བོད།
འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གི་འཛུགས་སྐྲུན་བྱས་རྐྱེན་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད་པའི་ཉེན་བརྡ།
རྒྱ་ནག་གཞུང་གིས་བོད་མཐོ་སྒང་དུ་ཉི་འོད་གློག་འདོན་འཛུགས་སྐྲུན་ལས་གཞི་ལ་བརྟེན་ནས། བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། བོད་མིའི་སྲོལ་རྒྱུན་འབྲོག་པའི་འཚོ་གནས་ལ་དོ་ཕོག་གཏོང་གི་ཡོད་པ་བསྒྲགས་འདུག
དེ་ཡང་རྒྱལ་སྤྱིའི་ Reuters གསར་ཁང་གིས་ཟླ་བ་འདིའི་ཚེས་ ༤ ཉིན་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གསེར་ཆེན་རྫོང་གི་འབྲོག་པ་ཁག་ཅིག་ལ་ཉི་འོད་གློག་གདན་ཡོད་སའི་ར་བའི་ནང་དུ་ལུག་འཚོ་རུ་བཅུག་པ་ལ་བརྟེན་ནས། སྒོ་ཕྱུགས་འཚོ་བདེ་རུ་ཕྱིན་པ་མ་ཟད། ལོ་རེའི་ཡོང་བབ་ཀྱང་ཆེ་རུ་ཕྱིན་ཡོད་ཚུལ་བསྒྲགས་ཡོད་ནའང་། ཁོར་ཡུག་ཉམས་ཞིབ་པ་དང་བོད་དོན་ལས་འགུལ་བ་ཚོས་འབྲོག་པའི་རྩྭ་སའི་སྟེང་དུ་ཉི་གློག་གསོག་བྱེད་ཀྱི་འཛུགས་སྐྲུན་རྒྱ་ཆེན་པོ་སྤེལ་བའི་རྐྱེན་གྱིས། བོད་ཀྱི་སྲོལ་རྒྱུན་འབྲོག་པའི་རྩྭ་ས་དང་། འཚོ་གནས་ལ་ཉེན་ཁ་བཟོ་གི་ཡོད་པའི་ཉེན་བརྡ་བཏང་འདུག
རྩ་བའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་འདི་ལོའི་ཟླ་བ་ ༧ པའི་ནང་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༢༢ ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་གསེར་ཆེན་རྫོང་དང་། བྲག་དཀར་རྫོང་དུ་རྩྭ་ཐང་སྟེང་དུ་ཉི་འོད་གློག་གདན་དང་མཉམ་དུ་སྒོ་ཕྱུགས་འཚོ་སྐྱོང་བྱེད་སའི་ས་ཚིགས་ ༣༢ དང་། ཉི་གློག་འཛུགས་སྐྲུན་བྱེད་ཡུལ་ཁག་ཏུ་རྩྭ་ས་ ༥༦ བཟོས་ཡོད་པ་དང་། དེའི་ཁོངས་སུ་གྲོང་ཚོ་ ༡༨ གྱི་དུད་ཚང་ ༦༣༣༠ འཚུད་ཡོད་པ་བརྗོད་ཡོད། ཉི་གློག་བསྡུ་གསོག་དང་སྒོ་ཕྱུགས་འཚོ་སྐྱོང་ཟུང་སྦྲེལ་གྱི་ལས་གཞི་དེའི་འོག ཉི་འོད་གློག་གདན་འོག་ཏུ་ནོར་ལུག་རྣམས་ལ་གྲིབ་སིལ་རག་པ་དང་། རླུང་གིས་ས་འཁྱེར་རྒྱུ་ཉུང་དུ་ཕྱིན་པ་ལ་བརྟེན་ནས། རྩྭ་བཟང་དུ་འགྲོ་བའི་ཁྱད་ཆོས་ཡོད་སྐོར་བསྒྲགས་འདུག
དེ་མ་ཟད། ལས་གཞི་དེ་ལ་བརྟེན་ནས་ས་གནས་ཀྱི་ཡུལ་མིའི་འཚོ་གནས་ལ་ཕན་ཐོགས་བྱུང་ཡོད་ལུགས་བཤད་ཡོད་པ་མ་ཟད། ཡུལ་མི་ལཱི་ཡོང་ལིང་ཟེར་བ་ཞིག་གི་ལོ་རེའི་ཡོང་བབ་རྒྱ་སྒོར་ཁྲི་གཉིས་ཙམ་ནས་ཁྲི་དྲུག་བར་དུ་འཕར་ཡོད་ཚུལ་བཤད་འདུག
ཡིན་ན་ཡང་། ཁོར་ཡུག་ཉམས་ཞིབ་པ་དང་བོད་དོན་ལས་འགུལ་བ་ཚོས་གཞི་རྒྱ་ཆེ་བའི་ཉི་གློག་གི་འཛུགས་སྐྲུན་ལ་བརྟེན་ནས། དེ་སྔའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུམ་བུར་གཏོང་བ་དང་། དེའི་སྟེང་དུ་སྒོ་ཕྱུགས་འཚོ་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། གལ་ཏེ་ཉི་འོད་གློག་གདན་ཡོད་སའི་རྩྭ་རའི་ནང་དུ་སྒོ་ཕྱུགས་འཚོ་རུ་འཇུག་ནའང་། དེ་རུ་ལུག་མ་གཏོགས་གཡག་དང་ར་ལྟ་བུ་འཚོ་རུ་འཇུག་གི་མེད་པ་གསུངས་འདུག
རྒྱ་ནག་གཞུང་གི་ས་གནས་ཀྱི་དབང་འཛིན་པ་ཚོས་བཤད་པ་ལྟར་ན། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༦༠༩ ལ་ཉི་འོད་གློག་གདན་དང་རྩ་ར་གཅིག་ལྕོགས་ཀྱི་ས་ཚིགས་བཟོ་རྒྱུའི་འཆར་གཞི་ཡོད་པའི་ནང་ནས། ད་ལྟ་བར་དུ་ཀི་ལོ་མི་ཊར་གྲུ་བཞི་མ་ ༤༢༠ ལ་ཉི་གློག་རྩྭ་ར་བཟོས་ཚར་ཡོད་པ་དང་། རྩྭ་ར་དེ་དག་ནས་ལུག་འབུམ་གཅིག་ལ་འདང་བའི་རྩྭ་སྐྱེ་གི་ཡོད་ཚུལ་བཤད་འདུག
གཞི་རྩའི་རྒྱ་ནག་གཞུང་གིས་ཉི་འོད་དང་། ཆུ། རླུང་སོགས་ལས་བྱུང་བའི་བསྐྱར་སྤྱོད་རུང་བའི་ནུས་ཤུགས་གོང་སྤེལ་གཏང་རྒྱུའི་ཆེད་དུ། བོད་མཐོ་སྒང་གཙོས་པའི་རྒྱ་ནག་རྒྱལ་ཡོངས་སུ་ཉི་གློག་དང་། ཆུ་གློག རླུང་གློག་བསྡུ་གསོག་གི་ལས་གཞི་རྒྱ་ཆེ་སྤེལ་གྱི་ཡོད་ནའང་། ཁོར་ཡུག་ལས་འགུལ་བ་མང་པོས་ལས་གཞི་དེ་དག་ལ་བརྟེན་ནས་འཇིག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་དང་། མི་རབས་མང་པོའི་རིང་རྩྭ་ཐང་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་སྲོལ་རྒྱུན་འབྲོག་པའི་འཚོ་གནས་ལ་དོ་ཕོག་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།
