་གཞན་གྱི་ངོ་རྒོལ་སྐད་འབོད་ཀྱི་སྒྲ་གསལ་པོ་ཐོས་རྒྱུ་ཡོད་པ་གསུངས་འདུག ཁ་སང་གི་དུས་ཚིགས་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཞི་ཅིན་ཕིང་ཨ་རིར་ཕེབས་པར་ངོ་རྒལ་ཡོད་པ་དང་། སྲིད་འཛིན་ Trump ལ་ཞི་ཅིན་ཕིང་ལྷན་དུ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་སྐོར་གླེང་སློང་ངེས་པར་དུ་གནང་དགོས་པའི་ཞུ་སྐུལ་གྱི་བསྒྲགས་གཏམ་རིམ་པ་གཉིས་སྤེལ་གནང་འདུག རྩ་བའི་ཁ་སང་ཙམ་མ་ཟད། ཞི་ཅིན་ཕིང་ཨ་རིར་མ་སླེབས་སྔོན་ཚུད་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གཞོན་སྐྱེས་ཤིག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་གློག་གི་ལྕགས་ཧྲེང་ཞིག་གི་སྟེང་ལ་འཛེགས་ནས་ཞི་ཅིན་ཕིང་ལ་དགའ་བསུ་མེད། རྒྱ་མར་བོད་ནས་མར་རྒྱུག་ཅིག  །བོད་རང་བཙན་ཞེས་འཕྲེད་དར་འཕྱར་བ་དང་ངོ་རྒོལ་སྐད་འབོད་གནང་བ་མ་ཟད། ཞི་ཅིན་ཕིང་འབྱོར་བའི་ཉིན་མོ་དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཡུ་རོབ་བོད་རིགས་གཞོན་སྐྱེས་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་བཅས་ཀྱི་ལས་འགུལ་བ་རྣམས་ནས་ཀྱང་ལམ་བར་དུ་ས་ཚིགས་འདྲ་མིན་ལ་ངང་སྒུག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད།  སྐབས་དེ་དུས་ཡང་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཁག་གཅིག་གིས་བོད་མི་དང་རྒྱ་རིགས་ལས་འགུལ་བ་རྣམས་ཀྱི་རྒྱལ་དར་འཕྲོག་པ་དང་། དབྱུག་པ་བཙུགས་པ་སོགས་ཀྱི་དྲག་རྒོལ་བྱས་པའི་གནད་དོན་ཡང་བྱུང་ཡོད་པ་རེད།

དགའ་བསུ་དང་ངོ་རྒོལ་གཉིས་ལྡན་ཐོག་ཞི་ཅིན་ཕིང་ཨ་རིར་འབྱོར་བ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་ནང་གི་ཕྱི་ཚེས་ ༢༣ གྱི་ཕྱི་དྲོ་འབྱོར་བ་དང་བསྟུན། ལམ་བར་དུ་རྒྱ་ནག་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གི་དར་དམར་འཕྱར་ཏེ་དགའ་བསུ་ཞུས་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་བོད་མི་དང་ཡུ་གུར། ཧོང་ཀོང་དང་ཐེ་ཝན། Falun Gong རྗེས་འབྲངས་པ། དེ་བཞིན་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཀྱི་ཚོ་ཁག་མང་པོས་ཞི་ཅིན་ཕིང་ཇག་པའི་འགོ་གཙོ་ཡིན་པ་དང་། རྒྱ་ནག་བོད་ནས་མར་རྒྱུག་གཅིག ཞི་ཅིན་ཕིང་སྲིད་འཛིན་ནས་ཕྱིར་འབུད་དགོས་པ་སོགས་ཀྱི་འཕྲེད་དར་དང་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་འདུག དེ་ཡང་དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་དབར་ཚོང་དང་འགྲོ་བ་མིའི་ཐོབ་ཐང་། མིས་བཟོས་རིག་ནུས་དང་བཅོས་མའི་འཕྲུལ་ལས་སོགས་ཀྱི་མི་མཐུན་པའི་ཆ་མང་དག་ཅིག་གི་ཁྲོད་ནས་ཁ་སང་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ Washington DC ནང་དུ་འབྱོར་ཡོད་པ་དང་། སྐབས་དེར་ཨ་རིའི་སྲིད་འཛིན་ Donald Trump