གོ་སྟོན།
བོད་ཀྱི་ཟློས་གར་ཚོགས་པས་ Slovakia རྒྱལ་ཁབ་ནང་ཐེངས་དང་པོ་བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་འདུག
ཉེ་ལམ་བོད་ཀྱི་ཟློས་གར་ཚོགས་པའི་ཡུ་རོབ་ཀྱི་སྐོར་སྐྱོད་འཁྲབ་སྟོན་གྱི་ལས་རིམ་འགྲོ་མུས་ཡིན་པ་ལྟར། Slovakia སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ Bratislava བ་རཱ་ཊེ་སི་ལཱ་ཝ་རུ་ཐེངས་དང་པོ་བོད་ཀྱི་ཟློས་གར་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་སྣ་ཚོགས་གཟིགས་འབུལ་དང་། བོད་ནང་རྒྱ་ནག་གཞུང་གིས་མི་རིགས་སིམ་བསྒྱུར་ཆེད་བཅའ་སྡོད་སློབ་གྲྭའི་བརྗོད་གཞིའི་ཐོག་གཏམ་བརྗོད་འཁྲབ་སྟོན་གནང་འདུག
དེ་ཡང་འདི་ཚེས་ ༧ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་སྣེ་ཁྲིད་འོག་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་། དགེ་རྒན། སྒྱུ་རྩལ་བ་ཁྱོན་མི་གྲངས་ ༢༦ ཙམ་ནས། Slovakia རྒྱལ་ཁབ་ཀྱི་རྒྱལ་ས་ Bratislava རུ་དགོང་དྲོ་ཕྱག་ཚོད་ ༧ པའི་ཐོག་ City Theatre of P.O. Hviezdoslav ཞེས་དེ་གའི་གྲོང་ཁྱེར་ཟློས་གར་ཁང་ཆེན་དུ། བོད་ཀྱི་ཟློས་གར་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་གཞས་སྣ་སྣ་ཚོགས་གཟིགས་འབུལ་དང་། བོད་ནང་རྒྱ་ནག་གཞུང་གིས་མི་རིགས་སིམ་བསྒྱུར་ཆེད་བཅའ་སྡོད་སློབ་གྲྭའི་བརྗོད་གཞིའི་ཐོག་གཏམ་བརྗོད་འཁྲབ་སྟོན་གནང་ཡོད་ཅིང་། སྐབས་དེར་སྐུ་མགྲོན་དང་གཟིགས་མོ་ཡོངས་ནས་ཚོར་སྣང་ཆེན་པོས་གསན་གཟིགས་གནང་བ་མ་ཟད། བོད་ཀྱི་རིག་གཞུང་ཕྱུག་པོ་དང་ཁུངས་ལྡན་ཡོད་པར་ཡིད་ཆེས་དང་། བོད་ནང་གི་དངོས་ཡོད་གནས་སྟངས་གསལ་རྟོགས་བྱུང་བར་སེམས་ཚོར་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་འདུག
ཐེངས་འདིའི་རིག་གཞུང་འཁྲབ་སྟོན་དེའི་ཐོག་ཡུལ་དེའི་ཁྲིམས་ཞིབ་བློན་ཆེན་ཟུར་པ་དང་ལས་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ Maria Kolikova མཆོག་དང་། རིག་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་ Silvia Hroncova ལགས། གཞན་ཡང་གྲོང་ཁྱེར་ཟློས་གར་ཁང་ཆེན་གྱི་འགན་འཛིན་སྐུ་ཞབས་ Vladislava Fekete ལགས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་གཞན་ཁག་གཅིག་དང་། དེ་བཞིན་གཟིགས་མོ་བ་མི་གྲངས་ ༢༠༠ ལྷག་ཙམ་ལྷན་འཛོམས་གནང་འདུག
མ་ཟད་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག ཐེངས་འདིའི་ Slovakia ནང་གི་རིག་གཞུང་འཁྲབ་སྟོན་འདི་བཞིན་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་ཁབ་འདིར་འཁྲབ་སྟོན་སྐོར་སྐྱོད་དུ་ཕེབས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྐོར་སྐྱོད་འདིའི་རིང་ས་གནས་རླུང་འཕྲིན་ཁང་ཁག་གིས་ཀྱང་བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་དང་སྒྱུ་རྩལ་བ་རྣམས་ལ་བཅར་འདྲི་ཞུས་ཏེ། སུ་ལོ་ཝཱ་ཁིའི་མི་མང་གི་ཁྲོད་བོད་ཀྱི་རིག་གཞུང་དང་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་སྐོར་ལ་གོ་རྟོགས་སྔར་ལྷག་སྤེལ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་གསུངས་འདུག