མགོ་ལོག་པདྨ་རྫོང་དུ་བརྙན་འཕྲིན་ཟུང་སྐར་སྡུད་ཆས་ལ་དམ་དྲག་བྱས་པ།
ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ནས། མགོ་ལོག་ཁུལ་པདྨ་རྫོང་གི་བོད་པའི་ཁྱིམ་ཚང་བཅུ་གྲངས་ཤིག་ལ་ཁྲིམས་འགལ་གྱིས་ཟུང་སྐར་བརྙན་འཕྲིན་སྡུད་ཆས་ (Satellite dish) བེད་སྤྱོད་བྱས་པར་ཉེས་ཆད་ཕོག་འདུག
འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་པདྨ་རྫོང་གི་བོད་ཁྱིམ་བཅུ་གྲངས་ཤིག་ལ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་སྔོག་བཤེར་བྱས་ཏེ། ཆོག་མཆན་མེད་པའི་ཟུང་སྐར་སྡུད་ཆས་རྣམས་ཕྱིར་བསྡུ་བྱས་ཡོད་པ་དང་། འབྲེལ་ཡོད་དོ་དམ་ཁང་ནས་ཁྱིམ་ཚང་རེར་རྒྱ་སྒོར་ ༢༠༠༠ ནས་ ༥༠༠༠ བར་གྱི་དངུལ་ཆད་བཅད་འདུག་ཅེས་འགྲེལ་བརྗོད་བྱས་སོང་།
སྒེར་གྱིས་བེད་སྤྱོད་བྱེད་པའི་ཟུང་སྐར་སྡུད་ཆས་སྐོར་ལ་སྐད་ཆ་དྲིས་སྐབས། ཁོང་ཚོས "སྔོན་ཆད་སྒེར་གྱི་ཟུང་སྐར་སྡུད་ཆས་བརྒྱུད་ནས་ཕྱི་རྒྱལ་གྱི་གསར་འགྱུར་དང་བརྙན་འཕྲིན་སྣ་ཚོགས་ལྟ་ཐུབ་ཀྱི་ཡོད་ཀྱང་། མཚམས་རེར་བརྡ་རྟགས་རང་བཞིན་གྱིས་ཆད་དེ་ལྟ་མི་ཐུབ་པ་ཆགས་ཀྱི་ཡོད། ཉེ་ཆར་གཞུང་གིས་བརྡ་རྟགས་ཤར་གཏོང་ཐུབ་པའི་ཟུང་སྐར་སྡུད་ཆས་ཚང་མ་བརྗེ་བསྒྱུར་བྱས་ཟིན་པ་དང་། ཕྱིན་ཆད་སྒེར་ངོས་ནས་སྒྲིག་འཇོག་བྱེད་པ་མཐའ་གཅིག་ཏུ་བཀག་སྡོམ་བྱས་ཡོད།" ཅེས་བརྗོད་བྱུང་།
ཟུང་སྐར་སྡུད་ཆས་ལ་དམ་དྲག་བྱེད་པའི་ལས་འཆར་འདི་མདོ་སྨད་ས་ཁུལ་གཅིག་པུར་མིན་པར། ཕྱི་ལོ་ ༢༠༢༦ གི་ལོ་འགོ་ནས་བཟུང་མངའ་རིས་ས་ཁུལ་དུའང་རྒྱ་གཞུང་གིས་དམ་དྲག་གི་ལས་འཆར་འགོ་བཙུགས་ཡོད། མཚོ་ཆེན་རྫོང་བརྙན་འཕྲིན་བརྒྱུད་གཏོང་ལས་ཁུངས་ཀྱིས་ལག་བསྟར་བྱས་པ་ལྟར་ན། མངའ་རིས་མཚོ་ཆེན་རྫོང་གི་གྲོང་བརྡལ་གསུམ་གྱི་ནང་དུ་ལག་བསྟར་བྱས་ཚར་ཡོད་པ་དང་། རྫོང་གཞན་དག་གི་ནང་དུའང་ལག་བསྟར་བྱེད་བཞིན་ཡོད།
ཁྱིམ་ཚང་སྒེར་གྱིས་ཟུང་སྐར་སྡུད་ཆས་བེད་སྤྱོད་བྱ་མི་ཆོག་པའི་བཀག་སྡོམ་དེ་གཞུང་ངོས་ནས་ཁྱིམ་ཚང་རེ་རེར་བྱས་ཡོད་འདུག །གཞུང་གིས་བསྒར་བའི་ཟུང་སྐར་སྡུད་ཆས་དེ་དག་བརྒྱུད་ནས་རྒྱ་གཞུང་གི་དྲིལ་བསྒྲགས་ཁོ་ན་ལས་ལྟ་ཐུབ་ཀྱི་མེད་པ་ལས། ཕྱི་རྒྱལ་གྱི་གསར་འགྱུར་བརྒྱུད་ལམ་གཅིག་ཀྱང་ལྟ་མི་ཐུབ་པའི་སྐོར་འབྲེལ་ཡོད་མི་སྣས་གསལ་བཤད་གནང་བྱུང་།
བོད་ནང་གི་དཔོན་རིགས་ ༨ ལས་གནས་ནས་ཕྱིར་འབུད་ཀྱིས་ཞིབ་བཤེར་བྱེད་བཞིན་པ།
རྒྱ་ནག་གཞུང་གིས་བོད་ནང་གི་དཔོན་རིགས་བརྒྱད་དམར་ཤོག་ཚོགས་པའི་སྒྲིག་ཁོངས་ནས་ཕྱིར་འབུད་བཏང་སྟེ་ཞིབ་བཤེར་བྱེད་བཞིན་པ་རེད་འདུག
དེ་ཡང་ཁ་སང་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་གི་དཔོན་རིགས་ཆེ་ཁག་བརྒྱད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་བློ་སེམས་དྲང་པོ་བྱེད་ཀྱི་མེད་པ་དང་ཁྲིམས་འགལ་གྱི་ལས་དོན་གཉེར་ཡོད་ལུགས་བཤད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁོངས་དང་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༢ ནས་འགོ་འཛུགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་དང་མི་མཐུན་པའི་ལྟ་སྤྱོད་ཡོད་མཁན་དང་། གྲངས་ཉུང་མི་རིགས་ཁག་གི་དཔོན་རིགས་ཚོར་སྟག་དང་སྦྲང་མ་ལེབ་རྡུང་གི་སྲིད་བྱུས་འོག་ནག་ཉེས་སྣ་ཚོགས་གཡོགས་ནས། དཔོན་རིགས་མང་དག་ཅིག་ལ་ཞིབ་བཤེར་བྱེད་འགོ་བཙུགས་པ་དང་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པ་པ་ལྟར། འདས་པའི་ཟླ་བ་གཅིག་ལྷག་རིང་། རྒྱ་ནག་གཞུང་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འགོ་ཁྲིད་གཞོན་པ་ཟུར་པ་དང་འགོ་ཁྲིད་ཟུར་པ་བཀྲ་ཤིས་དབང་རྒྱལ་དང་། ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ་ཟུར་པ་དབང་ལྡན། སེར་ཤུལ་རྫོང་གི་རྫོང་དཔོན་གཞོན་པ་ཟུར་པ་ཐུབ་བསྟན་ཚེ་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་སྐལ་བཟང་ཚེ་རིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཟུར་པ་ཚེ་སྒྲུབ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་རྫོང་དཔོན་ཟུར་པ་ཐུབ་པ་སྐྱབས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་རིམ་པ་གཉིས་པའི་ལྟ་ཞིབ་འགན་ཁུར་བ་ཟུར་པ་ཀྲང་ཅ་ཀྲུ། དེ་བཞིན་དཀར་མཛེས་ཁུལ་ཁྲོམ་རའི་བདེ་དོན་རྟོག་ཞིབ་འགན་ཁུར་བ་ཟུར་པ་ཆོའོ་མིང་ཡོང་བཅས་ཉུར་མཐར་བོད་ཁུལ་གྱི་དཔོན་རིགས་ཆེ་གྲས་བརྒྱད་ལ་རྒྱ་ནག་དམར་ཤོག་ཚོགས་པར་བློ་སེམས་དྲང་པོ་མི་བྱེད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ ༡༨ དང་ ༡༩།༢༠ བཅས་ཀྱི་དགོངས་དོན་དང་འགལ་ཡོད་ལུགས་སོགས་བཤད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁོངས་ནས་ཕྱིར་འབུད་ཀྱིས་ཞིབ་བཤེར་བྱེད་བཞིན་ཡོད་པ་བརྗོད་འདུག
གཞི་རྩའི་སྲིད་འཛིན་ཞི་ཅིན་ཕིང་སྲིད་འཛིན་ཆགས་པ་ནས་བཟུང་། རྒྱ་ནག་གི་དམག་དཔོན་དང་ཚོང་དཔོན། དེ་བཞིན་ས་གནས་ཀྱི་དཔོན་རིགས་མང་དག་ཅིག་ལས་གནས་ནས་ཕྱིར་འབུད་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ཟླ་ ༧ པའི་ནང་རྒྱ་ནག་ཆབ་སྲིད་ཅུས་ཀྱི་དཔོན་རིགས་ MA Xingrui ལྐོག་ཟ་རུལ་སྲུང་གི་གནད་དོན་འོག་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་ལྟར། ད་ལན་ཡང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་བོད་རིགས་དཔོན་པོ་ ༦ དང་རྒྱ་རིགས་ཀྱི་དཔོན་པོ་གཉིས་བཅས་ལས་གནས་ནས་ཕྱིར་འབུད་ཀྱིས་ཞིབ་བཤེར་གྱི་གནས་སྟངས་འོག་ཡོད་པ་རེད།
མངའ་རིའི་སྒར་རྫོང་གི་བོད་པའི་གཞོན་སྐྱེས་གཉིས་རྒྱ་ནག་དམག་དཔུང་ནས་ཕྱིར་ཐོན་བྱས་རྐྱེན་སྒྲིག་འགལ་གྱི་ཉེས་ཆད་ཕོག་འདུག
ཉེ་ལམ་མངའ་རིའི་སྒར་རྫོང་ནས་ཡིན་པའི་བོད་མི་གཞོན་སྐྱེས་གཉིས་ནས་གནམ་གཤིས་སོགས་ས་ཆའི་དཀའ་ངལ་གྱིས་རྒྱ་ནག་དམག་དཔུང་ནས་ཕྱིར་ཐོན་བྱས་པར་བརྟེན། ཁྱིམ་བདག་དང་དོ་བདག་གཉིས་ལ་སྒྲིག་འགལ་གྱི་ཉེས་ཆད་བཀལ་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྒྱ་ནག་གི་ནན་ཅིན་དམག་སྒར་ཞིག་གི་ཁོངས་གཏོགས་ཡིན་པའི་མངའ་རིའི་སྒར་རྫོང་གི་བོད་པའི་གཞོན་སྐྱེས་གཉིས་ནས་གནམ་གཤིས་སོགས་ས་ཆའི་དཀའ་ངལ་གྱིས་རྒྱ་ནག་དམག་དཔུང་ནས་ཕྱིར་ཐོན་བྱས་རྐྱེན། སྒར་རྫོང་གི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ཡོང་ནས་ཁུལ་དེའི་མི་ཚང་རེ་རེ་ལ་རྒྱ་སྒོར་ལྔ་སྟོང་གི་ཆད་པ་བཅད་ཡོད་པ་མ་ཟད། བོད་མི་ན་གཞོན་གཉིས་ཀར་ལོ་གཅིག་རིང་ས་གནས་ས་ཐོག་ལས་གཞན་གང་དུ་འགྲོ་འོང་མི་ཆོག་པ་བཟོས་འདུག་ལ། ཁྱིམ་ཚང་གཉིས་ཀའི་སློབ་ཡོན་རོགས་རམ་དང་། ཁྱིམ་ཚང་གི་དཀའ་ཁག་རྒྱལ་ཁབ་ཀྱིས་སེལ་རྒྱུའི་ཁས་ལེན་ཕྱིར་འཐེན་བྱས་འདུག
སྤྱིར་ལོ་ཁ་ཤས་སྔོན་ནས་བོད་ཀྱི་ས་གནས་ས་ཁུལ་གྱི་ན་གཞོན་ཚོ་རྒྱ་ནག་དམག་དཔུང་ནང་དུ་ཞུགས་དགོས་པའི་བརྡ་ཐོ་མང་པོ་ཁྱིམ་ཚང་རེ་རེ་ལ་འབྱོར་ཡོད་པ་དང་། ལོ་རེར་རྒྱ་ནག་དམག་དཔུང་ནང་དུ་འཛུལ་ཞུགས་བྱེད་མཁན་གྲོང་ཚོ་རེ་ནས་བོད་རིགས་གཞོན་སྐྱེས་ ༢༠ ཡས་མས་ཡོད་པ་མ་ཟད། ཁོ་ཚོ་མང་ཆེ་བ་དང་པོ་རྒྱ་ནག་གི་ས་ཁུལ་མི་འདྲ་བར་སྦྱོང་བརྡར་བྱེད་དུ་འགྲོ་དགོས་པར་བརྟེན། ཕ་མ་དང་ཁ་བྲལ། རང་གི་རིག་གཞུང་དང་ཁ་བྲལ། བོད་པའི་དགོན་སྡེ་དང་ཡུལ་སྲོལ་དང་བར་ཐག་རིང་དུ་འགྲོ་བཞིན་འདུག་པས། མ་འོངས་པར་བོད་ཀྱི་ན་གཞོན་འདི་ཚོའི་ཤེས་ཡོན་དང་། ཀུན་སྤྱོད། བོད་རང་གི་འདུ་ཤེས་སོགས་ལ་སེམས་ཁྲལ་ཆེན་པོ་ཡོད་པ་ས་གནས་ནང་མི་ཞིག་གིས་འགྲེལ་བརྗོད་གནང་འདུག
ད་ལོའི་ལས་འཆར་འདི་ཆུ་ཤུར་རྫོང་དང་། སྟོད་ལུང་བདེ་ཆེན་རྫོང་། ཡུན་ནན་བོད་རིགས་ས་ཁུལ། རྔ་བ་ཁུལ་བོད་རིགས་ས་ཁུལ་མང་པོར་སྤེལ་ཡོད་པ་མ་ཟད། དམག་དོན་སྟོབས་ཆེར་གཏོང་བའི་བསམ་བློའི་སློབ་གསོ་འདི་གཙོ་བོ་ས་གནས་རི་ཐོག་རྫོང་གི་ཁུངས་གཏོགས་ཡིན་པ་རེད། ལས་འཆར་དེ་ཡང་སློབ་ཆེན་གྱི་སློབ་མ་ཚོར་གཙོ་བོར་དམིགས་ཡོད་པ་དང་། ལོ་ཚད་ལོན་པའི་བོད་པ་སུ་ཡིན་རུང་འཛུལ་ཞུགས་བྱ་ཆོག་པ་ཡིན་འདུག་ལ། གལ་ཏེ་སློབ་ཆེན་གྱི་སློབ་མ་ཞིག་དམག་མིར་ཞུགས་ན་སློབ་ཡོན་ལ་རོགས་རམ་དང་། ཁྱིམ་ཚང་གི་དཀའ་ཁག་རྒྱལ་ཁབ་ཀྱིས་སེལ་ཐུབ་པ་བྱ་རྒྱུའི་ཁས་ལེན་བྱས་འདུག