མཆོག་སྐུ་ཉིད་གནམ་ཐང་དུ་ཕེབས་ནས་ཞི་ཅིན་ཕིང་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་རྗེས། ཞི་ཅིན་ཕིང་མགྲོན་ཁང་ཕྱོགས་སུ་བསྐྱོད་སྐབས། ལམ་བར་དུ་ཟམ་པའི་སྟེང་དང་ལམ་ཟུར་བཅས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བཅས་བོད་མི་གཙོས་པའི་རྒྱ་ནག་གཞུང་གི་སྡུག་རྩུབ་མྱོང་བཞིན་པའི་མི་རིགས་ཀྱི་ཚོགས་པ་འདྲ་མིན་གྱིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་ཤུགས་ཆེ་གནང་འདུག  སྐབས་དེར་རྒྱ་ནག་རྒྱབ་སྐྱོར་བ་མང་དག་ཅིག་ཀྱང་དར་དམར་འཁྱེར་ནས་ཞི་ཅིན་ཕིང་ལ་རྒྱབ་སྐྱོར་བྱེད་དུ་སླེབས་པ་རྣམས་ཀྱིས་ལོ་ཤས་སྔོན་ San Francisco ནང་དུ་བྱུང་བ་དང་གཅིག་མཚུངས་གིས་བོད་མི་དང་ལས་འགུལ་བ་གཞན་གྱི་འཕྲེད་དར་དར་དམར་གི་བཀབ་པ་དང་། ས་ཚིགས་ཁག་གཅིག་ལ་དྲག་རྒོལ་ཡང་བྱས་པའི་བརྙན་ཐུང་མང་དག་ཅིག་མངོན་རྒྱུ་འདུག མ་ཟད་ད་ལྟ་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་དང་གནས་ཚུལ་མང་དག་ཅིག་འཐོན་བཞིན་པའི་ཁྲོད། རྒྱལ་ས་ Washington DC ནང་དུ་ཞི་ཅིན་ཕིང་བསྡད་སའི་མགྲོན་ཁང་གི་ཉེ་འགྲམ་དུ་ལས་འགུལ་བ་མང་དག་ཅིག་ནས་མཐའ་སྐོར་ཏེ་ངོ་རྒོལ་སྐད་འབོད་གནང་བཞིན་པ་མངོན་རྒྱུ་འདུག ཕྱོགས་མཚུངས་ཁ་སང་ Washington DC ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ Jim McGovern ལགས་ཀྱི་ལྷན་དུ་ཨ་རིའི་གྲོས་ཚོགས་ཀྱི་མདུན་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་བའི་ཐོག  །ད་རེས་ཨ་རྒྱ་གཉིས་ཀྱི་འགོ་ཁྲིད་མཇལ་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པ་དང་། སྲིད་འཛིན་ Trump མཆོག་གིས་ཞི་ཅིན་ཕིང་ལ་ཨ་རི་ལྷན་དུ་འབྲེལ་བ་བཟང་པོ་འདོད་ན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་མ་གནང་བར་འགྲོ་ས་མེད་པ་ནན་པོ་གསུངས་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་ཟེར་བའི་སྐབས་སུ་བོད་མིའི་ངོས་ནས་བཤད་ན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་གློད་བཀྲོལ་དང་བོད་ནང་མི་རིགས་བཙན་བསྒྱུར་གྱི་ངན་བྱུས་ལྡན་པའི་གཏན་འཇགས་སློབ་གྲྭའི་སྲིད་བྱུས་མཚམས་འཇོག་དགོས་པ། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་ཞི་བའི་ངང་སེལ་བའི་སླད་དུ་བོད་མི་ལྷན་དུ་མིང་དོན་མཚུངས་པའི་གྲོས་མོལ་བྱ་དགོས་པ་དང་། མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ཀྱི་གནད་དོན་ཐོག་ཐེ་བྱུས་བྱེད་རྒྱུ་མེད་པ་བཅས་ནན་བརྗོད་གནང་འདུག རྩ་བའི་དེ་རིང་ཕྱི་ཚེས་ ༢༤ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གཉིས་དངོས་སུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང་འབྲེལ། ཨ་རིའི་ས་ཕྱོགས་གང་ས་དང་ཁེ་ན་ཌ་བཅས་ནས་བོད་མི་ལས་འགུལ་བ་ ༢༠༠༠ སྐོར་ཞིག་ནས་དེ་རིང་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་དང་ཨ་རིའི་གྲོས་ཚོགས་བར་དུ་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་མ་ཟད། ཞི་ཅིན་ཕིང་གི་མགྲོན་ཁང་དང་ཨ་རི་སྲིད་འཛིན་ལས་ཁུངས་བཅས་ཀྱི་ས་ཚིགས་འདྲ་མིན་ལ་རྒྱ་རིགས་དང་ཡུ་གུར་སོགས་རྒྱ་ནག་གི་བཙན་གནོན་མྱོང་མཁན་གྱི་མི་རིགས་གཞན་གྱིས་ཀྱང་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གཏན་ཁེལ་བ་བཅས། གང་ལྟར་ཞི་ཅིན་ཕིང་ཨ་རིའི་ནང་དུ་ལྷོད་ལྷོད་བྱས་ནས་སྐོར་བསྐྱོད་བྱེད་ཐུབ་རྒྱུ་ཁག་པོ་བཟོས་ཡོད་པ་རེད་འདུག

རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣༠ ལྷག་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ ༡༣༠ ལྷག་གིས་མཚན་རྟགས་བཀོད་དེ་མཉམ་འབྲེལ་གྱི་གལ་ཆེའི་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད།  སྲིད་གཞུང་ཁག་གཅིག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལག་ཆ་ལྟ་བུར་བེད་སྤྱོད་ཇེ་ཆེར་གྱིས་ལས་འགུལ་བར་ཁ་གྲག་ཏུ་མི་འཇུག་པའི་གནས་སྟངས་སོགས་ཀྱི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཡ་ལན་ནུས་པ་ལྡན་པ་ཞིག་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་།  བར་ལམ་རྒྱལ་སྤྱིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་།  མང་གཙོ།  ཁྲིམས་གྱི་དབང་སྒྱུར།  དེ་བཞིན་དེ་དག་སྲུང་སྐྱོབ་གནང་མཁན་གྱི་ལས་འགུལ་བ་བཅས་ཀྱི་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཇེ་ཆེར་འཕེལ་བཞིན་པའི་གནས་སྟངས་ལ་གདོང་ལེན་ཆེད་དུ།  སྲིད་གཞུང་ཁག་དང་།  ཚོང་ལས་ཁང་།  རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས།  དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་བཅས་ནས་མཐུན་སྒྲིལ་གྱི་ནུས་པ་ལྡན་པའི་ཕྱག་ལས་གནང་དགོས་པའི་འབོད་སྐུལ་དང་སྦྲགས་ཏེ།  རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣༠ ལྷག་གིས་རང་སོ་སོའི་མཚན་རྟགས་བཀོད་པའི་ཐོག་གལ་ཆེན་དོན་ཆེན་གྱི་མཉམ་འབྲེལ་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་ཡོད་པ་རེད་འདུག རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོ་ཁག་གི་བསྒྲགས་གཏམ་དེའི་ནང་།  གདུག་རྩུབ་ཅན་གྱི་སྲིད་གཞུང་ཁག་གིས་རྒྱལ་མཚམས་ལས་བརྒལ་ཏེ་ཕྱི་རྒྱལ་དུ་དེ་གའི་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ།  ཁྲིམས་འགལ་གྱི་གསོད་རེས་དང་།  མནར་གཅོད།  སུན་གཙེར།  བཀག་ཉར།  འགྲུལ་བཞུད་བཀག་སྡོམ།  ཕྱིར་འབུད་བཏང་བ།  མི་སེར་གྱི་ཐོབ་ཐང་འཕྲོག་པ།  རྒྱལ་སྤྱིའི་ཁྲིམས་ལུགས་ལས་ཁུངས་ཀྱི་བརྡ་ཐོ་ལོག་སྤྱོད་བྱེད་པ།  ནང་མི་ཉེ་འབྲེལ་ལ་འཇིགས་སྐུལ་བྱེད་པ་སོགས་ཁོང་རྣམས་ཁ་གྲག་ཏུ་མི་འཇུག་པའི་ཐབས་ཇུས་རིགས་སྣ་མང་གསལ་སྟོན་དང་འབྲེལ།  ཐབས་ཇུས་དེ་དག་ད་ལྟའི་ཆར་འཕྲུལ་ལས་དང་།  སྤྱི་ཚོགས་དྲྭ་རྒྱ།  མཉེན་ཆས།  དེ་བཞིན་མིས་བཟོས་རིག་ནུས་ཅན་དུ་འགྱུར་བཞིན་པར་ཉེན་ཁ་སྔར་ལྷག་ཆེ་རུ་འགྲོ་བཞིན་ཡོད་པ་ཐེར་འདོན་གནང་འདུག རྩ་བའི་ཐེངས་འདིའི་བསྒྲགས་གཏམ་ནང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་གྱི་རྒྱལ་ཁབ་ཁག་དངོས་སུ་མིང་འདོན་བྱས་མེད་ཀྱང་།  རྒྱ་ནག་ནི་བྱ་འགུལ་དེ་རིགས་སྤེལ་མཁན་གྱི་རྒྱལ་ཁབ་གཙོ་གྲས་ཤིག་ཆགས་ཡོད་པ་དང་།  