རྒྱལ་སྤྱི།

བོད་དང་འབྲེལ་བའི་གློག་བརྙན་གཉིས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གཟིགས་འབུལ་ཞུས་འདུག

ཁ་སང་ནས་བཟུང་བོད་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་ 4 Rivers 6 Ranges ཞེས་པ་དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ནང་གཟིགས་འབུལ་ཞུས་ཡོད་པ་དང་། ཇོ་མོ་གླང་མའི་ཐོག་ཐེངས་དང་པོ་འཛེགས་མཁན་བསྟན་འཛིན་ནོར་རྒྱས་ལགས་དང་འབྲེལ་བའི་གློག་བརྙན་བསྟན་འཛིན་ཞེས་པ་དེ་ཊོ་རོན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུས་འདུག དེ་ཡང་བོད་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་གམ་ 4 Rivers 6 Ranges ཅེས་པའི་གློག་བརྙན་དེ་བཞིན་ཁ་སང་ནས་བཟུང་རྒྱ་གར་གྱི་མངའ་སྡེ་ཁག་ ༡༤ ནང་གཟིགས་འབུལ་ཞུས་འདུག་པ་དང་།  གློག་བརྙན་ཁང་མི་འདྲ་བ་ ༥༥ ནང་གཟིགས་འབུལ་ཞུས་འགོ་བཙུགས་འདུག་པ་མ་ཟད།  བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཉེ་འགྲམ་གློག་བརྙན་ཁང་དུ་ཆེད་ཕེབས་ཀྱིས་གློག་བརྙན་བལྟས་པའི་རྗེས་སུ་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་བྱུང་བའི་བརྙན་ཐུང་མང་དག་ཅིག་སྤྱི་ཚོགས་དྲྭ་ལམ་དུ་མཐོང་རྒྱུ་ཡོད་པ་རེད་འདུག རྩ་བའི་གཞན་ཕན་ཁྱིམ་གསར་ལགས་ཀྱིས་བཟོ་བསྐྲུན་གནང་བའི་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་དེ་བཞིན་ཟླ་འདིའི་ཚེས་ ༡༡ ནས་འགོ་འཛུགས་ཀྱིས་རྒྱལ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་གི་ནང་དུ་གཟིགས་འབུལ་ཞུ་རྒྱུ་གཏན་ཁེལ་བྱུང་ཡོད་ཀྱང་།  ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ BRICS ཞེས་གོ་ལ་ལྷོ་ཕྱོགས་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཡོད་པ་དང་།  སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་སླེབས་ཡོད་སྟབས།  གློག་བརྙན་དེ་བཞིན་ཁ་སང་བར་ཕྱིར་འགྱངས་གནང་དགོས་བྱུང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་བཟོ་སྐྲུན་པ་གཞན་ཕན་ཁྱིམ་གསར་ལགས་སུ་གློག་བརྙན་དེ་བཞིན་རྒྱ་གར་རྒྱལ་ཡོངས་ནང་གཟིགས་འབུལ་ཞུ་དགོས་པའི་རྒྱུ་མཚན་དང་དེའི་ཆེད་དུ་དཀའ་ངལ་གང་འཕྲད་ཡོད་མིན། དཀའ་ངལ་དེ་དག་ལ་གདོང་ལེན་གནང་ཕྱོགས། དེ་བཞིན་མི་མང་རྣམས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད། ཕྱོགས་མཚུངས་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ལ་མཐུན་འགྱུར་གནང་མཁན་བདེ་བ་ཚང་རྡོ་རྗེ་དབང་འདུས་ལགས་ཀྱིས་Jamdoll Tibet ཡུ་ཊུབ་བརྙན་ཐུང་ནང་ཁོང་གིས་གློག་བརྙན་དེ་བཞིན་རྒྱ་གར་རྒྱལ་ཡོངས་ནང་གཟིགས་འབུལ་ཞུས་ཐུབ་པའི་ཚོར་བ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་འདུག གཞན་ཡང་ཉེ་ཆར་ཕྱི་ཚེས་ ༡༥ ཉིན་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་ནང་འཚོགས་པའི་ཊོ་རོན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ Toronto International Film Festival ཐོག་བོད་དང་འབྲེལ་བའི་གློག་བརྙན་བསྟན་འཛིན་ཞེས་པ་དེ་གཟིགས་འབུལ་ཞུས་འདུག་པ་དང་།  སྐབས་དེར་བསྟན་འཛིན་ཞེས་པའི་གློག་བརྙན་ནང་གི་བོད་པའི་འཁྲབ་སྟོན་པ་བསྟན་འཛིན་དགྲ་ལྷ་ལགས་དང་འཕྲིན་ལས་ལྷ་མོ་ལགས། དེ་བཞིན་དགེ་ལྡན་ཕུན་ཚོགས་ལགས་བཅས་མཉམ་ཞུགས་གནང་འདུག རྩ་བའི་བསྟན་འཛིན་ཞེས་པའི་གློག་བརྙན་དེ་བཞིན་ཕྱི་ལོ་ ༡༩༥༣ ལོར་རི་བོ་ཇོ་མོ་གླང་མའི་ཡང་རྩེར་ཐོག་མ་འཛེགས་མཁན་བསྟན་འཛིན་ནོར་རྒྱས་ལགས་ཀྱི་སྐུ་ཚེ་ལོ་རྒྱུས་ལ་གཞིགས་ནས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་དང་།  གློག་བརྙན་དེའི་ནང་གི་བོད་པའི་འཁྲབ་སྟོན་པ་དགེ་ལྡན་ཕུན་ཚོགས་ལགས་ཀྱིས་བསྟན་འཛིན་ནོར་རྒྱས་འཁྲབ་ཡོད་པ་དང་། གློག་བརྙན་དེ་ Jennifer Peedom ལགས་ཀྱིས་བཟོ་སྐྲུན་གནང་བ་ཞིག་ཡིན་པ་མ་ཟད།  ཕྱི་ཟླ་ ༡༠ ཚེས་ ༩ ཉིན་རྒྱལ་སྤྱིའི་གློག་བརྙན་ཁང་ཁག་གི་ནང་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག མ་ཟད་བོད་པའི་གློག་བརྙན་འཁྲབ་སྟོན་པ་དགེ་ལྡན་ཕུན་ཚོགས་ལགས་ནི་དེ་སྔོན་བོད་པའི་གློག་བརྙན་བཟོ་སྐྲུན་པ་པདྨ་ཚེ་བརྟན་ལགས་ཀྱིས་བཟོ་སྐྲུན་གནང་བའི་གློག་བརྙན་སྦྱིན་པ་ཞེས་པའི་ནང་འཁྲབ་སྟོན་གནང་མྱོང་ཡོད་པ་དང་། འཕྲིན་ལས་ལྷ་མོ་ལགས་སུ་དེ་སྔ་ཟླ་ ༤ པའི་ནང་ The Film Critics Society of Nepal འམ་བལ་ཡུལ་གློག་བརྙན་དཔྱད་བརྗོད་ཚོགས་པས་ཆེ་བསྟོད་ཀྱིས་བུད་མེད་འཁྲབ་སྟོན་པ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་བསྟན་འཛིན་དགྲ་ལྷ་ལགས་ནི་རྒྱ་གར་གྱི་ Bollywood གློག་བརྙན་མང་དག་ཅིག་གི་ནང་འཁྲབ་སྟོན་གནང་མྱོང་མཁན་ཞིག་ཡིན་པ་མ་ཟད། ད་ལན་ཁོང་རྣམ་པ་གསུམ་ཀ་ཊོ་རོན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་མཉམ་བཞུགས་གནང་ཡོད་པ་རེད།

དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲུག་ཡུལ་ནང་ཆིབས་བསྒྱུར་མཛད་རྒྱུ།