རྩ་བའི་ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༣ ཚེས ༡༥ ཉིན། མངའ་རིའི་སྒར་རྫོང་དུ་རྒྱ་ནག་གི་ས་གནས་སྲིད་གཞུང་གིས་དཔྱིད་དུས་དམག་གསར་བསྡུ་བའི་ལས་གཞི་འགོ་བཙུགས་ཡོད་པ་དང་། ས་གནས་བོད་རིགས་གཞོན་སྐྱེས་མང་པོ་དམག་ནང་དུ་འཛུལ་ཞུགས་བྱས་ཡོད་པ་མ་ཟད། སྒར་གྲོང་ཚོའི་ནང་དུ་དམག་མི་གསར་ཞུགས་ཀྱི་མཛད་སྒོ་ཡང་སྤེལ་ཡོད་འདུག
རྒྱ་གཞུང་གིས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐེར་འདོན་ལ་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག
རྒྱ་གཞུང་གིས་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་གནས་སྟངས་ཐེར་འདོན་དང་། དེ་དོན་རྒྱལ་སྤྱིའི་སྤྱི་ཚོགས་སུ་དྲིལ་བསྒྲགས་རྒྱ་ཆེ་གནང་བར་བརྟེན། ཉེ་ལམ་ཁོང་ལ་གཞི་རྩ་གང་ཡང་མེད་པའི་ཐོག་ནས་ཁྲིམས་ལ་གཏུགས་ཡོད་པ་དང་འབྲེལ། རྒྱལ་ལོ་ལགས་ཀྱིས་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་ཁོང་ལ་དྲག་གནོན་དང་འཇིགས་སྐུལ་ག་ཚོད་བྱས་ཀྱང་། ཁོང་ནས་བོད་དོན་སྤྱི་དང་བྱེ་བྲག་ཏུ་རྒྱའི་བཅའ་སྡོད་སློབ་གྲའི་ཐོག་མུ་མཐུད་ལས་དོན་གནང་རྒྱུ་ཡིན་པ་དང་། ལས་དོན་གནང་ཕྱོགས་ཐོག་དོ་ཕོག་གང་ཡང་འགྲོ་རྒྱུ་མིན་པ་གསུངས་འདུག
དེ་ཡང་རྒྱ་གཞུང་གིས་བཙན་བྱོལ་ནང་ཡོད་པའི་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ་སོགས་རྒྱ་ནག་དམར་ཤོག་གཞུང་དང་ཆབ་སྲིད་ལྟ་གྲུབ་ཐ་དད་འཛིན་མཁན་ཚོར་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཤུགས་ཆེ་བྱེད་མུས་ཡིན་པའི་ཁྲོད། ཁ་སང་ Tibet Action འམ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་དྲྭ་ལམ་ཐོག་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། ཁེ་ན་ཌའི་མི་སེར་ཡིན་པའི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་བྱུས་ཁྲོད། བོད་རིགས་ན་གཞོན་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་ཆེད་དུ་འཛུགས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་གནས་བབ་དང་། ལྷག་པར་གནས་ཚུལ་དེ་རིགས་རྒྱལ་སྤྱིའི་སྤྱི་ཚོགས་སུ་དྲིལ་བསྒྲགས་རྒྱ་ཆེ་གནང་བར་བརྟེན། རྒྱ་གཞུང་གིས་ཁོང་གི་མཚན་ཐོག་ཏུ་གཞི་རྩ་གང་ཡང་མེད་པའི་ཐོག་ནས་ཁྲིམས་གཏུག་བྱས་འདུག
རྩ་བའི་ཁྲིམས་གཏུག་གི་ཡིག་ཆ་དེ་བཞིན་ཁོང་གི་བཟའ་ཟླར་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༣ སྟེ། ཁོང་གིས་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚོགས་ཆུང་གི་རྒྱ་ནག་ལ་བསྐྱར་ཞིབ་མ་བྱས་གོང་དུ། ཇི་ནི་ཝ་རུ་བོད་ཀྱི་བྱིས་པའི་ཐོབ་ཐང་གི་ཆེད་དུ་གཏམ་བཤད་གནང་བཞིན་པའི་སྐབས་སུ་ཁོང་གི་ད་ལྟའི་སྡོད་གནས་ཊོ་རོན་ཊོར་འབྱོར་ཡོད་པ་དང་། དེའི་ནང་དུ་ཁོང་གི་དེ་སྔའི་ལས་ཁུངས་ཡུན་ནན་རྒྱུན་ལྡན་སློབ་གྲྭ་ཆེན་མོས་འབུམ་རམས་པ་རྒྱལ་ལོ་ལགས་ལ་ཁྲིམས་གཏུག་བྱས་པའི་ཞུ་གཏུག་ཡི་གེ་དེ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༥ ཉིན་དེ་འབྲེལ་རྒྱ་ནག་ཏུ་ཐོས་ཞིབ་ལ་བཅར་དགོས་པའི་བརྡ་ཐོ་བཏང་འདུག
དེ་འབྲེལ་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཁོང་བོད་ནས་བྲོས་བྱོལ་དུ་ཡོང་དགོས་དོན་ནི། རྒྱ་ནག་གི་བཙན་ཤེད་ཀྱི་མི་སེར་སློབ་གྲྭའི་ལམ་ལུགས་དེས་བོད་ཀྱི་བྱིས་པ་རྣམས་རང་གི་ནང་མི་དང་ཁ་བྲལ་དུ་གཏོང་བ་དང་། ཁོང་ཚོའི་མ་སྐད་དང་། རིག་གཞུང་གི་ངོ་བོ། དེ་བཞིན་ཆོས་ལུགས་ཀྱི་རིན་ཐང་བཅས་མེད་པར་བཟོ་བཞིན་ཡོད་པའི་སྐོར་རྒྱལ་སྤྱིར་དྲིལ་བསྒྲགས་ཐུབ་པའི་ཆེད་དུ་ཡིན་པ་དང་། ད་ཆ་རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དེ་བཞིན་རང་དབང་ལུང་པ་ཁེ་ན་ཊར་སླེབས་ཟིན་ཡོད་ཀྱང་། རྒྱའི་བཅའ་སྡོད་སློབ་གྲྭའི་གནད་དོན་ཐེར་འདོན་ཐད་རྒྱ་ནག་གིས་ཁོང་ལ་ནམ་ཡང་བཀག་སྡོམ་བྱེད་ཐུབ་ཀྱི་མེད་པ་དང་ཆབས་ཅིག དེ་འབྲེལ་ལས་དོན་གནང་ཕྱོགས་ཐོག་དོ་ཕོག་གང་ཡང་འགྲོ་རྒྱུ་མིན་པ་གསུངས་འདུག