དེའང་འདས་པའི་ལོ་མང་རིང་རྒྱ་ནག་གིས་བཙན་བྱོལ་བོད་མི་གཙོ་བོ་འགྱུར་བའི་ཡུ་གུར་བ་དང་ཧོང་ཀོང་བ་སོགས་ཀྱི་མི་རིགས་ཐོག་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་མ་ཟད།  རྒྱལ་སྤྱིའི་ཁུངས་ལྡན་ཚོགས་སྡེ་ཁག་ནས་ཀྱང་དེ་འབྲེལ་སྙན་ཐོ་མང་པོ་འདོན་སྤེལ་གནང་ཡོད་པ་རེད།  དེ་འབྲེལ་ ISHR ཞེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁང་གི་ཞུ་གཏུག་འགན་འཛིན་རྒན་པ་སྐུ་ཞབས་ Raphaël Viana David ལགས་ཀྱིས།  ད་བར་བྱུང་མྱོང་མེད་པའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་གྲངས་འབོར་ ༡༣༠ ལྷག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་གནང་དགོས་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་ཞིག་ཡིན་པ་གསལ་པོ་བཟོས་ཡོད་སྐོར་དང་འབྲེལ།  སྲིད་གཞུང་ཁག་ནས་ཉེས་ཅན་པ་དེ་དག་ལ་འགན་འཁྲི་འཁུར་དུ་བཅུག་དགོས་པ་ཙམ་མིན་པར།  དྲག་གནོན་དེའི་འོག་གནོད་འཚེ་ཕོག་མཁན་དང་དམིགས་བསལ་གྱི་བཙན་བྱོལ་བ་ཚུད་པའི་ཕྱི་རྒྱལ་ཁབ་ཁག་ཏུ་གནས་སྡོད་གནང་མཁན་རྣམས་ཀྱི་དགོས་མཁོར་དམིགས་ཏེ་ཁྲིམས་དང་སྲིད་བྱུས་གཏན་འབེབས་གནང་དགོས་གལ་ཡིན་པ་གསུངས་འདུག  །ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུར་སེམས་འཁུར་བཞེས་མཁན་གྱི་རྒྱལ་ཚོགས་དང་རྒྱལ་ཁབ་ཚང་མས་ཆེད་ལས་མཁས་པ་ཚོའི་འབོད་སྐུལ་ལ་དོ་སྣང་གནང་བའི་ཐོག  །ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུ་མཁན་དང་གདུག་རྩུབ་ཅན་གྱི་སྲིད་གཞུང་ལ་སྐྱོན་བརྗོད་དང་དགག་པ་རྒྱག་མཁན་རྣམས་སྲུང་སྐྱོབ་ཐད་ཕྱག་ལས་གནང་དགོས་པ་གསུངས་འདུག དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁང་གི་ནིའུ་ཡོག་ལས་ཁུངས་ཀྱི་འགན་འཛིན་ Madeleine Sinclair ལགས་ཀྱིས།  རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱིས་རྒྱལ་ཚོགས་ཀྱི་འགན་འཁུར་ལས་དོན་གཙོ་བོ་རྣམས་ཉམས་རྒུད་དུ་གཏོང་ཐུབ་པ་མ་ཟད།  གོ་ལའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་དེའང་ལོང་བ་དང་འོན་པ་བཟོ་ཐུབ་ཀྱི་ཡོད་སྐོར་ཉེན་བརྡ་བཏང་བ་དང་།  ལྷག་པར་དུ་རྒྱལ་ཁབ་ཁག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ལས་འགུལ་བ་རྣམས་རྒྱལ་ཚོགས་དྲུང་དུ་ཞུ་གཏུག་སོགས་ཀྱི་བརྒྱུད་རིམ་སྐབས་སུ་གདུག་རྩུབ་ཅན་གྱི་སྲིད་གཞུང་གི་ལག་པ་རིང་པོ་ནས་སྲུང་སྐྱོབ་བྱ་དགོས་པ་གསུངས་འདུག བསྒྲགས་གཏམ་ནང་ད་དུང་།  རྒྱལ་ཁབ་ཁག་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་འབྲེལ་བའི་ད་ལྟའི་ཆར་ཁྲིམས་འགལ་གྱི་བྱ་སྤྱོད་ཁོངས་སུ་མི་གཏོགས་པ་རིགས་ལའང་ཁྲིམས་ལུགས་ཀྱི་ཁྱབ་ཚད་སྤྲད་དེ་ཉེས་ཆད་འགེལ་ཆོག་པ་བཟོ་དགོས་པ་དང་།  གདུག་རྩུབ་ཅན་གྱི་སྲིད་གཞུང་འོག་ཉེན་ཁའི་ནང་ལྷུང་བའི་མི་རྣམས་ལ་སྲུང་སྐྱོབ་རྒྱ་ཆེར་གཏང་སྟེ།  དེའི་ནང་མགྱོགས་མྱུར་གྱིས་སྐྱབས་བཅོལ་དང་གནས་སྤོ་བྱེད་པའི་ལམ་བུ་འཚོལ་རྒྱུ་དང་།  སེམས་ཁམས་བདེ་ཐང་གི་རོགས་སྐྱོར་སྤྲོད་དགོས་པའི་སྐུལ་མ་གནང་འདུག་ལ།  སྒེར་གྱི་ཁེ་ལས་ཁག་ནས་ཀྱང་མང་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐོག་ཚོང་ལས་ཁེ་ཕན་ལ་མ་ལྟོས་པར་འགན་འཁྲི་འཁུར་དགོས་པ་གསུངས་འདུག