རྩ་བའི་བོད་ཀྱི་ཟློས་གར་ཚོགས་པའི་ཡུ་རོབ་ཀྱི་སྐོར་སྐྱོད་འཁྲབ་སྟོན་དེ་ནི། ༸རྒྱལ་བའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུའི་ཆ་ཤས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། སུད་སིའི་བོད་ཀྱི་སྐུ་ཚབ་དོན་ཁང་གི་གདན་ཞུས་འོག་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་སྣེ་ཁྲིད་པའི་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་དང་དགེ་རྒན། སྒྱུ་རྩལ་བ་བཅས་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་བཞུགས་སྒར་ནས་ཕྱིར་ཐོན་གྱིས་སྐོར་སྐྱོད་འཁྲབ་སྟོན་དང་པོ་དེ་ཇར་མན་དུ་གནང་ཡོད་པ་དང་། དེ་ནས་ཡུ་རོབ་རྒྱལ་ཁབ་ཨོསྟྲེ་ལི་ཡཱ་དང་། སི་ལོ་ཝཱ་ཀི་ཡཱ། སུད་སི་བཅས་སུ་རིམ་བཞིན་སྐོར་སྐྱོད་འཁྲབ་སྟོན་ཞུ་རྒྱུ་དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡ ཉིན་སུད་སིར་ཕྱོགས་སྐྱོད་ཀྱིས་ཨིན་ཡུལ་དུ་སྐོར་སྐྱོད་འཁྲབ་སྟོན་ཞུ་རྒྱུའི་ལས་རིམ་གཏན་འབེབས་ཟིན་ཡོད་པ་རེད།
༸རྒྱལ་བའི་སྐུ་ཕྱྭ་དང་བཀའ་དགོངས་ཇི་ལྟར་སྒྲུབ་དགོས་པ་སོགས་ཀྱི་ཐོག་སྤྱི་མོས་གྲོས་ཆོད་གཏན་འབེབས་བརྒྱུད་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་མཇུག་སྒྲིལ།
༸སྐུའི་གོ་སྟོན་དང་བསྟུན་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག་ཟླ་འདིའི་ཚེས་ ༢༤ དང་ ༢༥ བཅས་ཉིན་གྲངས་གཉིས་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཆེས་ཐོག་མར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཤིག་འཚོགས་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོ་ཚོགས་བཅར་བ་རྣམས་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་འབྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭའི་ནང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་དབུ་བཞུགས་ཐོག་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་སོང་།
https://youtu.be/PNW05WxqxJM?si=x_pNcw4ZQwLU5CXb
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་བརྩིའི་ལས་རིམ་གྱི་ཆ་ཤས་སུ་ཉིན་གྲངས་གཉིས་རིང་འཚོགས་པའི་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་ཐོག་གཙོ་བོ་༸རྒྱལ་བའི་སྐུ་ཕྱྭ་སྐོར་དང་༸གང་ཉིད་མཆོག་གི་བཀའ་དགོངས་ཇི་ལྟར་སྒྲུབ་དགོས་པ་སོགས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པ་མ་ཟད། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག་དང་འཕགས་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་སྐུ་ཚབ། དེ་བཞིན་ ཆེ་བསྟོད་སྐུ་མགྲོན་ཨ་འབྲུག་ཚང་ཆོས་སྐྱིད་ལགས་དང་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་བསོད་ནམས་ལགས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། ཚོགས་བཅར་བའི་སྐུ་ཚབ་ཀེའུ་ཚང་རིན་པོ་ཆེ་མཆོག རྩེ་དྲུང་ཟུར་པ་བྱམས་པ་བསྟན་འཛིན་ལགས། ཆོལ་ཁ་གསུམ་གྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ། ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས། བོད་དམག་ཟུར་པ། ཆུ་སྒང་བསྟན་སྲུང་དང་བླངས་དམག་ཟུར། གློ་སྒྲིག་དམག་ཟུར། དམག་སྒར་ཨང་ ༢༢ དམག་ཟུར་སྐུ་ཚབ། ༸རྒྱལ་བའི་སྐུ་སྲུང་ཟུར་པའི་སྐུ་ཚབ། བདེ་སྲུང་ལས་ཁུངས་ཀྱི་འབྲེལ་ཡོད་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༨༩ ལྷག་མཉམ་འཛོམས་གནང་ཡོད་པ་རེད།
ལྷག་པར་དུ་ལྷན་འཛོམས་དེའི་ཐོག་བཅར་བའི་ཚོགས་བཅར་བ་རྣམས་ནས་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཞུ་དང་འབྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་གྲྭའི་ནང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དབུ་བཞུགས་ཐོག་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་པའི་བརྒྱུད། ཚོགས་བཅར་ཡོངས་ནས་སྤྱི་མོས་ཐོག་གྲོས་ཆོད་གཏན་འབེབས་གནང་བ་བཞིན། དུས་རྒྱུན་དུ་ནས་༸གོང་ས་༸སྐྱབས་མགོན་ཆེན་མཆོག་ལ་ཞབས་ཕྱི་ཞུ་མཁན་དགའ་ལྡན་ཕོ་བྲང་ནང་ཐུགས་འགན་བཞེས་མཁན་ཁག་གཅིག་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་བསྟོད་ཤིག་ཕུལ་སོང་བ་དང་། དེ་བཞིན་བདེ་སྲུང་ལས་ཁུངས་ནས་བོད་རང་དབང་འཐབ་རྩོད་ཆེད་སྐུ་ལས་བསྐྱོན་མཁན་མི་སྣ་ཁག་གཅིག་ལ་ཡང་ཆེ་བསྟོད་ཀྱིས་རྟགས་མ་ཞིག་འབུལ་བཞེས་གནང་སོང་བ་མ་ཟད། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་དྷ་ས་ས་གནས་འགོ་འཛིན་ངོས་ནས་མཛད་སྒོའི་ཐོག་བཅར་མཁན་དམག་ཟུར་དང་ཆབ་སྲིད་བཙོན་ཟུར་རྣམས་ལ་མཇལ་དར་བསྒྲོན་འབུལ་གྱིས་ཆེ་བསྟོད་ཞུས་སོང་།
གདན་ས་བཀྲ་ཤིས་ལྷུན་པོ་དང་ Kodagu མཐོ་སློབ། གཞན་ཕན་ཐེབས་རྩ་ཚོགས་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་པ།
ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོ་དང་ Kodagu (Coorg) གཙུག་ལག་སློབ་གཉེར་ཁང་། དེ་བཞིན་གཞན་ཕན་ཐེབས་རྩ་ཚོགས་པ་གསུམ་གྱི་དབར་ཤེས་ཡོན་བརྗེ་ལེན་དང་འབྲེལ་བའི་ཐུན་མོང་གི་གན་རྒྱ་བཞག་འདུག