གནད་དོན་དེ་དང་འབྲེལ་རྒྱལ་སྤྱིའི་འགྲོ་བ་མའི་ཐོབ་ཐང་ཚོགས་པ་ཁག་གིས། གནད་དོན་འདི་ནི་རྒྱ་ནག་གིས་འཛམ་གླིང་ཁྲོད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ལ་ཁ་གཏད་གཅོག་པའི་རྒྱལ་མཚམས་བརྒལ་ནས་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་དཔེ་མཚོན་གསར་ཤོས་དེ་ཡིན་པ་དང་། ལྷག་པར་ཉེ་ཆར་ལྷོ་ཨ་ཕི་རི་ཀ་ Lyttelton Manor དུ་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ Petrol Bomb འམ་རྡོ་སྣུམ་ལས་བཟོས་པའི་འབར་རྫས་གཡུག་ནས་འགས་འཐོར་བྱུང་བའི་གནད་དོན་སོགས་ཀྱིས་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་བོད་མི་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་མཚོན་གྱི་ཡོད་པ་གསུངས་འདུག
གཞི་རྩའི་འདས་པའི་ལོའི་ནང་ཁེ་ན་ཌར་གནས་སྡོད་བོད་མི་དང་ཡུ་གུར་བ། ཧོང་ཀོང་མང་ཚོགས་རྣམས་ལ་རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་ཆེས་ཆེར་ཡོང་བཞིན་པའི་གནས་ཚུལ་རིམ་པར་བྱུང་ཡོད་པའི་ཁྲོད། སྔ་ལོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་ Canada Tibet Committee ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་ཚོགས་མི་ ༥ དང་ Uyghur Rights Advocacy Project ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་ ༡༥ ལ་བོད་དང་ཤར་ཏུར་ཀིས་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་དང་དྲིལ་བསྒྲགས་རིམ་པ་གནང་རྐྱེན་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་ཀྱི་ཡོད་ལུགས་སོགས་ལ་གཞིགས་ནས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་དང་། སྲིད་དོན་ཉེས་ཆད་དེའི་བརྒྱུད་ནས་ཚོགས་སྒེར་དེ་དག་གི་རྒྱ་ནག་ནང་གི་རྒྱུ་དངོས་འབྲེལ་ཡོད་ཡོངས་རྫོགས་གཞུང་བཞེས་དང་། རྒྱ་ནག་ནང་གི་ཚོགས་སྒེར་ཚང་མས་ཁོང་ཚོ་དང་ལྷན་དུ་ཚོང་དོན་དང་། མཉམ་ལས། དེ་བཞིན་ལས་དོན་གཞན་རིགས་སྤེལ་མི་ཆོག་པ་མ་ཟད། ཧོང་ཀོང་དང་ Macao མཱ་ཀའོ་ནང་དུ་འགྲུལ་སྐྱོད་བཀག་སྡོམ་བྱས་ཡོད་པ་རེད།
བོད་ནག་ཆུ་སྦྲ་ཆེན་རྫོང་ཁུལ་གྱི་ས་ཡོམ་ཁྲོད་མི་གྲངས་ ༣༠ ཙམ་རྐྱེན་འདས་སུ་ཕྱིན་པ་མངོན་གསལ།
ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་མཚན་མོར་བོད་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་ས་ཡོམ་ཤུགས་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་པའི་རྐྱེན་གྱིས། ས་ཡོམ་རྒྱག་ཡུལ་ལྟེ་བ་གཙོ་བོ་ཡིན་པའི་རྫ་སྲིབ་དང་དམར་རུ། གངས་ཅན་གཙོས་པའི་ཡུལ་ཚོ་ཁག་ཏུ་མི་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བྱུང་བའི་ཁྲོད། གྲོང་ཚོ་ ༣༠ ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་མི་གྲངས་ ༣༠ ཙམ་རྐྱེན་འདས་སུ་ཕྱིན་པ་མངོན་གསལ་གནང་སོང་།
འདི་གར་བོད་ནས་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ཡུལ་ཚོ་ཞིག་གི་འབྲེལ་ཡོད་བརྒྱུད་ནས་ཐད་ཀར་གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ས་ཡོམ་རྐྱེན་པས་ཁང་པ་དང་འབྲོག་ཁང་སོགས་ལ་གཏོར་བཤིག་ཚབས་ཆེན་བྱུང་བ་དང་། ས་ཁུལ་ཁག་ཅིག་ཏུ་གློག་དང་འཕྲིན་གཏོང་བརྡ་རྟགས་ཆད་དེ། ཕན་ཚུན་འབྲེལ་བ་བྱེད་ཁག་པོ་ཆགས་ཡོད་ཀྱང་། རིམ་བཞིན་དྲ་ལམ་རྒྱུན་ལྡན་དུ་གྱུར་ཏེ་ཕན་ཚུན་བར་འབྲེལ་བ་བྱེད་ཐུབ་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
ལྷག་པར་གྲོང་ཚོ་མི་འདྲ་བ་ ༣༠ ལྷག་ཙམ་ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཉུང་མཐར་མི་ ༡༥༠༠ ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། རྐྱེན་འདས་སུ་ཕྱིན་པའི་མི་དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་གྲངས་སྐོར་དང་འབྲེལ་ནས་བཀའ་འདྲི་ཞུས་སྐབས། ཉིན་ཤས་ནང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་ཁ་ཤས་རྐྱེན་འདས་སུ་ཕྱིན་པ་དང་། དེའི་ཁྲོད་ཕལ་ཆེར་མི་ ༣༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་ཅིང་། ཁོང་གིས་ངོ་ཤེས་པ་དང་འབྲེལ་ཡོད་མི་བཅུ་ལྷག་རྐྱེན་འདས་སུ་ཕྱིན་འདུག་ཅེས་འགྲེལ་བརྗོད་གནང་སོང་། ད་དུང་རྨས་སྐྱོན་ཕོག་མཁན་ཁྲོད་མགོ་དང་རྐང་པ་སོགས་ལ་རྨས་སྐྱོན་ཕོག་པའི་མི་མང་པོ་ཡོད་པ་དང་། སྨན་ཁང་དུ་མི་བརྒྱ་ལྷག་ཙམ་ཞག་སྡོད་བྱས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་གོ་ཐོས་བྱུང་ཞེས་འགྲེལ་བརྗོད་གནང་སོང་།