བོད་པའི་བུད་མེད་གཞོན་སྐྱེས་ཤིག་གིས་ཨ་སྒོར་ས་ཡ་ ༦༣ གྱི་འཁོར་ཡུག་མ་དངུལ་འཚོལ་སྒྲུབ།

ཨ་རིར་གནས་བཞུགས་བོད་མི་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དུ་འཚར་ལོང་བྱུང་བའི་མྱོང་བ་དང་འབྲེལ་ནས་རང་ཉིད་ཀྱི་མི་ཚེའི་ལམ་བུའི་ཁྲོད། Pulse Fund ཞེས་པའི་མ་དངུལ་ཐེབས་རྩ་ཁང་གསར་བཙུགས་དང་མཉམ་འབྲེལ་འཛིན་སྐྱོང་བརྒྱུད་གནམ་གཤིས་འགྱུར་ལྡོག་གིས་གོ་ལ་སྤྱི་ལ་ཁྱབ་པའི་དཀའ་ངལ་ལ་གདོང་ལེན་སླད་ས་ཡ་ ༦༣ གྱི་ཁོར་ཡུག་མ་དངུལ་འཚོལ་སྒྲུབ་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡༨ ཉིན་ Forbes ཞེས་ཨ་རིའི་ཚོང་དང་དཔལ་འབྱོར། འཕྲུལ་ལས་དང་འགོ་ཁྲིད་སོགས་དང་འབྲེལ་བའི་གནས་ཚུལ་སྤེལ་མཁན་བརྒྱུད་ལམ་གྱི་དྲྭ་གནས་ཐོག བསྟན་འཛིན་གསལ་སྒྲོན་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་སྤེལ་འདུག་པ་དེའི་ནང་དུ། བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་ Energy Transition འམ་ནུས་ཁུངས་བསྒྱུར་བཅོས་དང་། Infrastructure འམ་རྨང་གཞིའི་འཛུགས་བསྐྲུན། ཟས་རིགས་དང་ཞིང་ལས། དེ་བཞིན་འགྲུལ་བསྐྱོད་བཅས་གནམ་གཤིས་དང་འབྲེལ་བའི་གནད་དོན་ཐོག་ཕྱག་ལས་གནང་མཁན་གྱི་ཚོང་ལས་ཁང་གསར་པ་རྣམས་ལ་མ་དངུལ་རོགས་སྐྱོར་སླད་ཁོང་རང་ཉིད་ཀྱིས་གསར་བཙུགས་དང་མཉམ་འབྲེལ་འཛིན་སྐྱོང་གནང་བཞིན་པའི་ Pulse ཐེབས་རྩ་ཁང་གི་བརྒྱུད་ཨ་སྒོར་ས་ཡ་ ༦༣ གྱི་ཁོར་ཡུག་མ་དངུལ་འཚོལ་སྒྲུབ་གནང་འདུག   བསྟན་འཛིན་གསལ་སྒྲོན་ལགས་དེ་སྔ་བྱིས་པ་ལོ་ ༥ ཡིན་པའི་སྐབས་སུ། རང་ཉིད་གནས་སྡོད་བྱས་སའི་གྲོང་སྡེའི་སྟེང་དུ་ཡོད་པའི་འཁྱགས་རོམ་ཞིག་སྔར་ལས་ལྷག་པའི་མྱུར་ཚད་ཐོག་བཞུར་ཏེ་ཆུ་རུད་བྱུང་བའི་ཁྲོད་ཁོང་རྩེད་མོ་རྩེ་སའི་རྩེ་ཐང་དེ་ཆུས་ཁྱེར་ཡོད་པ་མ་ཟད། སྐབས་དེར་ཁོང་གི་འཁྱགས་རོམ་དང་ཆུ་རུད་སོགས་ཀྱི་སྐོར་གང་ཡང་ཤེས་ཀྱི་མེད་ཀྱང་། ལོ་རེ་བཞིན་རི་བོ་དེ་དག་འགྱུར་བ་ཕྱིན་པ་མཐོང་ཡོད་པ་དང་། དེའི་རྗེས་སུ་ཁོང་ཨ་རིར་གནས་སྤོས་བྱས་པའི་རྗེས་སུ་འཛིན་རིམ་བཅུ་པའི་སྐབས་གནམ་གཤིས་འགྱུར་ལྡོག་ཞེས་པའི་ཚིག་བརྗོད་དང་གནད་དོན་དེའི་སྐོར་ཐོག་མར་ཐོས་པའི་རྗེས་སུ་རིམ་པས་ཁོང་ནས་གནམ་གཤིས་དང་ཁོར་ཡུག་གི་གནད་དོན་ཐོག་ཕྱག་ལས་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་གསུངས་འདུག བསྟན་འཛིན་གསལ་སྒྲོན་ལགས་ནས་ཨ་རིའི་ Stanford མཐོ་སློབ་ནས་སློབ་ཐོན་གནང་རྗེས་ Oxford གཙུག་ལག་སློབ་གཉེར་ཁང་དུ་ Rhodes སློབ་ཡོན་གྱི་འོག་ནས་སློབ་གཉེར་གནང་བའི་ཁྲོད་ཨང་རྩིས་དང་གནམ་གཤིས་སྲིད་བྱུས་བཅས་ཀྱི་སློབ་སྦྱོང་གནང་ཡོད་པ་དང་། རྗེས་སུ་ཁོང་ཐའེ་ལེནཌི་ནང་དུ་རྒྱལ་ཚོགས་ཀྱི་ཁོར་ཡུག་ལས་གཞིའི་ནང་ཕྱག་ལས་གནང་བའི་སྐབས་སུ། ས་གནས་ཁག་ཏུ་རང་བྱུང་གོད་ཆགས་ཀྱི་ཉེན་ཚབས་ཉུང་འཕྲིའི་སྲིད་བྱུས་ཐོག་ཕྱག་ལས་གནང་ཡོད་པ་ལྟར། ཉམས་མྱོང་དེ་དག་གིས་ཁྲོད་ནས་ཁོང་གིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་དཔལ་འབྱོར་མཐུན་རྐྱེན་བསྐྲུན་རྒྱུའི་ལས་དོན་ཐོག་ཕྱག་ལས་གནང་འགོ་བཙུགས་འདུག