༸གོང་ས་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་ཀྱི་མཛད་སྒོར་དབུ་བཞུགས་མཛད་པ།

Tibetan News Headlines

  • Young Minds: In Conversation with Tenzin Gayche

ཪེས་གཟའ་ཉི་མ། ༢༠༢༦།༡༡།༢༩

  • སྨོན་ལམ་མིས་བཟོས་རིག་ནུས་སྤྱི་ཁྱབ་འགན་འཁུར་བ་བསྟན་འཛིན་དགེ་བྱེད་ལགས་དང་གླེང་མོལ།

བོད་མིའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་བཞུགས་སྒར་གྱི་ཉེ་འདབས་སུ་རྟེན་གཞི་བྱས་པའི་རྒྱུད་སྟོད་གྲྭ་ཚང་དུ་ཆིབས་བསྒྱུར་བཀྲིན་དང་འབྲེལ་གྲྭ་ཚང་དེ་ཉིད་ཀྱི་ཆོས་རྭ་གསར་པ་དབུ་འབྱེད་བཀའ་དྲིན་བསྐྱངས་པ་མ་ཟད། ༸རྒྱལ་བའི་གོ་སྟོན་དང་བསྟུན་གྲ་ཚང་དེ་ཉིད་ཀྱི་མཁན་བླ་འདུས་སྤྱི་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟེན་ཕྱིར་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ པ་ཡས་མས་སུ་གྲ་ཚང་གི་ཆོས་རྭ་གསར་པའི་མདུན་ཐང་དུ་ཞབས་སོར་འཁོད་སྐབས་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་ནས་ལག་ཏུ་མཇལ་དར་དང་མེ་ཏོག་སྤོས་སོགས་བསྣམས་ནས་དགའ་དད་སྤྲོ་གསུམ་ངང་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། མཁན་རིན་པོ་ཆེ་ནས་མཇལ་དར་སྒྲོན་འབུལ་དང་ལས་སྣེ་རྣམས་ནས་སྤོས་སྣེས་དྲངས་ཏེ་༸གང་ཉིད་ལ་ཕེབས་བསུ་ཞུས་ཏེ། ཆོས་རྭ་གསར་པ་དབུ་འབྱེད་ཀྱི་དར་ཚོན་ཡོལ་བ་གཅོད་འབྲེག་དང་། དེ་ནས་ཆོས་རྭའི་འདུ་ཁང་ནང་དུ་ཆིབས་བསྒྱུར་མཛད་སོང་།

ཆོས་རྭ་དབུ་འབྱེད་དང་བརྟན་བཞུགས་ཀྱི་མཛད་སྒོ་དེའི་ཐོག་སྐྱབས་རྗེ་ཡོང་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ཤར་པ་ཆོས་རྗེ་ངག་དབང་སྦྱོར་ལྡན་རིན་པོ་ཆེ་མཆོག །སློབ་དཔོན་ཆེན་མོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ Sudhir Sharma ལགས་མ་ཟད། རྒྱུད་སྟོད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་ཁང་སེར་རིན་པོ་ཆེ་མཆོག་དང༌། སྐྱབས་རྗེ་བླ་ཡང་སྟེང་རིན་པོ་ཆེ་མཆོག་གི་དབུས་འདུས་དམངས་དང་མང་ཚོགས་བཅས་སྟོང་ཕྲག་བརྒལ་བ་ནས་མཉམ་ཞུགས་གནང་སོང་།

ལྷག་པར་དུ་དེ་རིང་གི་སྐལ་བཟང་གི་དུས་ཚིགས་དེའི་ཐོག རྒྱུད་སྟོད་གྲྭ་ཚང་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་ལ་གྲྭ་ཚང་དེ་ཉིད་ཀྱི་མཁན་ཆེན་རྡོ་རྗེ་འཆང་ཆེན་མོའི་མཚན་གནས་འབུལ་བཞེས་མཛད་པ་དང་། མཚན་གནས་གཟེངས་བསྟོད་དུ། མཁན་རིན་པོ་ཆེ་དང༌། བླ་མ་དབུ་མཛད། དགེ་བསྐོས། བྱང་འདྲེན་ཆེན་མོ་བཅས་ནས་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱི་སྣང་བརྙན་འདེགས་འབུལ་དང་། དེ་བཞིན་༸རྒྱལ་བའི་གོ་སྟོན་བཀའ་དྲིན་རྗེས་དྲན་གྱི་མཚོན་རྟེན་དུ། རྒྱུད་སྟོད་ར་མོ་ཆེའི་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བརྙན་འདེགས་འབུལ་ཞུས་ཡོད།

འདི་ག་རླུང་འཕྲིན་ཁང་ནས་རྒྱུད་སྟོད་གྲྭ་ཚང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྒྱུད་སྟོད་སྔགས་རམས་པ་བློ་བཟང་ཀླུ་སྒྲུབ་ལགས་སུ་ད་རེས་ཆོས་གྲྭ་དབུ་འབྱེད་དང་བརྟན་བཞུགས་བསྟར་འབུལ་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། ཁོང་གིས་བརྟན་བཞུགས་ཀྱི་གོ་རིམ་དང་། འབུལ་མཚན་གང་ཡིན་རྣམས་འགྲེལ་བརྗོད་དང་སྦྲགས། ཐེངས་འདིའི་གོ་སྟོན་བརྟན་བཞུགས་དེ་བཞིན་བསམ་པ་ལས་ལྷག་པ་ཞིག་བྱུང་ཡོད་པ་གསུངས་སོང་།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་རྒྱུད་སྟོད་གྲྭ་ཚང་དུ་འཇམ་མགོན་བླ་མ་༸རྗེ་ཙོང་ཁ་པ་ཆེན་པོ་མཆོག་བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་ནས་ལོ་དྲུག་བརྒྱ་འཁོར་བ་དང་༸རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེངྒེ་དཔལ་བཟང་པོ་མཆོག་ལ་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ལོ་དྲུག་བརྒྱ་འཁོར་བ། དེ་བཞིན་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ་མཁན་རྒྱུད་ཆེན་རྡོ་རྗེ་འཆང་༸རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོར་དབུ་བཞུགས་མཛད་ཡོད་པ་རེད།

མཛད་འཆར་ལྟར་ན་༧གོང་ས་མཆོག་ཕྱི་ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། རིམ་པས་ཕྱི་ཟླ་ ༡༢ ཚེས་ ༢༠ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆིབས་བསྒྱུར་མཛད་དེ་མགོན་པོ་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་འདུག །དེ་བཞིན་ཕྱི་ཟླ་ ༡ ཚེས་ ༢༠ ཉིན་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་མ་ཟད། བྱེས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུའང་བརྟན་བཞུགས་བསྟར་འབུལ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག །དགའ་ལྡན་ཕོ་བྲང་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་གཞིར་བཟུང་། མགོན་པོ་༸གང་ཉིད་མཆོག་ཕྱི་ཟླ་ ༡ པོའི་ཟླ་མཇུག་བར་ཁུལ་དེར་སྐུ་བཞུགས་མཛད་གཏན་ཁེལ་ཡོད་པ་རེད།

Dalai Lama in Gyutod Monastery
HHDL in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery
Dalai Lama in Gyutod Monastery

འབྲེལ་ཡོད་གསར་གནས།

Previous article
Next article

གསར་གནས།