ད་ཐེངས་རྒྱ་ནག་གཞུང་གིས་བསྒྲགས་པའི་གྲངས་ཐོ་ལྟར་ན། མི་ ༡༦ རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་ ༧༦ ལ་རྨས་སྐྱོན་ཕོག་པ། ཁང་པ་ ༣༣༩ ལ་གནོད་སྐྱོན་བྱུང་ཡོད་ལུགས་བཤད་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་གིས་གཞུང་འབྲེལ་བརྒྱུད་ལམ་ཁག་མ་གཏོགས། སྒེར་གྱི་སྤྱི་ཚོགས་དྲ་ལམ་སྤྱོད་མཁན་རྣམས་ལ་ས་གནས་ཀྱི་དངོས་ཡོད་གནས་སྟངས་དང་གྲངས་ཐོ་སྤེལ་བའི་གནད་དོན་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད། མ་ཟད་རྒྱ་ནག་གི་ཉེན་རྟོག་པས་སྲོག་རྫོང་དང་ཤན་རྩ་རྫོང་། དེ་བཞིན་ཉེ་འཁྲིས་ཆབ་མདོ་ཁུལ་གྱི་ལྷོ་རོང་རྫོང་བཅས་ནས་བོད་མི་གསུམ་འཛིན་བཟུང་བྱས་རྗེས། དྲ་ལམ་དུ་དཀྲོག་གཏམ་སྤེལ་བའི་ཉེས་འཛུགས་བྱས་ཏེ་བཀག་ཉར་བྱས་ཡོད་པ་རེད།
མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ་འདུག
མགོན་པོ་སྐྱིད་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སླར་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མདུན་དུ། རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་རྒྱ་གཞུང་ནས་བསྐྱར་ཞིབ་དགོས་པའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་འདུག
དེ་ཡང་མགོན་པོ་སྐྱིད་ལགས་ཀྱིས་རྒྱ་ནག་གི་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཆད་མྱོང་བཞིན་པའི་རང་གི་གཅུང་པོ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཆེད་དུ་ད་བར་ཞུ་གཏུགས་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པའི་ཁྲོད། སྔ་ལོར་ཁོང་ནས་འ་ཆད་འུ་ཐུག་གིས་ཁུལ་དེར་ཡོད་པའི་གཡག་མགྲོན་ཁང་གི་ཁང་ཐོག་གཉིས་པ་ནས་མར་མཆོངས་ཏེ། རང་སྲོག་གཅོད་ཐབས་བྱས་པར་རྐང་ལག་དང་སྐེད་པར་རྨས་སྐྱོན་དྲག་པོ་ཕོག་པའི་གནས་ཚུལ་ཡང་བྱུང་ཡོད། དེ་རིང་བོད་ནང་ནས་ཕྱི་གྱར་བྱུང་བའི་བརྙན་ཐུང་ཞིག་གི་ནང་། མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་ཁ་ཉིན་ཕྱི་ཚེས་ ༢༦ ཉིན་ལྷ་སར་རྟེན་གཞི་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མདུན་གྱི་ས་ལ་བཞུགས་ཏེ་ལག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདྲ་པར་དང་རྒྱ་གཞུང་གིས་ཁོང་གི་གཅུང་པོར་བཀལ་བའི་ཁྲིམས་ཆད་ལ་བསྐྱར་ཞིབ་ཀྱིས་དྲང་བདེན་དགོས་པའི་འབོད་སྐུལ་གྱི་སྦྱར་ཡིག་བསྣམས་པའི་ཐོག་ལས་འགུལ་སྤེལ་བཞིན་པ་མངོན་རྒྱུ་འདུག
གནས་ཚུལ་དེ་དང་འབྲེལ་བོད་གནས་མཁོ་སྤྲོད་པ་ས་དཀར་བཀྲ་ཤིས་ལགས་ཀྱིས་བརྙན་ཐུང་དེར་གཞིགས་ཏེ། ད་ལྟའི་ཆར་མགོན་པོ་སྐྱིད་ལགས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་པོ་གྱུར་ཡོད་པ་འདྲ་འདུག་ཅེས་སེམས་འཚབ་བཏོན་གནང་སོང་ལ། ད་ལྟ་དམ་དྲག་ཆེན་པོ་ཡོད་པའི་གནས་སྟངས་འོག་ཕལ་ཆེར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱ་སྲིད་པའང་གསུངས་སོང་།
རྩ་བའི་རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་དོན་རྐྱེན་འོག་ཐོག་མར་ཁ་བྲལ་གྱི་ཉེས་འཛུགས་དང་། རྗེས་སུ་བུ་ལོན་གཡོ་ལེན་བྱས་ཡོད་པར་བསྙད་འདོགས་ཀྱིས་ཕྱི་ལོ་ ༢༠༡༠ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པར། ཁྲིམས་བཅད་དེ་ཁྲིམས་མཐུན་མིན་པར་དྲང་བདེན་དགོས་པའི་ཞུ་སྐུལ་ལན་མང་གནང་ཡོད་པ་མ་ཟད། འདས་པའི་ལོ་ཤས་ནས་ཁོང་ལ་ནང་མི་ཐུག་འཕྲད་བྱེད་དུ་བཅུག་དགོས་པའི་དགོས་འདུན་ཡང་རྒྱ་ནག་གི་གཞུང་འབྲེལ་ཞུ་གཏུག་གི་བརྒྱུད་རིམ་ཡོད་ཚད་ཕྱིན་ཡོད་ཀྱང་། ད་བར་རྡོ་རྗེ་བཀྲ་ཤིས་ལགས་གློད་བཀྲོལ་ཐོབ་མེད་མ་ཟད། ནང་མི་ཐུག་འཕྲད་བྱེད་དུ་བཅུག་མེད་པའི་ཐོག །མགོན་པོ་སྐྱིད་ལགས་ཀྱིས་དུས་ནས་དུས་སུ་དེ་འབྲེལ་ལས་འགུལ་སྤེལ་བར་ཁོང་ལ་རྒྱ་གཞུང་ཉེན་རྟོག་པས་རྡུང་རྡེག་ཀྱང་བཏང་ཡོད་པ་རེད།