Forbes གསར་ཁང་གི་བཅར་འདྲིའི་ཁྲོད་གསལ་སྒྲོན་ལགས་ཀྱིས། སྤྱིར་གནམ་གཤིས་ཚན་རིག་པ་དང་སྲིད་བྱུས་བཟོ་མཁན་རྣམས་ཀྱིས་ཧི་མ་ལ་ཡའི་ཆུ་བོའི་ཐོག་རྟེན་གཞི་བྱས་པའི་སྤྱི་ཚོགས་ལ་འཕྲད་པའི་ཉེན་ཁའི་སྐོར་ཤེས་ཀྱི་ཡོད་ཀྱང་དཀའ་ངལ་མེད་པ་བཟོ་རྒྱུའི་ལས་གཞི་ཁག་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མི་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་འབྲེལ། ཁོང་ནས་མ་དངུལ་འཛུགས་མཁན་གྱི་ལས་དོན་མ་གཉེར་སྔོན་ལ་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་འཕྲུལ་རིག་ཚོང་ལས་ཁང་འཛུགས་རྒྱུའི་ཐོག་ཕྱག་ལས་གནང་ཡོད་པ་རེད་འདུག བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་གསུང་ཡག་ལ། Pulse ཐེབས་རྩ་ཁང་གིས་ནུས་ཤུགས་དང་ཞལ་ལགས། རྨང་གཞིའི་འཛུགས་བསྐྲུན་དང་འགྲུལ་བསྐྱོད་བཅས་ཀྱི་སྡེ་ཚན་རྣམས་ལ་མ་འཛུགས་གནང་གི་ཡོད་པ་དང་། དེའང་སྡེ་ཚན་དེ་དག་ལོགས་སུ་ངོས་འཛིན་མ་བྱས་པར་སྡེ་ཚན་གཅིག་གིས་སྡེ་ཚན་གཞན་ལ་ཕན་ཐོགས་སྒྲུབ་མཁན་གྱི་ཚོང་ལས་ཁང་ལ་མ་འཛུགས་བྱེད་ཀྱི་ཡོད་པ་རེད་འདུག   དེའི་ཁྲོད་ཐེབས་རྩ་ཁང་གི་ངོས་ནས་ Endera དང་ Floodbase, InventWood, Mast Reforestation, Plantible, Twelve and Unravel Carbon སོགས་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་འཕྲུལ་རིག་བཟོ་བསྐྲུན་གྱི་ཚོང་ལས་ཁང་གི་ནང་དུ་མ་འཛུགས་བྱས་ཡོད་པ་དང་། མ་འཛུགས་བྱེད་མཁན་ཁོངས་སུ་ཚོགས་པ་སྒྲིག་འཛུགས་དང་ཚོང་ལས་ཁང་། ཁྱིམ་ཚང་སྒེར་དང་ཐབས་བྱུས་རྒྱབ་སྐྱོར་བ་བཅས་ཚུད་ཡོད་པ་རེད་འདུག ད་རེས་ Pulse ཐེབས་རྩ་ཁང་གིས་ཁོར་ཡུག་མ་དངུལ་གྱི་གསལ་སྒྲགས་དེ་ཡང་དེང་སྐབས་མ་འཛུགས་འཇོག་མཁན་མང་ཆེ་བས་མི་བཟོས་རིག་ནུས་ཀྱི་ལས་དོན་ལ་དམིགས་བཞིན་པའི་དུས་སུ་ཆགས་ཀྱི་ཡོད་པ་ལྟར། བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་གནམ་གཤིས་འཕྲུལ་ལས་དང་མིས་བཟོས་རིག་ནུས་གཉིས་དབར་འབྲེལ་བ་ཐག་ཉེ་བོ་ཡོད་པ་དང་།  དེའང་མི་བཟོས་རིག་ནུས་རྒྱ་སྐྱེད་གཏང་བར་གློག་གི་ནུས་ཤུགས་ཀྱི་འགྲོ་སོང་ཆེན་པོ་ཡོད་སྟབས། Pulse ཐེབས་རྩ་ཁང་གིས་མིས་བཟོས་རིག་ནུས་རྒྱ་སྐྱེད་མུ་མཐུད་ཡོང་བར་དགོས་ངེས་ཅན་ཡིན་པའི་གནམ་གཤིས་དང་ནུས་ཤུགས་ཀྱི་ལས་དོན་ལ་མ་འཛུགས་བྱས་ཡོད་པ་རེད་འདུག མ་ཟད་ཐེབས་རྩ་ཁང་དེས་ཕྱི་ལོ་ ༢༠༢༤ ལོའི་བར་སྣང་ཁྲིམས་མཐུན་གན་རྒྱ་གཞིར་བཞག་གིས་ NASA བར་སྣང་ཞིབ་འཇུག་སྒྲིག་འཛུགས་དང་ལྷན་དུ་མཉམ་ལས་གྱི་གན་རྒྱ་བཞག་པའི་ཐོག  ཐེབས་རྩ་ཁང་གི་མ་འཛུགས་བྱས་སའི་ཚོང་ལས་ཁང་རྣམས་ལ་ NASA ཡི་ཕྱི་གསལ་གནང་བའི་གོ་ལའི་གྲངས་འཛིན་དང་ཁོར་ཡུག་ཚན་རིགས་བཅས་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་ཡང་བསྐྲུན་ཡོད་པ་རེད་འདུག