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཡོང་རྒྱུའི་ཟླ་རྗེས་མའི་ཕྱི་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་བདུན་ཕྲག་གཅིག་ལྷག་རིང་འབྲུག་ཡུལ་དུ་ཆིབས་བསྒྱུར་གྱིས་ཡུལ་དེའི་ནང་གནས་གཟིགས་གཙོས་པའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་དང་རབ་གནས་བཀའ་དབང་སོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱང་རྒྱུ་རེད་འདུག དེ་ཡང་རུམ་བཏེག་དགོན་པ་མཚུར་ཕུ་བླ་བྲང་གི་འགན་འཛིན་དབུ་མཛད་བློ་གྲོས་བཟང་པོ་ལགས་ཀྱིས་གནད་དོན་དེའི་སྐོར་གསུང་དོན་ལྟར་ན།  དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཟླ་རྗེས་མ་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ པའི་ཚེས་ ༧ བར་ཁྱོན་ཉིན་གྲངས་དགུའི་རིང་འབྲུག་ཡུལ་དུ་ཆིབས་བསྒྱུར་དང་འབྲེལ།  ཡུལ་དེའི་ནང་ཆགས་པའི་འབྲུག་པ་གྲོ་སྟག་ཚང་གཙོས་པའི་གནས་ཆེན་ཁག་གཅིག་ལ་གནས་གཟིགས་མཛད་རྒྱུ་ཙམ་མ་ཟད།  ཡོང་རྒྱུའི་ལྷ་བབ་དུས་ཆེན་ཐོག་འབྲུག་རྒྱལ་པོ་སྐུ་འཁོར་དང་ལྷན་དུ་ཁུལ་དེའི་འབྲུག་དགེ་ལེགས་ཕུག་ས་གནས་སུ་གསར་རྒྱག་གནང་བཞིན་པའི་འབྲུག་ཡུལ་གྱི་ཚོང་འབྲེལ་གྲོང་ཁྱེར་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་ཚོགས་ཞེས་པ་དེར་གཟིགས་སྐོར་གྱིས།  འབྲུག་རྒྱལ་པོའི་ཐུགས་དགོངས་ལྟར་མང་ཚོགས་སྟོང་ཕྲག་མང་པོས་དང་བླངས་མཉམ་ཞུགས་ཐོག་ཉིན་གཅིག་ནང་བྱང་ཆུབ་མཆོད་རྟེན་མཐོ་ཚད་ལ་མི་ཊར་ ༡༥ ཅན་ ༡༠༨ བཞེངས་རྒྱུའི་གཞུང་འབྲེལ་གྱི་མཛད་སྒོར་དབུ་བཞུགས་དང་རབ་གནས་དེ་བཞིན་ཚེ་དབང་དང་བཀའ་དབང་ཁག་གཅིག་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད་འདུག   མ་ཟད་གདན་ས་རུམ་བཏེག་དགོན་པའི་མཁན་པོ་ཀརྨ་ཚེ་བརྟན་ལགས་ཀྱིས་ཀྱང་ཟམ་པ་ཞེས་པའི་ཡུ་ཊུབ་གླེང་སྟེགས་ཤིག་གི་ཐོག་གསུངས་པའི་ཁྲོད།  དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རིང་མིན་འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་དེ་ཉིད་གོ་ཐོས་བྱུང་མ་ཐག་མཁན་པོ་ཁོང་ལ་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་སོང་བ་དང་སྦྲགས།  ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཐེངས་འདིར་འབྲུག་ཡུལ་དུ་ཆིབས་བསྒྱུར་མཛད་རྒྱུ་དེ་བཞིན་རིམ་པས་རྒྱ་གར་དང་འཛམ་གླིང་ས་ཕྱོགས་གང་སར་ཕེབས་ཐུབ་པའི་ལམ་ཁ་ཞིག་ཆགས་ཡོད་པ་དང་།  ལོ་མང་རྗེས་སུ་དད་ལྡན་མང་ཚོགས་ལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་རྒྱུ་གོ་སྐབས་འབྱུང་གི་ཡོད་པར་གནས་ཚུལ་དེ་ཉིད་གནད་འགག་ཆེན་པོ་ཡིན་པ་གསུངས་སོང་། རྩ་བའི་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དེ་སྔ་ཕྱི་ལོ་ ༡༩༩༩ ལོར་དགུང་གྲངས་ ༡༤ སྐབས་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཞབས་སོར་འཁོད་རྗེས་བཞུགས་སྒར་ཉེ་འཁྲིས་དཔལ་ལྡན་རྒྱུད་སྟོད་དགོན་པར་ཡུན་རིང་སྐུ་བཞུགས་མཛད་ཡོད་པ་དང་།  འདས་པའི་ཕྱི་ལོ་ ༢༠༡༧ ལོར་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་བྱང་ཨ་རི་ཁུལ་དུ་སྨན་བཅོས་སླད་ཆིབས་བསྒྱུར་མཛད་དེ།  སྐབས་དེ་དུས་ཀྱི་གནས་སྟངས་རྒྱུ་མཚན་ཁག་གཅིག་གི་རྐྱེན་པས་རིན་པོ་ཆེ་མཆོག་ནས་ཡུལ་དེའི་ས་ཁྲའི་གཤམ་དུ་ཡོད་པའི་ Dominica རྒྱལ་ཁབ་ཀྱི་མི་སེར་གྱི་ཐོབ་ཐང་བཞེས་ཡོད་པ་དང་།  དུས་དེ་ནས་བཟུང་༸རྒྱལ་དབང་ཀརྨ་པ་མཆོག་ད་བར་རྒྱ་གར་དུ་ཕྱིར་ལོག་མཛད་ཐུབ་མེད་པའི་གནས་སྟངས་བྱུང་ཡོད་པ་རེད།  དེའི་བར་ན་རུམ་ཏེག་དགོན་པ་རྟེན་གཞི་བྱས་ས་འབྲས་ལྗོངས་མངའ་སྡེའི་གཞུང་ནས་ཀྱང་རྒྱ་གར་དབུས་གཞུང་གི་ཆོག་མཆན་འོག་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གདན་ས་རུམ་ཏེག་དགོན་དུ་གདན་འདྲེན་ཞུ་ཆེད་འབད་བརྩོན་ཤུགས་སྣོན་རིམ་པ་བརྒྱབ་དང་རྒྱག་བཞིན་ཡོད་པ་མ་ཟད།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ངོས་ནས་ཀྱང་ཐེངས་འདིར་འཚོག་བཞིན་པའི་གྲོས་ཚོགས་ལས་རིམ་ཐོག་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རྒྱ་གར་དུ་གདན་ཞུའི་གནད་དོན་ཐོག་གང་ཐུབ་ཅི་ཐུབ་གནང་བཞིན་ཡོད་པའང་གསུངས་ཡོད་པ་རེད། སྤྱིར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་འདས་པའི་ལོ་ངོ་བརྒྱད་ལྷག་རིང་ Dominica རྒྱལ་ཁབ་ནང་སྐུ་བཞུགས་མཛད་བཞིན་པའི་སྐབས་སུ་དྲྭ་ཐོག་བརྒྱུད་དེ་མང་ཚོགས་དད་ལྡན་པ་ཚོར་གསུང་ཆོས་དང་ལྗགས་ལུང་སོགས་ཀྱི་མཛད་འཕྲིན་རླབས་ཆེན་དུ་མ་མཛད་དང་མཛད་མུས་ཡིན་པ་མ་ཟད།  ཕྱི་ལོ་ ༢༠༢༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་རྒྱ་གར་ལ་ཆིབས་ཐོན་མཛད་པའི་ཁྲོད། ལམ་བར་སུད་སི་ནང་སྐུ་ངལ་གསོ་བཞུགས་མཛད་པའི་དུས་སྐབས་དང་བསྟུན།  ༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་༸གང་ཉིད་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་།  སྐབས་དེར་རིན་པོ་ཆེ་མཆོག་གིས་དྲྭ་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་མཐའ་དག་འཕྲལ་དུ་སྒྲུབ་དགོས་པ་ལས་ཕྱིར་བཤོལ་དང་ལྷོད་གཡེང་གི་དུས་ཚོད་མེད་པ་མ་ཟད།  བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་གལ་སོགས་ཀྱི་བཀའ་སློབ་ནན་ཏན་སྩལ་གནང་མཛད་ཡོད་པ་རེད།   གང་ལྟར་འབྲུག་ཡུལ་ལྟ་བུར་མཚོན་ན་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཐོག་གོང་མ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནས་དེ་སྔ་ཡུལ་དེར་ཆིབས་བསྒྱུར་ཐེངས་འགའ་ཤས་མཛད་དེ་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་དང་འབྲེལ།  ཡུལ་དེའི་མང་ཚོགས་ཁྲོད་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ལ་དམིགས་བསལ་གྱི་དད་གུས་ཁྱད་པར་ཅན་ཞིག་ཡོད་པ་རེད། 

ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ནས་བོད་ནང་གི་ཆུ་ལོག་གི་གནས་སྟངས་ཐོག་ཕྱི་གསལ་ནང་གསལ་དགོས་པ་ནན་བརྗོད།

ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Hadja Lahbib མཆོག་གིས་བལ་བོད་ས་མཚམས་ཀྱི་ཆུ་ལོག་གི་དོན་རྐྱེན་ཁྲོད་བོད་ནང་གི་གནས་ཚུལ་དེ་བཞིན་ཕྱི་གསལ་ནང་གསལ་དགོས་པ་ནན་བརྗོད་གནང་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༡༤ ནས་ ༡༧ བར་ Strasbourg ནང་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཚོགས་གནང་ཡོད་པ་ལྟར། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ Hadja Lahbib མཆོག་གིས་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་གནད་དོན་སྐོར་ལ་གསུང་སྐབས། ང་ཚོས་བོད་ནང་གི་གནས་སྟངས་ལ་སྣང་མེད་སྐྱུར་འཇོག་བྱ་རྒྱུ་མེད་སྐོར་གསུངས་པ་དང་འབྲེལ། བོད་ནང་ནས་ཡིད་ཆེས་འཕེར་བ་དང་དུས་ཐོག་གི་གནས་ཚུལ་དགོས་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་ཞིང་། འདི་ལྟར་བྱུང་ན་ས་གནས་སུ་རོགས་སྐྱོར་དང་ནང་མིའི་གནས་ཚུལ་འཚོལ་ཐབས་སོགས་ཀྱི་ཐད་རམ་འདེགས་ཐུབ་རྒྱུ་ཡིན་སྟབས། ས་གནས་ས་ཐོག་ནས་གནས་ཚུལ་ཁ་གསལ་དང་ཕྱི་གསལ་ནང་གསལ་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག རྩ་བའི་ལྕམ་སྐུ་ Hadja Lahbib མཆོག་གི་བཀའ་མོལ་དེ་ནི་ཡོ་རོབ་གྲོས་ཚོགས་འཐུས་མི་དང་ཡུན་རིང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ Tomáš Zdechovský ལགས་ཀྱིས་གྲོས་ཚོགས་ནང་བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་དོན་རྐྱེན་དང་འབྲེལ་བའི་གནད་དོན་གླེང་སྐབས་གསུངས་བ་ཞིག་རེད་འདུག  སྐབས་དེར་ཁོང་གིས་རྒྱ་ནག་གཞུང་གི་བཙན་འོག་ཡོད་པའི་བོད་དེ་བཞིན་སྣང་མེད་དུ་གཏོང་མི་རུང་བ་ཡིན་པ་ནན་བརྗོད་དང་སྦྲགས། ཆུ་ལོག་དང་འབྲེལ་བའི་གྲོས་མོལ་གནང་སྐབས་བོད་ཕྱོགས་ཀྱི་གནས་ཚུལ་དང་ལྷག་པར་དུ་ཡུལ་དེའི་ནང་དུ་རོགས་སྐྱོར་ཐོབ་ཡོད་མེད་ཅེས་ཀྱི་ཐོག་གནས་ཚུལ་གང་ཡང་ཡོད་མ་རེད་ཅེས་སེམས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས། ཆུ་ལོག་གི་དོན་རྐྱེན་བྱུང་སའི་ས་གནས་སུ་མཉམ་ལས་ཕྱག་ལས་དེ་བཞིན་སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྷག་པར་དུ་ཡོ་རོབ་མཐུན་ཚོགས་ངོས་ནས་ས་མཚམས་སུ་རོགས་དངུལ་གྱི་གནས་སྟངས་ཀྱི་གལ་ཆེའི་རང་བཞིན། དེ་བཞིན་ཆུ་ལོག་ལ་གདོང་ལེན་བྱ་ཐབས་སླད་སྔོན་ཚུད་ནས་ཉེན་བརྡ་མ་ལག་གི་མཐུན་རྐྱེན་དང་གནས་ཚུལ་མཉམ་སྤྱོད། གནོད་སྐྱོན་ཕོག་སའི་ས་ཚིགས་སུ་ལྟ་ཞིབ་ཀྱི་མཐུན་རྐྱེན་བཅས་ཡར་རྒྱས་གཏོང་དགོས་པ་འབོད་སྐུལ་ཞུས་འདུག གནད་དོན་དེ་འབྲེལ་སྦེལ་ཇམ་བོད་ཀྱི་སྐུ་ཚབ་དོན་ཁང་གིས་ཡོ་རོབ་མཐུན་ཚོགས་ངོས་ནས་བལ་བོད་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆགས་ཁྲོད་ཚེ་སྲོག་ཤོར་བ་རྣམས་དང་གནོད་སྐྱོན་ཕོག་པ་རྣམས་ལ་ཡོ་རོབ་མཐུན་ཚོགས་ཀྱིས་དུས་ཐོག་ལ་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གནང་འདུག་པ་དང་སྦྲགས།  ད་ལྟའི་ཆར་ཆུ་ལོག་གི་རྐྱེན་པས་བོད་ནང་གི་གནས་སྟངས་གང་ཡིན་མིན་སྐོར་སེམས་འཚབ་མངོན་གསལ་གནང་བ་མ་ཟད།  ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་རོགས་སྐྱོར་གྱི་དཀའ་ངལ་ཐད་གླེང་སློང་དང་གྲོས་བསྡུར་བྱེད་སྐབས་བོད་ཀྱི་གནད་དོན་དེ་བཞིན་ཚུད་དགོས་པ་ནན་བརྗོད་གནང་འདུག མ་ཟད་བོད་ཀྱི་གནས་སྟངས་དེ་བཞིན་བལ་ཡུལ་ལྟར་མ་ཡིན་པར།  བོད་ནང་གནས་ཚུལ་གྱི་དམ་དྲག་དང་བཀག་སྡོམ་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ལ་ཤེས་རྟོགས་ཡོང་རྒྱུ་ཁག་པོ་ཡིན་པ་དང་།  གནོད་སྐྱོན་ཕོག་པ་རྣམས་ལ་དགོས་མཁོའི་རོགས་སྐྱོར་གྱི་གནས་སྟངས།  དེ་བཞིན་གནོད་སྐྱོན་ཕོག་པ་རྣམས་ལ་རོགས་སྐྱོར་ཐོབ་ཡོད་མེད་དང་། ཐོབ་ཡོད་པ་རྣམས་ལ་རོགས་སྐྱོར་གྱི་གནས་བབ་གང་འདྲ་བྱུང་ཡོད་མེད་བཅས་ཀྱི་ཐོག་ཁ་གསལ་ཤེས་རྟོགས་བྱུང་རྒྱུ་ཁག་པོ་ཆགས་ཡོད་པ་འགྲེལ་བརྗོད་གནང་འདུག རྩ་བའི་བལ་བོད་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆགས་དང་འབྲེལ།  ད་ལྟའི་ཆར་བལ་ཡུལ་གཞུང་ངོས་ནས་ཆུ་ལོག་གི་གོད་ཆགས་དང་གནམ་གཤིས་འགྱུར་ལྡོག་གཉིས་ཀྱི་དབར་འབྲེལ་བ་གང་ཡོད་མེད་ཐོག་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། ཞིབ་འཇུག་དེའི་བརྒྱུད་ནས་བལ་ཡུལ་གཞུང་གིས་རྒྱལ་ཚོགས་ནས་རོགས་དངུལ་ཪག་ཐབས་བྱེད་འཆར་ཡོད་པ་མ་ཟད། BBC གསར་ཁང་གིས་ད་ལྟའི་ཆར་ཤེས་རྟོགས་བྱུང་བར་གཞིགས་ན།  བལ་ཡུལ་གཞུང་ངོས་ནས་རྒྱལ་ཚོགས་ནས་ཨ་སྒོར་ས་ཡ་ ༢༠ ཡི་རོགས་སྐྱོར་རག་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་དང་ད་ལྟ་བར་བལ་ཡུལ་ནང་མི་ ༡༤༠༠ ལྷག་འདས་གྲོངས་སུ་གྱུར་འདུག་པ་དང་། མི་༦༡༥༠ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་ཀྱང་།  ད་བར་བོད་ནང་གི་ཆུ་ལོག་གི་གོད་ཆགས་ཀྱི་གནས་ཚུལ་དང་ལྷག་པར་དུ་འདས་གྲོངས་སུ་གྱུར་བ་དང་གནོད་སྐྱོན་ཕོག་པའི་མི་གྲངས་བཅས་ད་ལྟའང་གནས་ཚུལ་ཁ་གསལ་མེད་པ་རེད་འདུག