རྒྱ་གཞུང་གིས་གྲྭ་གྲངས་སྟངས་འཛིན་ཟེར་བའི་ལས་གཞིའི་འོག་ནས་རྫ་སེར་ཤུལ་དགོན་པར་གྲ་ཤག་གཏོར་བཤིགས་དང་དམ་དྲག་བྱེད་བཞིན་པ།
ཁ་སང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། རྒྱ་ནག་གཞུང་གིས་རྫ་སེར་ཤུལ་དགོན་པའི་གྲྭ་ཤག་གཏོར་བཤིག་བཏང་བ་དང་། དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་དང་འབྲེལ། འདི་ག་རླུང་འཕྲིན་ཁང་གིས་དེ་རིང་འབྲེལ་ཡོད་ལ་བཀའ་འདྲི་ཞུས་པའི་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཚེས་ ༡༡ ཉིན་ས་གནས་གཞུང་གི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་དགོན་པར་སླེབས་ཏེ། དགོན་པའི་དོ་དམ་ལས་བྱེད་པ་ཚོར་གྲྭ་ཤག་གི་གྲངས་འབོར་དང་། དགེ་འདུན་པའི་ཞེས་གྲངས་དང་ལོ་ཚད་སོགས་ཆ་ཚང་ཆད་ལྷག་མེད་པར་གཞུང་ལ་སྙན་སེང་ཞུ་དགོས་པའི་བཙན་བཀའ་བཏང་ཡོད་འདུག
དེ་རྗེས་ཕྱི་ཚེས་ ༢༥ ཉིན་རྒྱ་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་གྲྭ་ཤག་གཏོར་བཤིག་གཏོང་བའི་ལས་ཀ་དངོས་སུ་འགོ་བཙུགས་ཡོད་པ་དང་། ད་ལྟའི་བར་གྲྭ་ཤག་བཅུ་གྲངས་ཤིག་གཏོར་བཤིག་བཏང་ཟིན་ཡོད་པ་རེད་འདུག །དགེ་འདུན་པ་རེ་བཟུང་གིས་གསུངས་པ་ལྟར་ན། གྲྭ་ཤག་ཉིས་བརྒྱ་ལྷག་གཏོར་བཤིག་གཏོང་རྒྱུའི་འཆར་གཞི་བཟོས་ཡོད་འདུག
མ་ཟད་དགོན་པ་དང་འབྲེལ་བ་ཡོད་པའི་མི་ཞིག་གིས་གསུངས་པ་ལྟར་ན། ས་གནས་རྒྱ་ནག་སྲིད་གཞུང་གིས་བཙན་བཀའ་བཏང་བའི་འོག །རྫ་སེར་ཤུལ་དགོན་པའི་གྲྭ་ཕྲུག་རྣམས་རྒྱ་གཞུང་གིས་དོ་དམ་བྱེད་པའི་སློབ་གྲྭར་བཏང་དགོས་པ་དང་། གྲྭ་གྲངས་ཉུང་དུ་གཏོང་བའི་བཙན་དབང་གི་ལས་འཆར་དེ་ད་ཐེངས་གཅིག་པུ་མིན་ཞིང་། སྔོན་ཆད་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༨ པར་ལོ་བཅོ་བརྒྱད་མ་ལོན་པའི་གྲྭ་ཕྲུག་བརྒྱ་ལྷག་གཞུང་གི་སློབ་གྲྭར་བཙན་དབང་གིས་བཏང་ཡོད་པ་རེད་ཅེས་གསུངས་སོང་།
དགོན་པ་དང་འབྲེལ་བ་ཡོད་པའི་མི་ཞིག་གིས་གསུངས་ན། རྩ་བའི་རིག་གནས་གསར་བརྗེའི་སྐབས་སུ། དགོན་པའི་ཁོངས་གཏོགས་ཀྱི་གྲྭ་ཤག་དང་། ལྷ་ཁང་། སྐུ་གསུང་ཐུགས་རྟེན་རྩ་ཆེན་སོགས་མང་པོར་གཏོར་བཤིག་ཚབས་ཆེན་ཕོག་ཡོད། དེ་རྗེས་ཆོས་སྒོ་ཕྱེ་རྗེས། དགོན་པའི་ལྷ་ཁང་དང་། སྐུ་གསུང་ཐུགས་རྟེན། འདུ་ཁང་། གྲྭ་ཤག་སོགས་ཉམས་གསོ་བྱས་ཏེ། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ཡོད། དེང་སྐབས་རྫ་སེར་ཤུལ་དགོན་པ་ནི་ཁམས་ཁུལ་གྱི་དགེ་ལུགས་དགོན་སྡེ་ཆེ་གྲས་ཤིག་ཡིན། དགོན་པར་འདུ་ཁང་དང་། བྱམས་ཁང་། མགོན་ཁང་། བདེ་བ་ཅན་གྱི་ལྷ་ཁང་སོགས་མང་པོ་ཡོད་ཅིང་། གྲྭ་བཙུན་རྣམས་ཆོས་སྒྲུབ་དང་སློབ་གཉེར་ལ་གཞོལ་སའི་གནས་ཤིག་ཡིན་ཞེས་གསུངས་སོང་།
ཁོང་གིས་ད་དུང་ཕྱི་ལོ་ ༢༠༡༠ ལོར། རྫ་ཆུའི་སེར་ཤུལ་དགོན་པའི་མཚན་ཉིད་གྲྭ་ཚང་གི་གྲྭ་བཙུན་ ༥༠ ལྷག་གིས། མི་རིགས་རང་གི་སྐད་ཡིག་སྦྱོང་བའི་རང་དབང་དགོས་པ་སོགས་ཀྱི་རེ་འདུན་བཏོན་པའི་འཕྲེད་དར་སྣ་ཚོགས་འཕྱར་ཏེ། སེར་ཤུལ་རྫོང་ཐོག་ཏུ་བསྐྱོད་པའི་གཞི་རྒྱ་ཆེ་བའི་ཞི་རྒོལ་ལས་གཞི་ཞིག་སྤེལ་ཡོད་པ་དང་། སྐབས་དེར་སེར་ཤུལ་དགོན་པའི་མཚན་ཉིད་གྲྭ་ཚང་གཙོ་བྱས་པའི་གྲྭ་བཙུན་ ༧༠༠ ཙམ་ཡང་སེར་ཤུལ་རྫོང་ཐོག་ཏུ་བསྐྱོད་སྐབས་རྫོང་ཐོག་དང་བར་ཐག་ཉེ་སར་འབྱོར་སྐབས་ཉེན་རྟོག་པས་བཀག་འགོག་དང་རྡུང་རྡེག་བཏང་ཡོད་པ་དང་། སྐབས་དེར་རྫ་སེར་ཤུལ་དགོན་པར་གྲྭ་གྲངས་༡༢༠༠ ནས་ ༡༣༠༠ བར་ཡོད་ཀྱང་། ལོ་བཅུ་གྲངས་ཤིག་གི་རིང་ལ་གྲྭ་གྲངས་ཉུང་མཐར་ ༥༠༠ ལྷག་ཉུང་དུ་ཕྱིན་ཡོད་ཅེས་གསུངས་སོང་།
རྩ་བའི་འདི་ལོ་ཟི་ཁྲོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ ༣༣༡ ཞེས་པའི་ལས་འཆར་ཞིག་རྫ་སེར་ཤུལ་དགོན་པ་གཙོ་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ ༤༥ དང་། བཙུན་དགོན་ ༥ བཅས་སུ་སྤེལ་ཏེ། གྲྭ་བཙུན་ ༢༠༠༠ ལྷག་ལ་ཆབ་སྲིད་སློབ་གསོ་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་དང་། སློབ་གསོའི་ལས་འཆར་དེའི་ནང་དོན་གཙོ་བོ་ནི་ ༣༣༡ ཞེས་པའི་ནང་གི་ ༣ དང་པོས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་འབངས་ཀྱི་འདུ་ཤེས། ཁྲིམས་ཀྱི་འདུ་ཤེས་བཅས་གསུམ་འཛུགས་རྒྱུ་ཡིན་འདུག །དེ་བཞིན་ ༣ གཉིས་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་གྲོས་བསྡུར། འཕྲོད་བསྟེན་བྱེད་སྒོ་བཅས་གསུམ་ལ་གོ་བ་དང་། ༡ ཞེས་པ་དེས་དགོན་པ་རེ་རེར་ཁྲིམས་མཐུན་དང་ལག་ལེན་བྱེད་ཐུབ་པའི་དགོན་པའི་སྒྲིག་གཞི་རེ་འཛུགས་དགོས་པ་བཅས་ཡིན་འདུག