ཞི་ཅིན་ཕིང་ལ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཕྱི་གསལ་བྱ་དགོས་པའི་བརྡ་ལན།

བདུན་ཕྲག་རྗེས་མར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་ནང་རྒྱལ་དོན་ཕྱོགས་བསྐྱོད་ལ་སླེབས་འཆར་ཡོད་པ་དང་བསྟུན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་ཀྱིས་ཞི་ཅིན་ཕིང་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནད་དོན་ཕྱི་གསལ་བྱ་དགོས་པའི་བརྡ་ལན་གནང་འདུག་པ་མ་ཟད། ཞིའི་ཕྱོགས་བསྐྱོད་དང་བསྟུན་ཨ་རིའི་ནང་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་འདིའི་ཚེས་ ༢༣ ཉིན་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་སླད་འབྱོར་གྱི་ཡོད་སྟབས། ཨ་རིའི་ནང་གི་བོད་དོན་དང་འབྲེལ་བའི་ཚོགས་སྒེར་འདྲ་མིན་ཁག་གིས་སྲིད་འཛིན་ཊོམཔ་མཆོག་ལ་ཐེངས་འདིའི་གོ་སྐབས་དང་བསྟུན་ཞི་དང་ལྷན་ངེས་པར་དུ་བོད་དོན་གླེང་སློང་དགོས་པའི་ཞུ་སྐུལ་རིམ་པར་གནང་བཞིན་པའི་ཁྲོད། སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་བརྒྱུད། ཞི་ཅིན་ཕིང་གཟའ་འཁོར་རྗེས་མར་ཨ་རིར་འབྱོར་སྐབས་ཞི་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་དགོས་པ་མ་ཟད། རིན་པོ་ཆེ་མཆོག་ལ་༸སྐུ་ཉིད་ཀྱི་རྗེས་འབྲངས་པ་རྣམས་ལ་བཀའ་མོལ་གནང་ཆོག་པའི་ཆོག་མཆན་སྤྲད་དགོས་ཀྱི་རེད་ཅེས་གསུངས་འདུག ད་དུང་སྐུ་ཞབས་ཁོང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ནི་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་ཆུང་ཤོས་དེ་ཡིན་ཞིང་། རྒྱ་ནག་གི་དབང་འཛིན་པ་ཚོས་ཁོང་དགུང་ལོ་དྲུག་ལ་སོན་སྐབས་བཙན་ཁྲིད་ཀྱིས་དུས་དེ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་པ་མ་ཟད། ཁོང་ནི་༸གོང་ས༌༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གཙོ་གྲས་ཤིག་ཡིན་པ་གསུངས་ཏེ། རྒྱ་དམར་སྲིད་གཞུང་གིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོག་གིས་༸སྐུའི་ཡང་སྲིད་ཐད་ལའང་ཐེ་བྱུས་བྱ་ཐབས་བྱེད་བཞིན་ཡོད་སྐོར་སོགས་མངོན་གསལ་གནང་འདུག མ་ཟད་ཁོང་གིས་ཨ་རིའི་སྲིད་འཛིན་ངོས་ནས་ཞི་ལ་དེ་འབྲེལ་གནད་དོན་ཐད་གནོན་ཤུགས་སྤྲོད་དགོས་སྐོར་གསུངས་པ་དང་འབྲེལ། སྲིད་འཛིན་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆབ་སྲིད་བཙོན་པའི་གནད་དོན་བཅས་གལ་འགངས་ཆེན་པོར་འཛིན་པའི་ཐོག་དབུ་ཁྲིད་ཕན་ཚུན་གྱི་གྲོས་གཞིའི་ནང་བཞག་སྟེ་རྒྱ་ནག་དང་བོད་ནང་གི་རང་དབང་ཐད་བཞེངས་དགོས་པའི་ཞུ་སྐུལ་གནང་འདུག སྤྱིར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་ལ་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ལགས་ནི་ཨ་རིའི་གྲོས་ཚོགས་ཀྱི་ Tom Lantos Human Rights Commission ཞེས་ཨ་རིའི་གྲོས་ཚོགས་འོག་མའི་ཆབ་སྲིད་དབྱེར་མེད་ཀྱི་འཐུས་མི་ཁག་གཅིག་ལས་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་ཆུང་དེའི་ཁྱབ་ཁོངས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་ཐབས་མཚོན་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ཐད་ཕྱག་ལས་གནང་མཁན་ཞིག་ཡིན་པ་རེད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ད་རེས་ཨ་རིར་བསྐྱོད་འཆར་ཡོད་པ་དེ་ནི་ཕྱི་ལོ་ ༢༠༡༥ རྗེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཐེངས་འདིའི་ཕྱོགས་བསྐྱོད་སྐབས་ཨ་རི་དང་རྒྱ་ནག་གི་དབུ་ཁྲིད་དབར་ཚོང་ལས་དང་སྒོ་ཁྲལ་སྲིད་བྱུས། མི་བཟོས་རིག་ནུས་སོགས་ཀྱི་གནད་དོན་སླད་གྲོས་མོལ་བྱེད་འཆར་ཡོད་པ་དང་། གནས་ཚུལ་ཐོན་ཁག་ལ་གཞིགས་ན། ཁོང་ཚེས་ ༢༣ ཉིན་ཨ་རིར་རྒྱལ་སར་འབྱོར་སྐབས། ཨ་རིའི་སྲིད་འཛིན་མཆོག་གནམ་ཐང་དུ་ཕེབས་བསུར་བཅར་གྱི་ཡོད་པ་དེའང་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ཚང་མར་གནང་སྲོལ་ཡོད་པ་ཞིག་མིན་པ་རེད། ཞི་ཅིན་ཕིང་ད་རེས་ཨ་རིར་བསྐྱོད་རྒྱུ་ཡིན་པ་དེའང། ཉེ་ལམ་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནང་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་བོད་རང་བཙན་སླད་རང་ལུས་མེར་བསྲེགས་གནང་བའི་རྗེས་འབྲས་སུ་འཁེལ་གྱི་ཡོད་པའི་ཁྲོད། ཁ་ཉིན་འདི་ཚེས་ ༡༧ ཉིན།བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་ཞལ་ཆེམས་བཞིན་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་སྐྱོང་དང་། ཞི་ཅིན་ཕིང་ཨ་རིའི་རྒྱལ་སར་སླེབས་འཆར་ཡོད་པར་དགའ་བསུ་མེད་པ། ལྷག་པར་དུ་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་མིན་པ་མ་ཟད། ད་ལྟའི་ཆར་བོད་ནི་རྒྱ་ནག་གི་བཙན་བཟུང་འོག་ཡོད་པའི་དངོས་ཡོད་གནས་སྟངས་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་རྟོགས་སྤེལ་ཆེད་ཨ་རིའི་ནིའུ་ཡོག་ནིའུ་འཇར་སིའི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སའི་ས་ཚིགས་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་བར་རང་བཙན་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་འདུག ཐེངས་འདིའི་གོམ་བགྲོད་ལས་འགུལ་གྱི་སྣེ་ཁྲིད་པ་ནི། བོད་ཀྱི་རང་བཙན་འཐབ་རྩོད་པ་རང་བཙན་སྒྲོལ་དཀར་ལགས་དང་ཀུན་བཟང་དཔལ་མོ་ལགས་རྣམ་གཉིས་ཡིན་ཞིང་། ལས་འགུལ་ནང་བོད་མི་ ༡༣ དང་གཞན་སོག་པོ་བ་གཅིག་བཅས་མི་གྲངས་ ༡༤ ནས་མཉམ་ཞུགས་གནང་ཡོད་འདུག སྤྱིར་ཐེངས་འདིའི་རྒྱ་ནག་གི་སྲིད་འཛིན་ཨ་རིར་བསྐྱོད་འཆར་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབུས་པའི་ཚོགས་སྡེ་ཁག་ ༣༠ ཙམ་གྱིས་ཀྱང་སྲིད་འཛིན་ཊོམཔ་མཆོག་ལ་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་གསོ་གནང་དགོས་པ་དང་། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་གཞན་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་དེའི་སྐོར་སོགས་ངེས་པར་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་ཡོད་པ་མ་ཟད། གཞན་ཡང་འདི་ཚེས་ ༢༤ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ཚོགས་པ་ཁག་ནས་ངོ་རྒོལ་སྐད་འབོད་གནང་འཆར་ཡོད་པ་རེད་འདུག

Latest news