དེ་ཡང་གདན་ས་བཀྲ་ཤིས་ལྷུན་པོའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་ ༡༥ ཉིན་༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་གཞི་ལམ་སྟོན་དང་། མགོན་པོ་༸གང་ཉིད་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་རྩིའི་ཆ་ཤས་སུ། གདན་ས་བཀྲ་ཤིས་ལྷུན་པོས་ཟླ་ཤས་སྔོན་ནས་རེ་བ་དང་ཐབས་ཤེས་ཞུས་ནས་གྲོས་མོལ་ཐག་གཅོད་བྱུང་བ་བཞིན། རྒྱ་གར་ལྷོ་ཕྱོགས Kodagu གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་པོ་ Prof. Ashok Sangappa ལགས་དང་། མཐོ་སློབ་ཀྱི་ལས་བྱེད་ཁག་གཅིག་ཆེད་མངགས་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ནས། གཙུག་ལག་སློབ་གཉེར་ཁང་དེ་ཉིད་དང་གདན་ས་བཀྲ་ཤིས་ལྷུན་པོ། གཞན་ཕན་ཐེབས་རྩ་ཚོགས་པ་བཅས་གསུམ་གྱི་དབར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་གནང་ནས། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་དབུས་པའི་ལས་སྣེ་དབུ་ཆོས་རྣམ་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཤེས་ཡོན་སྡེ་ཚན་གསུམ་གྱི་ངོས་ནས་གན་ཡིག་ཐོག་མཚན་རྟགས་དངོས་སུ་བསྐྱོན་པ་རེད།
གན་རྒྱའི་ནང་གསལ་ལྟར་ན། གདན་ས་བཀྲ་ཤིས་ལྷུན་པོའི་ངོས་ནས་ Kodagu གཙུག་ལག་སློབ་གཉེར་ཁང་དང་གཞན་ཕན་ཐེབས་རྩ་ཚོགས་པ་བཅས་དང་ལྷན་ཤེས་ཡོན་བརྗེ་རེས་ཀྱི་གྲོས་མཐུན་བཞག་ནས་ཕན་ཚུན་དབར་རིག་གཞུང་བརྗེ་ལེན་གཙོས་ནང་པའི་ཚན་རིག་གི་ལྟ་གྲུབ་སོགས་ཀྱི་ཐོག་གྲོས་བསྡུར་རིགས་གནང་རྒྱུ་མ་ཟད། མཐོ་སློབ་སོ་སོར་ཚོགས་འདུ་དང་བགྲོ་གླེང་ལྷན་ཚོགས། ལྷག་པར་དུ་ Kodagu གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ནང་པའི་གཞུང་ལུགས་ལ་སློབ་གཉེར་རམ་བགྲོ་གླེང་གནང་ཡུལ་སོགས་ཤེས་ཡོན་གྱི་ཞབས་འདེགས་བསྐྲུན་རྒྱུའི་ཞལ་བཞེས་གནང་རྒྱུ་བཅས་འཁོད་འདུག
གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་འདི་ལྟ་བུའི་མཐོ་སློབ་འདྲ་མིན་ལྷན་དུ་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ་བཞག་པའི་བརྒྱུད་གདན་ས་བཀྲ་ཤིས་ལྷུན་པོ་འདི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་མཐོ་སློབ་གྱི་ཁོངས་སུ་ཚུད་པར་གོམ་པ་དང་པོ་ལྟ་བུ་ཆགས་ཀྱི་ཡོད་པ་དང་རིམ་པའི་གཞུང་ཆེན་སློབ་གཉེར་ཁང་ནས་ཐོན་མཁན་རྣམས་ལ་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཕྱག་འཁྱེར་ཕུལ་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་སོང་།
རྩ་བའི་གདན་ས་བཀྲ་ཤིས་ལྷུན་པོ་ངོས་ནས་དེ་སྔོན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་ལྷན་དུ་ཤེས་ཡོན་བརྗེ་ལེན་གྱི་གྲོས་མཐུན་བཞག་མྱོང་ཡོད་པས་ད་ལན་འདི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པ་རེད།
༸སྐུའི་གོ་སྟོན་གཙོས་པའི་གཟའ་མཇུག་སློབ་གྲྭའི་ལས་རིམ་ནང་མཉམ་ཞུགས་གནང་རྐྱེན་བོད་མི་ཁག་གཅིག་རྒྱ་ནག་གནམ་ཐང་ནས་ཕྱིར་སློག
