བལ་ཡུལ་གཞུང་གིས་འདི་ལོའི་ཆུ་ལོག་གོད་ཆགས་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་དེ་དག་ཁྲིམས་ཐོག་ནས་འདས་གྲོངས་སུ་གྱུར་ཟིན་པར་ཐག་གཅོད་བྱ་རྒྱུའི་བརྒྱུད་རིམ་འགོ་ཚུགས་ཟིན་པ་བརྗོད་འདུག

དེ་ཡང་འདི་ལོའི་ཟླ་བ་ ༨ པའི་ནང་བོད་དང་བལ་ཡུལ་ས་མཚམས་ཀྱི་ཆུ་ལོག་གི་ཆག་སྒོ་ཆེན་པོ་དེ་བྱུང་ནས་ཟླ་བ་གསུམ་ལྷག་འདས་པའི་རྗེས། ཁ་སང་ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་ཆུ་ལོག་གི་གོད་ཆགས་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་ ༥༠༠༠ ལྷག་ཡོད་པ་རྣམས་ཁྲིམས་ཐོག་ནས་འདས་གྲོངས་སུ་གྱུར་ཟིན་པའི་ཐག་གཅོད་བྱ་རྒྱུའི་བརྒྱུད་རིམ་འགོ་ཚུགས་ཟིན་པའི་སྐོར་བལ་ཡུལ་གཞུང་གི་གོད་ཆགས་ཉེན་སྐྱོབ་སྡེ་ཚན་གྱི་མགྲིན་ཚབ་པ་རཱམ་བ་ཧ་དུར་ཀེ་སི་(Ram Bahadur KC)ཡིས་ AFP གསར་ཁང་ལ་གསལ་བཤད་གནང་འདུག
རྩ་བའི་བལ་བོད་ས་མཚམས་གླང་ཐང་རི་རྩེའི་ཁྱགས་རོམ་གས་ཆག་ཤོར་བའི་རྐྱེན་གྱིས་བྱུང་བའི་ཆུ་ལོག་དེ་ལ་བརྟེན་ནས། བལ་ཡུལ་གྱི་ར་སུ་ཝ་དང་། ནུ་ཝ་ཀོཊ། ད་དིང་། གོར་ཥ་རྫོང་སོགས་ཀྱི་ནང་དུ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། ད་བར་གཏན་ཁེལ་བྱུང་བར་མི་གྲངས་ ༡༤༦༤ འདས་གྲོངས་དང་། མི་གྲངས་ ༥༢༨༥ ལྷག་གར་སོང་ཆ་མེད་གྱུར་ཡོད་པ་རེད།
ཆུ་ལོག་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་འདས་གྲོངས་སུ་གྱུར་ཟིན་པའི་ཐག་གཅོད་མ་བྱས་གོང་བལ་ཡུལ་གཞུང་གིས་ཕྱི་རྒྱལ་བ་ ༦༢༣ འཚུད་པའི་ཁྱོན་མི་གྲངས་ ༤༠༠༠ ཙམ་གྱི་མིང་འཁོད་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས། གཞུང་འབྲེལ་ཐག་གཅོད་མ་བྱས་གོང་དེ་ལ་དགག་བྱ་དང་། ནོར་བཅོས་དགོས་མིན་ཞུ་གཏུག་དགོས་པའི་ལམ་སྟོན་གནང་འདུག
སྤྱིར་བཏང་དེ་སྔ་ཡིན་ན། རང་བྱུང་གོད་ཆགས་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་མི་རྣམས་འདས་གྲོངས་སུ་གྱུར་བར་ཐག་གཅོད་བྱེད་པར་ལོ་བཅུ་གཉིས་སྒུག་དགོས་ཀྱི་ཡོད་ནའང་། ཟླ་བ་སྔོན་མའི་ནང་དུ་བལ་ཡུལ་གཞུང་གིས་ཁྲིམས་ཡིག་ལ་བསྐྱར་བཅོས་བྱས་ནས་ཐག་གཅོད་བྱ་རྒྱུའི་སྒུག་ཡུན་བདུན་ཕྲག་དྲུག་ལ་གཅག་ཡོད་པ་རེད།
དེ་ལྟར་ཐག་གཅོད་བྱེད་དགོས་ནི་ཆུ་ལོག་ཁྲོད་གར་སོང་ཆ་མེད་དུ་གྱུར་བ་རྣམས་ལ་ཚེ་འདས་ཕྱིན་པའི་ཡིག་ཆ་ཐོབ་རྒྱུའི་ཆེད་ཡིན་པ་དང་། དེ་ལ་བརྟེན་ནས་ལྟོས་བཅས་ནང་མི་ཚོར་གུན་གསབ་རག་པ་དང་། མཁར་དངོས་རྩིས་སྤྲོད། དེ་བཞིན་ཁྲིམས་ཀྱི་གནད་དོན་གཞན་ཁག་སེལ་ཐུབ་ཀྱི་ཡོད་པ་རེད།
ཆུ་ལོག་དེ་ལ་བརྟེན་ནས་བོད་ཕྱོགས་སུའང་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ཆུ་ལོག་ཁྲོད་མི་གྲངས་ ༤༣ འདས་གྲོངས་དང་། མི་གྲངས་ ༥༡༩ གར་སོང་ཆ་མེད་དུ་གྱུར་ཡོད་པ་བསྒྲགས་ཡོད། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གིས་བཏོན་པའི་གྲངས་ཐོ་དེ་བདེན་པ་མ་ཡིན་པ་དང་། དོན་དངོས་གྲངས་ཐོ་དེ་ལས་མཐོ་བ་ཡིན་པ་བསྒྲགས་ཡོད། གྲངས་ཐོའི་གནས་སྟངས་སྐོར་ཁ་སང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་དྲི་བ་འདྲི་དུས། ཁོང་གིས་གནས་ཚུལ་དེ་འབྲེལ་ཡོད་སྡེ་ཚན་ལས་དྲིས་ཞེས་བཤད་ནས་དྲི་བ་ལས་གཡོལ་འདུག