རྫ་སེར་ཤུལ་དགོན་པ་ནི་བོད་མདོ་ཁམས་ཀྱི་ཆབ་མདོ་དང་མཚོ་སྔོན་གྱི་ས་མཚམས་དང་ཉེ་བའི་ཁམས་སྟོད་ས་ཁུལ་དུ་གནས་པའི་ནང་བསྟན་དགོན་སྡེ་གྲགས་ཅན་ཞིག་ཡིན་པ་དང་། དགོན་པ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སེར་ཤུལ་རྫོང་ཁོངས་སུ་གནས་ཡོད་པ་རེད། དགོན་པ་དེ་ཕྱི་ལོ་ ༡༧༦༠ ལོར་ཐོག་མར་བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཕེབས་པའི་རབ་འབྱམས་པ་བསྟན་པ་དར་རྒྱས་ཀྱིས་ཕྱག་བཏབ་པ་ཞིག་རེད་འདུག
སུད་སི་དང་རྒྱ་ནག་དབར་གྱི་གྲོས་མོལ་ཐེངས་ ༡༩ པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག
ཉེ་ལམ་འཚོགས་པའི་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས་ ༡༩ པའི་ཐོག་སུད་སི་ཕྱི་སྲིད་ལྷན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག
དེ་ཡང་ཟླ་བ་འདིའི་ཚེས་ ༡༩ ནས་ ༢༠ བར་འཚོགས་པའི་ Swiss–Chinese Bilateral Human Rights Dialogue ཞེས་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས་ ༡༩ པའི་ཐོག །སུད་སི་ཕྱི་སྲིད་ལྷན་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་སེམས་འཚབ་བསྟན་འདུག་པ་དང་། སུད་སི་ཕྱི་སྲིད་ལྷན་ཁང་གིས་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་ལྟར་ན། སུད་སིའི་ངོས་ནས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཧོང་ཀོང་དུ་ཡར་རྒྱས་ཀྱི་ལས་གཞི། དེ་བཞིན་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་དད་རང་དབང་བཅས་ལ་འབྱུང་སྲིད་པའི་ཤུགས་རྐྱེན་ཐད་སེམས་འཚབ་བསྟན་ཡོད་པ་མ་ཟད། མི་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལའང་གྲོས་བསྡུར་གནང་ཡོད་པ་གསལ་སྟོན་གནང་འདུག
དེ་བཞིན་གྲོས་མོལ་ཐོག་སྤྱི་དམངས་དང་། ཆབ་སྲིད། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས་ཐོག་གི་གལ་ཆེའི་གནད་དོན། བཅོས་མའི་རིག་རྩལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་རྐྱེན། ཁྲིམས་ཆད་ལམ་ལུགས་དང་འབྲེལ་བའི་མཉམ་ལས་བཅས་ཀྱི་སྐོར་ལ་བཀའ་མོལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སུད་སིའི་བོད་ཀྱི་སྐུ་ཚབ་དོན་ཁང་ངོས་ནས། སུད་སི་རྒྱལ་ཁབ་ཀྱིས་བོད་དང་འབྲེལ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱུན་མཐུད་དོ་ཁུར་གནང་བཞིན་པ་དེས་རྒྱལ་སྤྱིའི་གཞི་རྩའི་རང་དབང་སྲུང་སྐྱོབ་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་བརྩི་སྲུང་གི་འབད་བརྩོན་ལ་ཕན་ཐོགས་ཡོད་པ་ངོས་འཛིན་ཞུ་བཞིན་ཡོད་ཅིང་། བོད་ཀྱི་སྐད་ཡིག་སློབ་གསོ་དང་། རིག་གཞུང་མཚོན་ཐབས། ཆོས་དད་རང་དབང་བཅས་ལ་དམ་བསྒྲགས་བྱེད་བཞིན་པ་ནི་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཟེར་བའི་ཁྲིམས་ཡིག་ལག་བསྟར་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་རང་བཞིན་གསལ་སྟོན་གནང་ཡོད་པ་གསུངས་འདུག
གཞི་རྩའི་ཕྱི་ལོ་ ༡༩༩༡ ལོ་ནས་བཟུང་སུད་སི་དང་རྒྱ་ནག་གི་ཕྱོགས་གཉིས་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ཐོག་སུད་སི་སྐུ་ཚབ་ཚོགས་ཆུང་དེ་བཞིན་སུད་སི་ཕྱི་སྲིད་ལྷན་ཁང་གི་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Dagmar Schmidt Tartagli ལགས་ཀྱིས་སྣེ་ཁྲིད་དང་། རྒྱ་ནག་ངོས་ནས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་རྒྱལ་སྤྱིའི་ཚོགས་པ་དང་ཚོགས་འདུ་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་གཞོན་པ་ Yuan Yuan ཡིས་སྣེ་ཁྲིད་ཡོད་པ་རེད།