སྲིད་འཛིན་ཊོམཔ་མཆོག་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པའི་ཞུ་སྐུལ།

རིང་མིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་ཕྱོགས་བསྐྱོད་དུ་སླེབས་འཆར་ཡོད་པ་ལྟར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༢༩ ཙམ་གིས་སྲིད་འཛིན་ཊོམཔ་མཆོག་ལ་ཞི་ཅིན་ཕིང་དང་ཐུག་འཕྲད་སྐབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་གསོ་གནང་དགོས་པ་དང་། ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་གཞན་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་དེའི་སྐོར་སོགས་ངེས་པར་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་ཁ་སང་ཚེས་ ༡༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དྲྭ་གནས་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། བོད་དོན་རྒྱབ་སྐྱོར་བ་དང་ཨ་རིར་གནས་སྡོད་ཚོགས་མི་ཁྲི་ ༥ ཙམ་ལས་གྲུབ་པའི་ལས་འགུལ་ཁང་དེའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གཅིག་དང་མཉམ་འབྲེལ་སྒོ་ནས་རྒྱ་ནག་གཞུང་ལ་རང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འཕྲད་བཞིན་པའི་དཀའ་ངལ་རྣམས་འཕྲལ་མ་ཉིད་དུ་སེལ་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེའང་གཙོ་བོ་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དང་། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་མཚམས་འཇོག དེ་བཞིན་མང་ཚོགས་ཀྱི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་རང་དབང་ཞི་བའི་སྒོ་ནས་སྤྱད་པའི་ལས་དོན་རྣམས་ནག་ཉེས་ཅན་དུ་བསྒྱུར་བའི་རྒྱ་ནག་གི་ཁྲིམས་དང་སྲིད་བྱུས་ལ་བསྐྱར་བཅོས་བྱེད་པའི་ཐོག་སེལ་ཐབས་དགོས་པ་གསུངས་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ ༢༩ ཙམ་གྱིས་ཞི་ཅིན་ཕིང་ལ་ཕུལ་བའི་ཞུ་སྙན་དེའི་ནང་། ཕྱི་ལོ་ ༢༠༡༢ ལོ་མཇུག་ནས་ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་བོད་མིས་གཙོས། ཡུ་གུར་མི་རིགས་དང་། གཞན་གྲངས་ཉུང་མི་རིགས་རྣམས་ལ་མུ་མཐུད་རང་གི་རིག་གཞུང་དང་། ངོ་བོ། སྐད་ཡིག་བཅས་རྩ་མེད་གཏོང་ཐབས་དང་། རང་དབང་གི་གཏམ་བརྗོད་དང་དྲང་བདེན་གྱི་ཁྲིམས་བཤེར་ཐོབ་ཐང་བཅས་ལ་འགོག་རྐྱེན་བཟོ་བཞིན་ཡོད་པ་གསལ་སྟོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་། རྒྱ་ནག་གིས་བོད་ལ་རང་སྐྱོང་ལྗོངས་ཞེས་འབོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་ཞི་ཅིན་ཕིང་གི་སྲིད་བྱུས་རྣམས་ཀྱིས་བོད་མི་རྣམས་ལ་དོན་སྙིང་ལྡན་པའི་རང་སྐྱོང་གི་རྣམ་པ་གང་ཡང་མེད་པར་བཟོ་ཐབས་བྱེད་བཞིན་པ་དང་དེའང་ཉེ་ཆར་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བ་བརྒྱུད་དེ་བས་ཇེ་སྡུག་ཏུ་བཏང་ཡོད་སྐོར་གསུངས་བ་མ་ཟད། ཞི་ཅིན་ཕིང་གིས་སྲིད་དབང་བཟུང་བ་ནས་བཟུང་རྒྱ་ནག་གིས་བོད་ནང་བཙན་དབང་གིས་མི་རིགས་འདྲེས་སྒྱུར་གྱིས་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཨ་རིས་གཏན་འབེབས་ཟིན་པའི་བོད་དོན་སྲིད་བྱུས་རྣམས་ལག་བསྟར་བྱེད་རྒྱུ་ནི་སྔར་ལས་ཀྱང་ཛ་དྲག་ཏུ་གྱུར་ཡོད་པ་གསུངས་འདུག དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཨ་རིའི་བོད་དོན་སྲིད་བྱུས་ནི་གསལ་པོ་ཡིན་ཞིང་། ༢༠༠༢ ལོའི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་དང་། ༢༠༢༤ ལོའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཉིས་ཀྱིས་བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་དེ་སྔོན་འགྲོའི་ཆ་རྐྱེན་མེད་པའི་ཐོག་ནས་དོན་སྙིང་ལྡན་པའི་གྲོས་མོལ་བརྒྱུད་ཞི་བའི་སྒོ་ནས་སེལ་དགོས་པ་གཏན་འབེབས་བྱས་ཡོད་པ་ལྟར། ཁྲིམས་ཡིག་དེ་དག་གིས་ཨ་རིའི་གཞུང་ལ་རྒྱ་ནག་དཔོན་རིགས་དང་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་བམ་ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་པའི་དབུ་ཁྲིད་བར་གྲོས་མོལ་གནང་རྒྱུར་སྐུལ་མ་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་སྐོར་གསུངས་བ་དང་འབྲེལ། སྲིད་འཛིན་ཊོམཔ་མཆོག་གིས་དེ་དོན་སྲིད་བྱུས་འདི་ཉིད་བརྩི་སྲུང་སྒོ་ནས་ད་རེས་ཞི་ཅིན་ཕིང་དང་ཐུག་འཕྲད་ཀྱི་གོ་སྐབས་ཆེ་བཞེས་ཐོག་བོད་རྒྱའི་གྲོས་མོལ་སླར་གསོ་ཐུབ་པར་གནོན་ཤུགས་སྤྲོད་དགོས་པ་གསུངས་པ་མ་ཟད། དེའང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་གསར་བརྒྱུད་བོད་མི་རིགས་ཀྱི་རྨང་གཞིར་གནོད་འཚེ་ཆེན་པོ་བཟོ་བཞིན་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་དེ་བས་གནད་འགག་ཆགས་ཡོད་པ་གསུངས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱབ་ལྗོངས་དེ་དག་ལ་གཞིགས་པའི་ཐོག བོད་ཀྱི་གནད་དོན་དང་འབྲེལ་ཞི་ཅིན་ཕིང་ལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་༸གོང་ས་མཆོག་གམ་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་དགོས་པའི་ཞུ་སྐུལ་གནང་བ་མ་ཟད། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློལ་བཀྲོལ་དགོས་པ། གློད་གྲོལ་མ་ཐུབ་ཚེ་ཨ་རིའི་གཞུང་གི་དཔོན་རིགས་རྣམས་ལ་རིན་པོ་ཆེ་མཆོག་དང་ལྷན་རང་དབང་སྒོ་ནས་མཇལ་འཕྲད་ཀྱི་གོ་སྐབས་ཕུལ་དགོས་པ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་ཁྲིམས་གསར་གཙོས་བོད་མི་རིགས་ཀྱི་སྐད་ཡིག་དང་ཆོས་རིག་བཅས་པ་རྩ་མེད་གཏོང་བའི་ཐོག་བོད་མི་རྣམས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་དག་འཕྲལ་དུ་ཕྱིར་འཐེན་དགོས་པའི་ཞུ་སྐུལ་གནང་འདུག གཞི་རྩའི་རིང་མིན་ཟླ་བ་འདིའི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་དོན་ཕྱོགས་བསྐྱོད་སླད་འབྱོར་གྱི་ཡོད་པ་དང་། དེ་ནི་ཁོང་ཨ་རིའི་ནང་ལོ་བཅུ་ཙམ་གྱི་རྗེས་ཐེངས་མ་དང་པོ་སླེབས་ཀྱི་ཡོད་ཅིང་། ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བརྒྱུད་རྒྱལ་ཁབ་ཕྱོགས་ཕན་ཚུན་བར་གཙོ་བོ་ཚོང་འབྲེལ་དང་མི་བཟོས་རིགས་ནུས་ཀྱི་ལས་དོན་ཐད་མཉམ་ལས་སོགས་ཀྱི་སྐོར་ལ་ཆེས་མཐོའི་གྲོས་མོལ་གནང་འཆར་ཡོད་པ་དེ་ལྟར་ཡང་། རྒྱལ་སྤྱིའི་ཁྱོན་ཡོངས་ནང་བོད་མི་ཚོགས་སྒེར་ཁག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཞི་ཅིན་ཕིན་དེ་ལྟར་རྒྱལ་དོན་ཕྱོགས་བསྐྱོད་ལ་སླེབས་པར་དགའ་བསུ་མེད་པའི་ངོ་རྒོལ་སྐད་འབོད་དང་། སྲིད་འཛིན་ཊོམཔ་མཆོག་ལ་ཞི་དང་ཐུག་འཕྲད་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གཙོས་བོད་དོན་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་པ་རེད།