བལ་ཡུལ་གནས་འཁོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་མཐུད་ལས་ཁུངས་ཀྱིས་ཟླ་བ་འདིའི་ཚེས་ ༢༠ ཉིན་བལ་བོད་ས་མཚམས་ཆུ་ལོག་གི་གནས་སྟངས་སྙན་ཐོ་ཨང་ ༡༣ ཞེས་པ་ཞིག་བཏོན་པའི་ནང་དུ། ཆུ་ལོག་གོད་ཆགས་དེས་རྐྱེན་བྱས་ཏེ་བལ་ཡུལ་ནང་བལ་སྒོར་ཐེར་འབུམ་ ༤༧༢་༦༦ (ཨ་སྒོར་ཐེར་འབུམ་༣་༡༨) མ་གནས་ཀྱི་གཏོར་སྐྱོན་དང་དཔལ་འབྱོར་གྱོང་གུན་ཕོག་ཡོད་པ་དང་། དེ་དག་བསྐྱར་གསོའི་ལས་དོན་ཆེད་བལ་སྒོར་ཐེར་འབུམ་ ༧༠༦་༦༥ (ཨ་སྒོར་ཐེར་འབུམ་ ༤་༧༦) དགོས་མཁོ་ཡོད་པ་བསྒྲགས་འདུག
བསྐྱར་གསོའི་ལས་དོན་ཆེད་དུ་དེ་སྔོན་བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གྱོང་གུན་དང་གཏོར་སྐྱོན་གྱི་ཐེབས་རྩ་ནས་ཀྱང་། ཨ་སྒོར་ས་ཡ་ ༢༠ གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་གྱི་རོགས་དངུལ་གྱི་ངོ་བོར་མཁོ་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད།

སྤྱིར་རང་བྱུང་གོད་ཆགས་དེ་བྱུང་བའི་རྗེས་སུ་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ནས་བལ་ཡུལ་ལ་ཟ་ཆས་དང་། སྡོད་གནས། འཕྲོད་བསྟེན། འཐུང་ཆུ། མ་དངུལ་སོགས་ཀྱི་རྒྱབ་སྐྱོར་ཕན་གྲོགས་གང་ཐུབ་བྱས་ཡོད་ནའང་། འཛུགས་སྐྲུན་ལ་གཏོར་སྐྱོན་ཚབས་ཆེ་ཕོག་པ་དང་། འགྲོ་ལམ་ཁག་པོ་ཡོད་པ། རོགས་དངུལ་ཉུང་དྲགས་པ་སོགས་ལ་བརྟེན་ནས། གནོད་སྐྱོན་ཕོག་མཁན་མི་མང་རྣམས་ལ་དོན་ཕན་ལྡན་པའི་རོགས་སྐྱོར་རག་མེད་པ་དང་། ལྷག་པར་དུ་ད་ཆ་གོད་ཆགས་བྱུང་ནས་ཟླ་བ་གསུམ་ལྷག་འདས་པ་མ་ཚད། དགུན་ཁ་ཚེས་ལ་ཉེ་བས་དེ་སྔ་ས་གནས་ཀྱི་ཡུལ་མི་ཚོའི་ལག་ཏུ་རག་པའི་སྐྱོབས་གསོའི་རིགས་རྫོགས་པ་དང་། ཁུལ་དེར་རོགས་སྐྱོར་བྱེད་བཞིན་པའི་ཚོགས་པ་ཁག་ཀྱང་རིམ་བཞིན་ལོག་འགྲོ་གི་ཡོད་པའི་སྒང་ལ། གཞུང་ངོས་ནས་གནོད་སྐྱོན་ཕོག་མཁན་རྣམས་ལ་ཇི་ལྟར་གནས་སྤོ་བྱ་རྒྱུའི་འཆར་གཞི་གསལ་པོ་མེད་པའི་རྐྱེན་གྱིས། ས་གནས་ཡུལ་མི་རྣམས་གང་བྱེད་འདི་བྱེད་མེད་པའི་གནས་སྟངས་འོག་ལུས་ཡོད་པའི་གནས་ཚུལ་ཐོན་འདུག

གཞི་རྩའི་འདི་ལོའི་ཟླ་བ་ ༨ ཚེས་ ༢༦ ཉིན་བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་བྱུང་ནས་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། སྐབས་དེར་ཆུ་ལོག་བྱུང་ཡུལ་ར་སུ་ཝ་ཁུལ་གྱི་བོད་མིའི་གཞིས་ཆགས་དགེ་རྒྱས་གླིང་ཡང་ཆུ་ལོག་གིས་ཁྱེར་ཏེ་ཉུང་མཐར་བོད་མི་བཅུ་གྲངས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད། ད་ལྟའི་ཆར་བལ་ཡུལ་གཞུང་གིས་ཆུ་ལོག་གི་གོད་ཆགས་ཕོག་ཡུལ་ས་གནས་ཁག་ཏུ་ངལ་སེལ་སྐྱོབས་གསོའི་ལས་དོན་མཇུལ་སྒྲིལ་ཏེ། བསྐྱར་གསོའི་ལས་དོན་གཉེར་མུས་ཡིན་པ་རེད་འདུག །