རྒྱ་ནག་གི་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་པ་དེ་ནི་རྒྱལ་སྤྱིའི་ཕྱིར་བསྐྱོད་རང་དབང་ཀྱི་ཁྲིམས་དང་འགལ་ཡོད་པ་གསུངས་འདུག

རྒྱ་ནག་གཞུང་གིས་ཁྲིམས་ཡིག་ཨང་ ༨༤༡ ཞེས་པའི་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་བརྒྱུད་མི་སུ་རུང་ཞིག་ཡུལ་དེ་ནས་ཕྱིར་ཐོན་བྱེད་རྒྱུའི་ཐད་དེ་གའི་དབང་ཚད་རྒྱ་སྐྱེད་བཏང་ཡོད་པ་དང་། དེ་ནི་རྒྱལ་སྤྱིའི་ཁྲིམས་འོག་སྲུང་སྐྱོབ་བྱེད་བཞིན་པའི་མང་ཚོགས་ཀྱི་ཕྱིར་བསྐྱོད་རང་དབང་དང་ཡོངས་སུ་འགལ་གྱི་ཡོད་པ་གསལ་སྟོན་གནང་འདུག དེ་ཡང་ཁ་སང་འགྲོ་བ་མིའི་ཐབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་འདིའི་ཚེས་ ༡༥ ནས་འགོ་འཛུགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་དེ་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁྲིམས་སྒྲིག་དེའི་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཉེན་ཁར་འབྲེལ་བའི་ཁ་གསལ་མེད་པའི་རྒྱུ་མཚན་སྣ་ཚོགས་དབང་གིས་རྒྱ་ནག་གི་རྒྱལ་ཁོངས་ཡིན་མིན་ལ་མ་ལྟོས་པར་རྒྱལ་ཁབ་ནས་ཕྱིར་འཐོན་མི་ཆོག་པའི་བཀག་འགོག་བྱེད་ཀྱི་ཡོད་པ་དེ་ལྟར་ཡང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་་ཁྲིམས་ལྟར་ན་རྒྱལ་ཁབ་གཅིག་ནས་ཕྱིར་འཐོན་བྱེད་པར་ཁྲིམས་ཐོག་གི་དམ་དྲག་བྱེད་པ་གང་ཞིག་ཡིན་རུང་། དེ་དག་ནི་དམིགས་ཡུལ་ངེས་ཅན་ཆེད་དུ་ཁྲིམས་མཐུན་གྱིས་འོས་ཞིང་འཚམ་པ་ཞིག་ཡིན་དགོས་སྐོར་གསུངས་འདུག གནད་དོན་དེ་འབྲེལ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལྕམ་ Maya Wang ལགས་ཀྱིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་འོང་གི་ཁྲིམས་སྒྲིག་འགལ་ནས་རྒྱལ་ཁབ་ནས་ཕྱིར་ཐོན་གྱི་སྒྲིག་ཁྲིམས་དེ་བཞིན་དམ་དུ་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གྲངས་ཉུང་མི་རིགས་རྣམས་དམིགས་འབེན་དུ་བཟུང་ནས་ཁོང་རྣམ་པའི་རྒྱལ་སྤྱིའི་འགྲུལ་བསྐྱོད་ལ་དམ་དྲག་བྱེད་བཞིན་ཡོད་ཀྱང་། ཐེངས་འདིའི་ཁྲིམས་སྒྲིག་བརྒྱུད་རྒྱ་ནག་མི་སེར་མ་ཡིན་པ་རྣམས་ནས་ཀྱང་རྒྱ་ནག་ནས་ཕྱིར་ཐོན་བྱེད་རྒྱུའི་ཐད་སེམས་འཚབ་བྱེད་དགོས་པ་ཞིག་བཟོས་ཡོད་པ་གསུངས་འདུག སྤྱིར་ཁྲིམས་ཡིག་ཨང་ ༨༤༡ པའི་ནང་རྒྱ་ནག་གི་དབང་འཛིན་པ་ཚོར་རྒྱལ་ཁབ་ནས་ཕྱིར་འཐོན་བྱེད་པར་བཀག་འགོག་བྱེད་ཆོག་པའི་སྔོན་གྱི་སྒྲིག་གཞི་ཁག་གཅིག་ཏུ་བསྡུས་ཤིང་དམ་དུ་བཏང་ཡོད་པ་རེད་འདུག དེའང་རྒྱ་ནག་གི་ཕྱི་བསྐྱོད་དང་ནང་འཛུལ་བདག་སྐྱོང་ཁྲིམས་ཀྱི་དོན་ཚན་ ༡༢ པའི་ནང་གསེས་ ༥ པའི་ནང་། དབང་འཛིན་པ་ཚོས་མི་ཞིག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སམ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཉེན་ཁ་བཟོ་སྲིད་པའི་དོགས་པ་ཡོད་ཚེ་མི་དེ་དག་རྒྱལ་ཁབ་ནས་ཕྱིར་འཐོན་བྱེད་པར་བཀག་འགོག་བྱེད་ཆོག་པ་བཀོད་ཡོད་ཀྱང་། ད་རེས་ཀྱི་ཁྲིམས་གསར་པ་དེས་ཕྱི་མི་ཞིབ་བཤེར་དང་འབྲེལ་བའི་ས་མཚམས་ཀྱི་ཐག་གཅོད་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་གཞིའི་ཁྱབ་ཁོངས་དམ་དུ་གཏོང་བཞིན་པའི་ལམ་ལུགས་དང་གཅིག་ཏུ་སྦྲེལ་ཡོད་པ་རེད་འདུག འགྲོ་བ་མིའི་ཐབ་ཐང་ལྟ་ཞིབ་ཚོགས་པའི་ལྕམ་ Maya Wang ལགས་ཀྱིས་རྒྱ་ནག་གི་རྒྱལ་ཁབ་ནས་ཕྱིར་འཐོན་བྱེད་པར་བཀག་འགོག་བྱེད་པའི་ཁྲིམས་དེས་མང་ཚོགས་ཀྱི་བསམ་བརྗོད་རང་དབང་དང་ཤེས་ཡོན་རང་དབང་ལ་འགོག་རྐྱེན་བཟོ་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་ནས་ཕྱིར་ཐོན་བྱེད་མི་ཆོག་པའི་འཇིགས་སྣང་འོག་རྒྱ་རིགས་དང་ཕྱི་རྒྱལ་བ་ཚོས་རང་ཉིད་རང་ལ་བཀག་སྡོམ་གི་བྱ་སྤྱོད་དེ་བས་ཀྱང་ཇེ་ཆེར་འགྲོ་རུ་འཇུག་རྒྱུ་ཡིན་སྐོར་གསུངས་བ་དང་འབྲེལ། འབྲེལ་ཡོད་གཞུང་ཁག་གིས་རྒྱ་ནག་ལ་ཁྲིམས་འགལ་དང་སྣང་བ་གང་དྲན་གྱིས་སྤྱོད་པའི་སྒྲིག་གཞི་དེ་དག་ཕྱིར་འཐེན་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་མ་ཟད། ཁྲིམས་དེའི་དབང་གིས་དཀའ་ངལ་འཕྲད་པའི་རང་གི་མི་སེར་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་གནང་འདུག སྤྱིར་རྒྱ་ནག་གི་ཐེངས་འདིའི་ཁྲིམས་གསར་འོག་མི་སུ་རུང་ཞིག་གིས་རྒྱ་ནག་གི་འཕྲུལ་ཆས་ཀྱི་གནད་དོན་རིགས་གསང་བའི་ཐོག་ནས་ཉར་ཐབས་བྱེད་པ་དང་ཚོར་བ་རྣོ་བའི་ས་ཚིགས་དག་ལ་འགྲོ་བ་སོགས་བྱུང་ཚེ་རྒྱལ་ཁབ་ནས་ཕྱིར་ཐོན་བྱེད་རྒྱུའི་ཐད་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་དང་རྒྱ་ནག་གཞུང་གི་ཁྲིམས་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ཚང་མར་རྒྱལ་ཁབ་ནས་ཕྱིར་ཐོན་བྱེད་རྒྱུའི་ཐད་དམ་དྲག་དང་བཀག་སྡོམ་བྱེད་པ་ཙམ་མ་ཡིན་པར་ལོ་གསུམ་རིང་བཀག་ཉར་བྱེད་སྲིད་པ་བརྗོད་འདུག མ་ཟད་ཁྲིམས་སྒྲིག་དེ་བཞིན་རྒྱ་ནག་གི་མི་སེར་སུ་འདྲ་ཞིག་གིས་ཡུལ་དེའི་འཕྲུལ་ཆས་གཙོས་པའི་ཆེས་དཀོན་པའི་འཕྲུལ་རིགས་བཟོ་ཆེད་ཀྱི་གཏེར་རྫས་རིགས་ཕྱིར་ཚོང་གི་སྒྲིག་གཞི་འགལ་ཚེ། རྒྱལ་ཁབ་ནས་ཕྱིར་ཐོན་དང་ནང་འཛུལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་མ་ཟད། ཕྱིའི་ཡུལ་གྲུ་ཁག་ཏུ་མི་སེར་གྱི་ཐོབ་ཐང་བླངས་མཁན་རྒྱ་ནག་གི་དཔོན་རིགས་རྣམ་པ་དང་དེ་བཞིན་ཕྱིའི་རྒྱལ་ཁབ་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་མི་སེར་རྣམས་ལའང་ཁྱབ་ཀྱི་ཡོད་པ་བརྗོད་འདུག གཞི་རྩའི་ཕྱི་ལོ་ ༢༠༠༢ ནས་བཟུང་རྒྱ་ནག་འགྲོ་འོང་བདེ་འཇགས་ལས་ཁུངས་ཀྱིས་རྒྱ་ནག་མི་སེར་རྣམས་ལ་ཕྱི་བསྐྱོད་ལག་ཁྱེར་བཟོ་སྟངས་སྟབས་བདེ་རུ་བཟོས་ཡོད་ནའང་། བོད་མི་དང་ཡུ་གུར་མི་རིགས་རྣམས་ལ་དེ་མཚུངས་ལག་བསྟར་བྱས་མེད་པ་མ་ཟད། ད་ལྟའི་ཆར་རྒྱ་ནག་གཙོས་པའི་གྲངས་ཉུང་མི་རིགས་ཚང་མར་འགྲོ་འོང་ཐད་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མངོན་གསལ་གནང་འདུག

ཞི་ཅིན་ཕིང་ཨ་རིར་འབྱོར་འཆར་དང་བསྟུན་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་ལ་ཉན་ཞིབ་འཚོགས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་འདིའི་ཚེས་ ༢༤ ཉིན་ཨ་རིར་སླེབས་ལ་ཉེ་བ་དང་བསྟུན། ཁ་སང་ཚེས་ ༡༥ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་ Rohit Khanna མཆོག་དང་། Jim McGovern མཆོག་གིས་དབུ་ཁྲིད་པའི་ཨ་རི་དང་རྒྱ་ནག་དམར་ཤོག་ཚོགས་པའི་བར་གྱི་ཐབས་ཇུས་འགྲན་སྡུར་ཐད་ཀྱི་དམིགས་བསལ་ཆེད་འཛུགས་ཚོགས་ཆུང་དང་། ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཚོགས་ཆུང་གིས། བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་ལ་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་འདུག་པ་དང་། སྐབས་དེར་ International Tibet Media Organization ཞེས་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་འགན་འཛིན་དཔལ་ལྡན་རྒྱལ་ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྙན་སེང་ཞུས་པ་མ་ཟད། དེ་འབྲེལ་རྒྱ་ནག་གཞུང་ལ་འགན་ཁུར་ཡོང་བ་དང་། བོད་མིའི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་སླད་ཨ་རིའི་སྲིད་འཛིན་ངོས་ནས་ཞི་དང་ཐུག་འཕྲད་སྐབས་བོད་ཀྱི་གནད་དོན་ཐད་ཀར་གླེང་དགོས་པའི་སྐུལ་མ་གནང་འདུག The Void in China Policy: Why Human Rights Must Be on Trump’s Agenda with Xi at the White House འམ་རྒྱ་ནག་སྲིད་ཇུས་ཁྲོད་ཀྱི་སྟོང་ཆ། ཞི་དང་ཐུག་འཕྲད་སྐབས་གྲོས་མོལ་ཁྲོད་འགྲོ་བ་མིའི་ཐོབ་ཐང་དེ་ཉིད་དོན་ཚན་གཙོ་བོར་འཇོག་དགོས་པའི་རྒྱུ་མཚན་ཞེས་པའི་ཉན་ཞིབ་ཚོགས་འདུ་དེའི་ཐོག དཔལ་ལྡན་རྒྱལ་ལགས་དང་ལྷན་ Uyghur Post ཞེས་པའི་གསར་ཁང་གསར་འཛུགས་གནང་མཁན་དང་འགན་འཛིན་ Tahir Imin ལགས་དང་། Pennsylvania གཙུག་ལག་སློབ་གཉེར་ཁང་གི་ཨ་རྒྱ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་སྐོར་གྱི་ལས་གཞིའི་ལས་བྱེད་ Yaqiu Wang ལགས། དེ་བཞིན་ཧོང་ཀོང་རང་དབང་ཐེབས་རྩ་ཚོགས་པའི་ཨ་རིའི་འགན་འཛིན་ Jonathan Stivers ལགས་བཅས་ནས་མཉམ་ཞུགས་གནང་འདུག མ་ཟད་ཉན་ཞིབ་ཐོག་སྐུ་ཞབས་ Rohit Khanna དང་། Jim McGovern དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་། དེ་བཞིན་རྒྱུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Nancy Pelosi མཆོག་ཀྱང་དབུ་བཞུགས་གནང་འདུག་པ་དང་། སྐུ་ཞབས་ McGovern མཆོག་གིས་སྐབས་དེར་སྲིད་འཛིན་ཊོམཔ་མཆོག་གིས་སྣེ་འཁྲིད་པའི་ད་ལྟའི་གཞུང་ངོས་ནས་དེ་གའི་ཕྱི་འབྲེལ་གྱི་སྲིད་བྱུས་ལས་འགྲོ་བ་མིའི་ཐོབ་ཐང་བློས་གཏོང་བྱས་པར་སྐྱོན་འཛུགས་དང་འབྲེལ། དེ་སྔ་ Biden གཞུང་སྐབས་ཨ་རིའི་གྲོས་ཚོགས་ནང་བོད་དང་ཧོང་ཀོང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐབ་ཐང་གི་གནད་དོན་དང་འབྲེལ་བའི་གྲོས་ཆོད་རིམ་པ་གཏན་འབེབས་ཀྱིས་ཁྲིམས་སུ་བཅད་ཡོད་ཀྱང་། སྲིད་འཛིན་ཊོམཔ་མཆོག་གི་སྲིད་གཞུང་སྐབས་དེ་ལྟར་བྱུང་མེད་པ་སོགས་ཀྱི་དཔེ་མཚོན་དང་འབྲེལ། ང་ཚོས་རང་ཉིད་ཀྱི་ཚོང་གི་ཁེ་ཕན་སླད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མ་གླེང་བ་ཡིན་ན་རྒྱལ་ཁབ་ཅི་འདྲ་ཞིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་ཤོད་རྒྱུའི་བཟང་སྤྱོད་ཀྱི་འོས་འགན་དེ་ཤོར་གྱི་རེད་ཅེས་གསུངས་འདུག སྐབས་དེར་དཔལ་ལྡན་རྒྱལ་ལགས་ཀྱིས་རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་ནང་མི་རིགས་འདྲེས་སྒྱུར་གྱི་ལས་དོན་སྤེལ་བཞིན་པའི་བརྗོད་གཞིའི་འོག་གཏམ་བཤད་སྤེལ་སྐབས། ཁོང་ལྟ་བུ་མཚོན་ན་རྒྱ་ནག་དམར་ཤོག་ཚོགས་པས་བོད་མིའི་ངོ་བོ་རྩ་མེད་བཟོས་པ་དངོས་སུ་མཐོང་མྱོང་ཡོད་མཁན་ཞིག་ཡིན་པ་གསལ་སྟོན་དང་སྦྲགས། རྒྱ་གཞུང་གིས་ལོ་རབས་དགུ་བཅུའི་ནང་བོད་ནང་གི་དགོན་པ་དང་སློབ་གྲྭ་ཁག་ལ་རྒོལ་རྡུང་དང་།  ༡༩༩༦ ལོར་རྒྱལ་གཅེས་རིང་ལུགས་སློབ་གསོ་ཞེས་པའི་ལས་གཞི་འགོ་བཙུགས་པའི་གནས་ཚུལ་མངོན་གསལ་གནང་བ་མ་ཟད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱེད་འགོ་ཚུགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་ཡིག་དེས་བོད་མི་རྣམས་ལ་རང་གི་སྐད་ཡིག་དང་། ཆོས་ལུགས། སྲོལ་རྒྱུན་བློས་བཏང་ནས་རྒྱ་ནག་གི་རིག་གཞུང་ནང་ཐིམ་པར་བཙན་བཀའ་བཏང་གི་ཡོད་པ། ལྷག་དོན་དུ་རྒྱ་གཞུང་གིས་བོད་ནས་གནས་ཚུལ་སྤེལ་རྒྱུར་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཐོག་རང་དབང་ཅན་གྱི་གསར་འགོད་པ་རྣམས་བོད་ནང་འགྲོ་འཇུག་གི་མེད་པ་ཁྲོད། ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་གསར་འགྱུར་བརྒྱུད་ལམ་རྒྱང་སྲིང་བསྐྱར་གསོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་གསུངས་འདུག གཞན་ཡང་རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་དུ་མི་རབས་རྒན་གཞོན་བར་ཕན་ཚུན་ཁ་བྲལ་དུ་བཏང་ནས་བོད་མི་རིགས་རྒྱ་ནག་ཅན་དུ་སྒྱུར་བཞིན་ཡོད་པ་མངོན་གསལ་གྱིས། ཕྲུ་གུ་ཉར་སའི་བུ་བཅོལ་ཁང་ནས་བཟུང་རྒྱ་ཡིག་དེ་སློབ་ཁྲིད་བྱེད་སའི་སྐད་ཡིག་གཅིག་པུ་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། དེང་སྐབས་བོད་ནང་དུ་ཕྱོགས་གཅིག་ནས་བཤད་ན།  རིག་གནས་གསར་བརྗེ་སྐབས་ཀྱི་ལས་འགུལ་ལས་ཀྱང་ཉེན་ཁ་ཆེ་བ་ཡོད་སྐོར་གསུངས་འདུག རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་འགན་འཛིན་དཔལ་ལྡན་རྒྱལ་ལགས་ཀྱིས་ད་དུང་། ཨ་རིས་ལས་དོན་ཅི་ཞིག་རྩོམ་ཡང་དེས་བོད་མི་ཚོར་ཕན་ནུས་ཐོན་གྱིས་ཡོད་པས། ཉེ་ཆར་གྲོས་ཚོགས་ནང་ངོ་སྤྲོད་བྱས་ཡོད་པའི་བོད་ཀྱི་མ་འོངས་པའི་བརྟན་ལྷིང་འགན་ལེན་གྱི་ཁྲིམས་འཆར་གཏན་འབེབས་ཡོང་བར་འབོད་སྐུལ་དང་། སྲིད་འཛིན་ཊོམཔ་མཆོག་གིས་ཞི་ཅིན་ཕིང་དང་ལྷན་དུ་ཐད་ཀར་བོད་དོན་སྐོར་གླེང་སློང་གནང་ནས། ཞི་ཅིན་ཕིང་ལ་བོད་མིའི་འགྲོ་བ་མིའི་ཐྲོབ་ཐང་དང་། ཆོས་ལུགས་རང་དབང་ལ་གུས་བཀུར་བྱེད་དགོས་པ། དེ་བཞིན་༸གོང་ས་མཆོག་དང་༸གང་ཉིད་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་གསོ་གནང་དགོས་པའི་འབོད་སྐུལ་གནང་རྒྱུར་རེ་སྐུལ་གནང་འདུག གཞི་རྩ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་བ་འདིའི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་དོན་ཕྱོགས་བསྐྱོད་སླད་འབྱོར་གྱི་ཡོད་པ་དང་། དེ་ནི་ཁོང་ཨ་རིའི་ནང་ཕྱི་ལོ་ ༢༠༡༥ རྗེས་བསྐྱོད་པ་ཐེངས་དང་པོ་ཆགས་ཀྱི་ཡོད་ཅིང་། ཐེངས་འདིའི་ཕྱོགས་བསྐྱོད་སྐབས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་དབར་གཙོ་བོ་ཚོང་འབྲེལ་དང་མི་བཟོས་རིགས་ནུས་ཀྱི་ལས་དོན་ཐད་མཉམ་ལས་སོགས་ཀྱི་སྐོར་ལ་ཆེས་མཐོའི་གྲོས་མོལ་གནང་འཆར་ཡོད་པ་རེད་འདུག

རྒྱ་གཞུང་གིས་བཙོན་པ་ཚོར་རྒྱ་ཁྱབ་ཏུ་མནར་གཅོད་གཏོང་བཞིན་པ་མ་ཟད་ཉེས་ཅན་པར་ཁྲིམས་མཐུན་གྱི་ཆད་པ་མེད་པ་ཐེར་འདོན།

རྒྱ་ནག་གཞུང་གིས་ཡུལ་དེའི་བཙོན་ཁང་ནང་བཀག་ཉར་འོག་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་ཁྱབ་ཆེན་པོའི་ཐོག་སྡུག་སྦྱོང་མནར་གཅོད་ཀྱི་ལས་དོན་མུ་མཐུད་སྤེལ་བཞིན་པ་མ་ཟད། ཚད་ལྡན་སྨན་བཅོས་ཀྱི་རོགས་སྐྱོར་སྤྲད་ཀྱི་མེད་པ་དང་། མནར་གཅོད་གཏོང་མཁན་གྱི་ཉེས་ཅན་པ་རྣམས་ལ་ཁྲིམས་མཐུན་གྱི་ཆད་པ་མེད་པ་ཐེར་འདོན་གྱིས་སེམས་འཚབ་མངོན་གསལ་གནང་འདུག དེ་ཡང་དེ་རིང་ Chinese Human Rights Defenders ཞེས་རྒྱ་ནག་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ངོས་ནས་དྲྭ་གནས་ཐོག  རྒྱ་ནག་གཞུང་གིས་བཙོན་ཁང་ནང་བཀག་ཉར་འོག་ཡོད་པའི་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་གཏོང་བཞིན་པ་དང་འབྲེལ་བའི་ Swept Under the Rug: Systemic Failures to End Torture in the People’s Republic of China ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་།  དེ་ཡང་གཙོ་བོ་ཕྱི་ལོ་ ༢༠༡༦ ནས་ ༢༠༢༥ བར་གྱི་ཆབ་སྲིད་བཙོན་པ་ ༢༠༩ ཡི་བདེན་སྤང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ ༢༥ ལ་བཅར་འདྲི་བྱས་པ་གཞི་རྩར་བཟུང་བའི་ཐོག་ནས་བྲིས་གནང་བ་ཞིག་རེད་འདུག སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ལོ་ངོ་ ༤༠ གོང་དུ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཆིངས་ཡིག་ལ་ས་རྟགས་བཀོིད་དེ་རྡུང་རྡེག་དང་། གློག་རྒྱུག་བེད་སྤྱོད། ཁེར་རྐྱང་བཀག་ཉར་སོགས་ཀྱི་བྱ་སྤྱོད་ཁག་གཅིག་བཀག་སྡོམ་བྱ་རྒྱུའི་ཁས་ལེན་བྱས་ཟིན་ཀྱང་།  རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རང་དབང་ཅན་གྱི་སྤྱི་དམངས་སྒྲིག་འཛུགས་ཁག་གིས་དུས་ནས་དུས་སུ་ཞིབ་འཇུག་ཁྲོད།  རྒྱ་ནག་གི་དབང་འཛིན་པ་ཚོས་བཙོན་པར་སྡུག་སྦྱོང་མནར་གཅོད་གཏོང་བའི་ལུགས་སྲོལ་དེ་ད་དུང་ཡང་གནས་ཡོད་པ་ར་སྤྲོད་བྱུང་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ཚོགས་པའི་ངོས་ནས་ཐེངས་འདིའི་ཞིབ་འཇུག་སྐབས་བཙོན་པ་ལྔ་ཆ་གཅིག་ལ་ཉེས་རྡུང་བཏང་བ་ར་སྤྲོད་བྱུང་བ་མ་ཟད། བརྒྱ་ཆ་ ༡༥ ལ་བཙན་ཤེད་ཀྱིས་ནག་ཉེས་ངོས་ལེན་བྱེད་བཅུག་རྒྱུའི་ཆེད་དུ་སྡུག་སྦྱོང་མནར་གཅོད་བཏང་ཡོད་པ། དེ་བཞིན་བརྒྱ་ཆ་ ༣༥ ལ་སྨན་གྱི་རོགས་རམ་ཚད་ལྡན་མ་སྤྲད་པ། དེས་རྐྱེན་གྱིས་བཙོན་པ་ ༡༦ འདས་གྲོངས་སུ་གྱུར་ཡོད་པ་མངོན་གསལ་གནང་འདུག བཙོན་པར་དེ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཀྱི་ལམ་ལུགས་མུ་མཐུད་གནས་པ་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་རྒྱུན་ལྡན་ནས་བཙོན་པ་ཚོའི་མནར་གཅོད་དང་འབྲེལ་བའི་ཞུ་གཏུགས་ལ་ཞིབ་འཇུག་དང་ཁྲིམས་གཅོད་སོགས་བྱེད་ཀྱི་མེད་པའི་རྐྱེན་གྱིས་ཡིན་སྐོར་གསུངས་པ་མ་ཟད། རྒྱ་གཞུང་གིས་དེ་ལས་ལྡོག་ཏེ་སྐབས་རེ་ཞུ་གཏུག་བྱེད་མཁན་ལ་ཉེས་ཆད་དེ་བས་ཆེ་བ་ཕོག་པའི་གནས་ཚུལ་ཡང་ཡོང་གི་ཡོད་སྐོར་གསུངས་འདུག  དེ་བཞིན་ཚོགས་པའི་ངོས་ནས་ཐེངས་འདིར་ཞིབ་འཇུག་བྱས་པའི་མནར་གཅོད་ཀྱི་གནད་དོན་ཁྲོད་ནས་གཞུང་འབྲེལ་གྱི་ཞིབ་འཇུག་བྱས་པའི་རྟགས་མཚན་བརྒྱ་ཆ་གཅིག་ལས་གཟིགས་མེད་པ་དང་། འབྲེལ་ཡོད་ཉེས་ཅན་པར་དངོས་སུ་ཁྲིམས་གཅོད་དང་སྒྲིག་ཁྲིམས་ཀྱི་ཞིབ་བཤེར་བྱས་པའི་གནས་ཚུལ་གང་ཡང་རྙེད་མེད་སྐོར་གསུངས་འདུག དེ་སྔ་རྒྱ་ནག་ནང་དུ་ཚལ་དང་ཤིང་ཏོག་གི་ཚོང་གཉེར་མཁན་ Yin Dengzhen ལགས་ལ་སྤྱི་ཚོགས་ནང་ཚིག་རྩུབ་དང་རྙོག་ཁྲ་བཟོས་པའི་ནག་ཉེས་བཙུགས་པའི་རྗེས་སུ་ལོ་བཞི་དང་ཕྱེད་ཀའི་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་བུ་མོ་ Xie Beibei ལགས་ཀྱིས་ AFP གསར་ཁང་ལ་བརྗོད་དོན་ལྟར་ན།  ད་ལྟའི་ཆར་ཁོང་གི་གཟུགས་གཞི་ཞན་པོ་ཆགས་ཡོད་པ་མ་ཟད། ཁ་ལག་ཟ་མི་ཐུབ་པ་དང་། མཐའ་ན་གོམ་པ་ཡང་སྤོས་ཐུབ་ཀྱི་མེད་པའི་གནས་སུ་ལྷུང་ཀྱང་། འབྲེལ་ཡོད་གཞུང་གིས་ཁོང་ལ་སྨན་བཅོས་ཀྱི་མཐུན་འགྱུར་སླད་གློད་བཀྲོལ་བཏང་རྒྱུའི་ངོས་ལེན་བྱས་མེད་པ་མ་ཟད། ཁོང་གི་གཟུགས་གཞི་བདེ་ཐང་ཡིན་པ་དང་། ཁོང་ལ་ནད་ན་ཚ་གང་ཡང་མེད་པའི་འཁྱོག་བཤད་བྱས་པར་ཁོ་མོའི་ངོས་ནས་ངོས་ལེན་རྩ་བ་ནས་བྱེད་ཐུབ་ཀྱི་མིན་འདུག་ཅེས་གསུངས་འདུག རྩ་བའི་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ལ་གཞིགས་ན།  སྡུག་སྦྱོང་མནར་གཅོད་དང་འཚེ་བའི་ལམ་ནས་ཉེས་འཛུགས་ངོས་ལེན་བྱེད་བཅུག་པ་དེ་ནི་ཁྲིམས་འགལ་ཡིན་པ་མ་ཟད། དེ་འབྲེལ་ཉེས་ཅན་པར་ལོ་གསུམ་རིང་བཙོན་འཇུག་བྱེད་སྲིད་པ་དང་། གལ་ཏེ་མནར་གཅོད་གཏོང་སའི་མི་སྣ་དེར་གནོད་སྐྱོན་དང་རྨ་ཁ་བཟོས་ཡོད་ན། ལོ་གསུམ་ལས་ལྷག་བཙོན་འཇུག་ཁྲིམས་ཐག་བཅད་སྲིད་པའི་ཁྲིམས་སྒྲིག་ཡོད་ཀྱང་། རྒྱ་ནག་གཞུང་ལ་ད་བར་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་བྱེད་ཀྱི་མེད་པའི་སྐྱོན་འཛུགས་རིམ་པ་བྱས་ཡོད་པ་དང་། བཙོན་པ་རྣམས་ཀྱི་རེ་མདུན་རྣམས་འབྲེལ་ཡོད་དཔོན་རིགས་ཚོར་ཞུས་པའི་རྗེས་སུ་ཡ་ལན་རྩ་བ་ནས་མེད་པའི་ཐོག་ད་དུང་བཙོན་པ་རྣམས་ལ་མུ་མཐུད་ནས་མནར་གཅོད་བཏང་བ་དང་། རེ་མདུན་ཞུ་མཁན་གྱི་བཙོན་པ་དེར་ཉེས་ཆད་འཕར་མ་ཕོག་སྲིད་པའི་ཉེན་ཁ་ཡོད་པ་མངོན་གསལ་གནང་འདུག མ་ཟད་འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་མནར་གཅོད་དང་འབྲེལ་བའི་ཉེས་འཛུགས་དག་ལ་ངོས་ལེན་རྩ་བ་ནས་བྱས་མེད་ཀྱང་།  ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་ཆེས་མཐོའི་ཁྲིམས་དཔོན་ཞིག་གིས་རྒྱ་ནག་ནང་མནར་གཅོད་དང་ཁྲིམས་མཐུན་མིན་པའི་བཀག་ཉར་བྱེད་ཀྱི་ཡོད་པ་ཁས་ལེན་དང་སྦྲགས། དེ་ལྟ་བུའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་དྲག་གནོན་བྱ་རྒྱུའི་དམ་བཅའ་བཞག་ཡོད་པ་གསུངས་འདུག སྙན་ཐོ་ལ་གཞིགས་ན། རྒྱ་ནག་གཞུང་གིས་སྨན་གྱི་མཐུན་རྐྱེན་རོགས་རམ་མ་སྤྲད་པའི་ཐོག་ནས་མནར་གཅོད་དེ་ནི་བེད་སྤྱོད་མང་ཤོས་བཏང་བའི་ཐབས་ལམ་ཞིག་ཡིན་པ་དང་། གཞན་ཡང་སྡུག་སྦྱོང་དང་བཙན་ཤེད། དེ་བཞིན་ཆེས་གྲང་ངར་ཆེ་བའི་གནས་སྟངས་འོག་བཙན་གྱིས་བསྡད་བཅུག་པ་སོགས་ཀྱི་ཐབས་ལམ་འདྲ་མིན་བརྒྱུད་སྡུག་སྦྱོང་མནར་གཅོད་བཏང་བའི་ཁྲོད། བཙོན་པ་ ༡༢༦ ནི་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་མཁན་དང་ ༥༧ འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འཐབ་རྩོད་པ་རེད་འདུག དེ་བཞིན་རྒྱ་ནག་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པའི་དོན་ཚན་ནང་། རྒྱ་ནག་གཞུང་ངོས་ནས་རྒྱ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་སྡུག་སྦྱོང་མནར་གཅོད་ཀྱི་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་བྱེད་དགོས་པ། དེ་བཞིན་མནར་གཅོད་དང་སྡུག་སྦྱོང་བཏང་བའི་སྐོར་གྱི་ཞུ་གཏུགས་དང་ཉེས་འཛུགས་དེ་དག་ལ་ཞིབ་འཇུག་བྱེད་རྒྱུའི་ཐད་དབང་ཆ་ཡོད་པའི་རང་དབང་ཅན་གྱི་ཞིབ་འཇུག་སྡེ་ཚན་ཞིག་གསར་འཛུགས་དགོས་པ། ཉེས་ཆད་གཏུག་བཤེར་གྱི་ཁྲིམས་སྒྲིག་ལ་བསྒྱུར་བཅོས་བཏང་སྟེ། མནར་གཅོད་ཕོག་སའི་མི་སྣའི་དཔང་རྟགས་སོགས་རང་དབང་ཅན་གྱི་ཞིབ་འཇུག་སྡེ་ཚན་ཞིག་ནས་ཞིབ་འཇུག་བྱེད་བཅུག་དགོས་པའི་འབོད་སྐུལ་སོགས་ཞུས་འདུག

བོད་ཀྱི་གཏམ་བརྗོད་ཚན་པས་རིང་མིན་ཕ་ཡུལ་ཞེས་པའི་གཏམ་བརྗོད་གསར་པ་ཞིག་གཟིགས་འབུལ་གྱིས་སྐོར་སྐྱོད་གནང་རྒྱུ།

དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༩ ཚེས་ ༡༥ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ།  བོད་ཀྱི་གཏམ་བརྗོད་ཚན་པའི་ཚོགས་མི་དང་འཁྲབ་སྟོན་རུ་ཁག་ཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱིས།  ཚན་པའི་ངོས་ནས་ད་ལྟའི་ཆར་ཕ་ཡུལ་ཞེས་པའི་བོད་ལ་རྒྱ་ནག་གིས་ཐོག་མར་བཙན་འཛུལ་བྱས་པའི་སྐོར་གྱི་དངོས་བྱུང་ལོ་རྒྱུས་ལ་གཞི་བཞག་པའི་གཏམ་བརྗོད་གསར་པ་ཞིག་བཟོ་བསྐྲུན་གནང་ཡོད་པའི་སྐོར་༸གང་ཉིད་མཆོག་ལ་སྙན་སེང་ཞུས་ཏེ།  གཏམ་བརྗོད་དེ་བཞིན་རིང་མིན་རྒྱ་གར་རྒྱལ་ཡོངས་དང་རིམ་པས་ཕྱི་རྒྱལ་ཁག་ཏུ་གཟིགས་འབུལ་གྱིས་སྐོར་སྐྱོད་གནང་འཆར་ཡོད་པར་བརྟེན།  ལས་གཞི་དེ་ཉིད་ལམ་ལྷོང་ཡོང་ཆེད་དུ་༸གོང་ས་མཆོག་ལ་ཐུགས་སྨོན་མཛད་གནང་ཡོང་བའི་གསོལ་འདེབས་ཞུས་འདུག  འདི་གའི་གསར་འགོད་པས་དེ་རིང་གི་མཇལ་ཁ་གྲུབ་མཚམས་བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་སུ་ཁོང་རྣམ་པས་བཟོ་བསྐྲུན་གནང་བའི་ཕ་ཡུལ་ཞེས་པའི་གཏམ་བརྗོད་དེའི་ནང་དོན་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད།  https://www.youtube.com/watch?v=rILSCpmYz2M&t=201s དེ་བཞིན་དེ་རིང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ།  ཕྱི་ལོ་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་ཞི་རྒོལ་སྐབས་ཀྱི་དོན་རྐྱེན་དངོས་བྱུང་དཔར་ལེན་གནང་མཁན་ John Ackerly ལགས་དང་ Blake Kerr ལགས་རྣམ་གཉིས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་འདུག  རྩ་བའི་སྐུ་ཞབས་ John Ackerly ལགས་དང་ Blake Kerr ལགས་རྣམ་གཉིས་ནི་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱབ་བོད་ཀྱི་འགྲེམས་སྟོན་ཁང་གིས་གོ་སྒྲིག་ཞུས་པའི་མི་རབས་གསར་པའི་ཞི་རྒོལ་སྤེལ་ནས་བགྲང་བྱ་ ༤༠ འཁོར་བའི་ཕྱིར་དྲན་ཞེས་པའི་དུས་ཐུང་འགྲེམས་སྟོན་ཞིག་འཚོགས་ཡོད་པ་དེའི་ཐོག་སྐུ་མགྲོན་གྱི་ངོ་བོར་ཕེབས་པ་ཞིག་ཆགས་ཀྱི་འདུག མཇལ་ཁ་གྲུབ་མཚམས་ཁོང་རྣམ་གཉིས་ཀྱིས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད།  ༸གོང་ས་མཆོག་དང་ལྷན་དུ་དེ་རིང་མཇལ་ཁའི་སྐབས་སྐར་མ་ལྔ་ཙམ་བཀའ་མོལ་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་སོང་ཞེས་དང་།  ༸གང་ཉིད་མཆོག་གིས་༸སྐུ་ཉིད་ཀྱི་ཐུགས་སྐྱེད་དམ་བཅའི་སྐོར་དང་འབྲེལ།  བོད་ཀྱི་ཆོས་དང་རིག་གཞུང་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཡོང་ཐབས་ལ་རྒྱབ་སྐྱོར་གྱི་སྐུལ་མ་མཛད་སོང་བའི་སྐོར་གསུངས་སོང་ལ།  སྐུ་ཞབས་ཁོང་རྣམ་གཉིས་ཀྱིས་ད་དུང་བཙན་བྱོལ་བོད་མི་གཞོན་སྐྱེས་ཚོའི་ངོས་ནས་བོད་ནང་གི་དངོས་ཡོད་གནས་ཚུལ་ཐོག་དོ་སྣང་དགོས་གལ་མ་ཟད།  གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཕན་ཚུན་འབྲེལ་བ་དམ་གཟབ་དགོས་པའི་སྐོར་འགྲེལ་བརྗོད་ཀྱིས།  ལོ་རྒྱུས་ཐོག་ནས་ཀྱང་འཛམ་གླིང་སྤྱི་ཚོགས་གང་སར་གསར་བརྗེའི་གྱེན་ལངས་ཡོངས་རྫོགས་ཐོག་མར་གཞོན་སྐྱེས་ཚོས་སྣེ་ཁྲིད་ཡོད་སྟབས།  རྒྱ་ནག་མི་མང་དང་འབྲེལ་བ་གནང་དགོས་གལ་དང་།  དེས་ཁྱད་པར་ཆེན་པོ་ཞིག་འབྱུང་ངེས་རེད་ཅེས།  རང་དབང་འཐབ་རྩོད་ཞེས་པ་དེ་གཤམ་ནས་ཐོད་ལ་ཡོང་རྒྱུ་ལས་གོང་ནས་འོག་ལ་ཡོང་རྒྱུ་མིན་པ་གསུངས་སོང་། མ་ཟད་རྒྱ་ནག་ལ་བརྡ་ལན་ཚུལ་དུ་སྐུ་ཞབས་ཁོང་རྣམ་གཉིས་ཀྱིས།  རྒྱ་ནག་དམར་ཤོག་སྲིད་གཞུང་ངོས་ནས་བཙན་ཤེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་ལས་ལྡོག་སྟེ།  བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མཁོ་སྤྲོད་དང་བོད་མིའི་རིན་ཐང་ལ་ཆེ་མཐོང་སྤྲད་དགོས་གལ་ཡིན་པས།  གལ་ཏེ་དེ་ལྟར་མ་བྱས་ན།  བོད་མི་ཚོས་དུས་རྟག་ཏུ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གནང་རྒྱུ་ཡིན་པ་གསུངས་སོང་ལ།  རྒྱ་ནག་གཞུང་ངོས་ནས་གཉིད་སད་རྒྱུ་དུས་ལ་བབས་ཡོད་པ་གསུངས་སོང་།  སྤྱིར་དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་མཁན་ཁོངས་སུ་བོད་ཀྱི་གཏམ་བརྗོད་ཚན་པའི་འཁྲབ་སྟོན་པ་དང་ལས་བྱེད།  དེ་བཞིན་ John Ackerly ལགས་དང་ Blake Kerr ལགས་གཙོས་པའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ལ་ཕེབས་པའི་སློབ་མ་ཁག་གཅིག་སོགས་མཇལ་བཅར་བ་བརྒྱ་དང་དྲུག་ཅུ་སྐོར་ཞིག་ཡོད་པ་རེད། 

རྒྱ་ནག་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་འདུག

རྒྱ་ནག་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་ཁྲིམས་གསར་བརྒྱུད་ཕྱི་རྒྱལ་ཁབ་ཏུ་བཞུགས་པའི་རྒྱ་ནག་མི་སེར་དང་གྲངས་ཉུང་མི་རིགས་རྣམས་ལ་ཉེན་ཁ་ཡོད་པ་མངོན་གསལ་གནང་འདུག དེ་ཡང་དེ་རིང་ནས་བཟུང་རྒྱ་ནག་གཞུང་གིས་འགྲོ་འོང་བཀག་སྡོམ་གྱི་སྲིད་བྱུས་དངོས་སུ་ལག་བསྟར་གྱིས། ཕྱི་རྒྱལ་ཁབ་ཏུ་གནས་སྡོད་བྱེད་མཁན་གྱི་རྒྱ་རིགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་ཉེན་ཁ་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་ནག་གཞུང་ལ་མི་དགའ་བའི་རྣམ་འགྱུར་དང་རྒྱ་ནག་གཞུང་གི་ཁྲིམས་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ཚང་མར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་འགྲོ་རྒྱུའི་ཐད་དམ་དྲག་དང་བཀག་སྡོམ་བྱ་རྒྱུ། དེ་བཞིན་རྒྱ་ནག་རྒྱལ་ནང་དུ་གནས་སྡོད་བྱེད་མཁན་གྱི་མི་སེར་རྣམས་ཀྱི་རྒྱ་ནག་གཞུང་གི་ཁྲིམས་དང་འགལ་བའི་བྱ་སྤྱོད་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་སྤེལ་ཚེ་རྒྱལ་ཁབ་ཕྱི་ལ་ཐོན་རྒྱུའི་ཆོག་མཆན་སྤྲོད་རྒྱུ་མིན་པ་མ་ཟད། ལོ་གསུམ་རིང་བཀག་ཉར་བྱེད་རྒྱུ་ཡིན་པ་རེད་འདུག རྩ་བའི་རྒྱ་ནག་གཞུང་གིས་བརྗོད་དོན་ལྟར་ན་ཁྲིམས་གསར་དེ་ནི་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་དམིགས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་ཁྲིམས་གསར་དེའི་བརྒྱུད་ནས་རྒྱལ་ཁབ་ཕྱི་ལ་ཡོད་པའི་རྒྱ་ནག་མི་སེར་དང་གྲངས་ཉུང་མི་རིགས་རྣམས་ལ་གནོན་ཤུགས་སྤྲོད་རྒྱུ་དང་། རྒྱ་གཞུང་དང་མི་མཐུན་པའི་ལས་འགུལ་སོགས་ལ་སྟངས་འཛིན་བྱེད་རྒྱུའི་ཐབས་ལམ་ཞིག་ཡིན་པ་རེད། ཕྱོགས་མཚུངས་རྒྱ་ནག་གཙོས་པའི་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་རྒྱ་རིགས་རྣམས་ཀྱིས་ཞེད་སྣང་དང་སེམས་འཚབ་བྱེད་བཞིན་པའི་ཁྲོད། དེ་སྔོན་ཨོ་གླིང་གནས་སྡོད་རྒྱ་རིགས་རྣམས་ཀྱིས་གལ་ཏེ་ཁོང་རྣམས་རྒྱ་ནག་ཏུ་ཕ་མ་སྤུན་མཆེད་ཐུག་པར་འགྲོ་བའི་རྗེས་ལ་རྒྱ་ནག་གཞུང་གིས་ཨོ་གླིང་ཏུ་ཕྱིར་ཐོན་བྱེད་ཆོག་གི་ཡོད་མེད་ཐོག་ཞེད་སྣང་འབྱུང་གི་ཡོད་སྐོར་གསུངས་ཡོད་པ་ལྟར། ཨོ་གླིང་ནང་རྒྱ་ནག་གཞུང་ལ་མི་དགའ་བའི་བྱ་སྤྱོད་དང་ལས་འགུལ། གཏམ་བཤད། ཚོང་། དེ་བཞིན་འཕྲུལ་ཆས་དང་འབྲེལ་བའི་ལས་རིགས་སོགས་གཉེར་ཚེ་ཞེད་སྣང་དང་དངངས་སྐྲག་འོག་སྡོད་དགོས་ཀྱི་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་པ་རེད། གནད་དོན་དེ་འབྲེལ་དེ་སྔ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་རྟེན་གཞི་བྱས་པའི་ JF Books ཚོང་གཉེར་ཁང་གསར་འཛུགས་གནང་མཁན་དང་སྤྱི་ཁྱབ་འགན་འཛིན་ Miao Yu ལགས་ཀྱིས། རྒྱ་ནག་གཞུང་གི་འགྲོ་འོང་བཀག་སྡོམ་རྒྱ་སྐྱེད་བྱེད་བཞིན་པ་དེ་ནི་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་པ་འགྲེལ་བརྗོད་དང་འབྲེལ། དེ་སྔ་ཁོང་གི་བཟའ་ཟླ་རྒྱ་ནག་ནས་ཕྱིར་ཐོན་བྱེད་སྐབས་ཟླ་ ༦ རིང་བཀག་འགོག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཁོ་མོར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་འཛུགས་བྱས་ཡོད་ཀྱང་། དྲང་བདེན་གྱི་བརྒྱུད་རིམ་དང་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་གང་ཡང་མེད་པའི་གནས་སྟངས་འོག་དཀའ་ངལ་ལ་གདོང་ལེན་གནང་དགོས་བྱུང་ཡོད་པ་ཐེར་འདོན་གནང་འདུག ཕྱོགས་མཚུངས་དེ་སྔ་རྒྱ་ནག་གི་ཁྲིམས་གསར་དེའི་ཐོག་ཨོ་གླིང་ནང་གི་རྒྱ་རིགས་ཚོས་སེམས་ཚབ་ཇི་ཡོད་སྐོར་འགྲེལ་བརྗོད་བྱས་པའི་ཁྲོད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་རྗེས་ནས་བཟུང་རྒྱ་ནག་ནང་ཡུལ་སྐོར་སྤྲོ་འཆམ་ཀྱི་ལས་རིགས་གོང་འཕེལ་སླད་ཡུལ་དེའི་ནང་བསྐྱོད་རྒྱུའི་རིན་མེད་ཐོངས་མཆན་མང་དུ་སྤྲད་འགོ་བཙུགས་པའི་ལས་དོན་གྱི་གནད་འགག་དང་ཤུགས་རྐྱེན་སྐོར་གསུངས་ཡོད་ཅིང་། དེའི་ནང་རྒྱ་ནག་གཞུང་གིས་རིན་མེད་ཐོངས་མཆན་སོགས་ཀྱི་བརྒྱུད། ཡུལ་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་བཏང་སྟེ། དེ་དག་ལ་རྒྱ་ནག་ནང་གི་ཡར་ཐོན་གྱི་རྣམ་པ་སྤྱི་ཚོགས་དྲྭ་ལམ་ཐོག་བསྟན་དགོས་པའི་སྐུལ་མ་བཏང་གི་ཡོད་ཀྱང་། དོན་དངོས་སུ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་རྒྱ་ནག་ནང་གི་དངོས་ཡོད་གནས་ཚུལ་དང་མི་སེར་རྣམས་ལ་དཀའ་སྡུག་ཇི་བྱུང་སོགས་ཤེས་ཀྱི་ཡོད་མེད་ལ་ཐེ་ཚོམ་ཡོད་པ་བརྗོད་འདུག མ་ཟད་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་དྲྭ་ལམ་ཐོག་ Travel Vlog འམ་ཡུལ་སྐོར་སྤྲོ་འཆམ་གྱི་བརྙན་ཐུང་སོགས་ཀྱི་ནང་རྒྱ་ནག་གི་མཐུན་རྐྱེན་ཡར་རྒྱས་ཕྱིན་ཡོད་པ་མ་ཟད། དགོང་མོ་ཁྱེར་རྐྱང་འགྲོ་བའི་སྐབས་ལ་ཉེན་ཁ་མེད་པ་དང་དངངས་སྐྲག་སྐྱེ་རྒྱུ་མེད་པ་སོགས་ཀྱི་རྣམ་པ་ཁོ་ན་སྟོན་གྱི་ཡོད་པ་དེས་རྒྱ་ནག་གཞུང་གིས་མི་མང་ལ་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་སྟོན་བྱས་པ་མ་གཏོགས། དོན་དངོས་སུ་རྒྱ་ནག་མི་མང་གི་བདེ་སྡུག་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་མི་སྒེར་གྱི་རང་དབང་སོགས་ཀྱི་གནས་ཚུལ་ཐོག་གང་ཡང་ཤེས་ཐུབ་ཀྱི་མེད་པ་བརྗོད་འདུག ད་དུང་གནས་ཚུལ་ལ་གཞིགས་ན། ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་འགྲོ་འོང་ཐོངས་མཆན་ཡོད་པ་དེ་ནི་རྩ་ཆེན་པོ་ཞིག་ལ་རྩིས་དགོས་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྒྱ་རིགས་མང་དག་ཅིག་ལ་འགྲོ་འོང་གི་ཐོངས་མཆན་མེད་པ་མ་ཟད། ཡུ་གུར་མི་རིགས་དང་བོད་པ་རྣམས་ལ་དེ་བས་ཀྱང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་འདུག

Latest news