རྒྱ་ནག་གཞུང་གིས་ཡུ་རོབ་དང་མཱ་ལེ་ཤི་ཡཱ་རྒྱལ་ཁབ་ཁག་གཅིག་ལ་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་བསྐྱོད་ཆོག་ཡོད་ལུགས་ཀྱི་གསལ་བསྒྲགས་སྤེལ་ཡོད་ཀྱང་། བོད་ནང་གཉེན་འཕྲད་དུ་བསྐྱོད་མཁན་ཡུ་རོབ་ཀྱི་མི་སེར་ཡིན་པ་བོད་མི་ཁག་ཅིག་ལ་རྒྱ་གཞུང་གིས་༸སྐུའི་གོ་སྟོན་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་ལས་རིམ་ནང་མཉམ་ཞུགས་སོགས་ལ་ཁ་གཡར་ཏེ། བོད་མི་ཁག་གཅིག་རྒྱ་ནག་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་འདུག
གཞི་རྩའི་སྔ་ལོའི་ཕྱི་ཟླ ༡༢ པའི་ནང་རྒྱ་གཞུང་གིས་ཡུལ་དེའི་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གང་མང་ཡོང་ཐབས་སུ་ཧྥ་རན་སི་དང་འཇར་མ་ནི། ཨི་ཊ་ལི། ནིའུ་ཛི་ལེནྜ། དེ་བཞིན་སི་པེན་སོགས་ཡུ་རོབ་རྒྱལ་ཁབ་བདུན་དང་མཱ་ལེ་ཤི་ཡཱ་བཅས་ཀྱི་མི་སེར་རྣམས་ལ་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཡུལ་སྐོར་དང་ཚོང་ལས། དེ་བཞིན་གཉེན་འཕྲད་དུ་བསྐྱོད་ཆོག་པ་བཟོས་ཡོད་པ་དང་། སྔ་ལོའི་ཕྱི་ཟླ་ ༣ ཚེས་ ༧ ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་ཉིན་བཅོ་ལྔའི་རིང་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་འགྲུལ་བཞུད་ཆོག་པའི་སྲིད་བྱུས་དེ་ད་དུང་སུད་སི་དང་ཨེར་ལན། ཧང་ག་རི། ཨོ་སི་ཊི་རི་ཡ། བྷེལ་ཇེམ་བཅས་ཡུ་རོབ་རྒྱལ་ཁབ་དྲུག་ནང་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། གོང་གསལ་རྒྱལ་ཁབ་ཁག་གི་མི་སེར་རྣམས་འདི་ལོའི་ཕྱི་ཟླ་ ༡༢ ཚེས ༣༡ བར་མཐོང་མཆན་མི་དགོས་པར་རྒྱ་ནག་ཏུ་ཉིན་ ༣༠ རིང་སྡོད་ཆོག་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
འོན་ཀྱང་དེ་དོན་དེ་རིང་རྒྱུན་དུ་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ Belguim གནས་བཞུགས་ས་དཀར་བཀྲ་ཤིས་ལགས་ཀྱིས་རང་གི་སྤྱི་ཚོགས་དྲྭ་ལམ་ x ཐོག་དེ་འབྲེལ་གནས་ཚུལ་སྤེལ་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་གིས་ཁོང་ལ་དེ་འབྲེལ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས། དེའང་སྔ་ལོ་སྦེལ་འཇམ་དུ་གནས་བཞུགས་ཡུལ་དེའི་མི་སེར་ཡིན་པའི་བོད་མི་ཁག་གཅིག་གིས་གོ་སྐབས་དེ་བཟུང་ནས་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་ཀྱང་། Shanghai གནམ་ཐང་དུ་འབྱོར་མ་ཐག་འགག་སྒོའི་ཉེན་རྟོག་པ་དང་དམག་མི་བཅས་ཀྱིས་ཁོང་རྣམ་པར་ཁང་པ་ཞིག་ནང་ཁྲིད་དེ་ཆུ་ཚོད་ཉི་ཤུའི་རིང་བཀག་ཉར་བྱས་རྗེས་མཐར་གནམ་ཐང་ནས་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་ལུང་འདྲེན་དང་འབྲེལ། འདི་ལོ་ཡང་ལོ་གསར་དང་སྟབས་བསྟུན་ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་མི་སེར་ཡིན་པ་བོད་མི་མང་དག་ཅིག་ནས་རྒྱ་ནག་ཏུ་མཐོང་མཆན་ཞུ་མི་དགོས་པར་བསྐྱོད་ཆོག་པའི་སྲིད་བྱུས་འོག་བོད་ནང་གཉེན་འཕྲད་དུ་བསྐྱོད་ཐབས་བྱས་ཀྱང་། གནམ་ཐང་ཉེན་རྟོག་པ་ཚོས་བོད་མི་ཚོར་ཚུ་ཚོད་ ༡༥ ནས་ ༢༠ ལྷག་འདྲི་རྩད་ཀྱིས། བོད་མི་ཁག་གཅིག་ནས་སྔ་ལོར་༸སྐུའོ་གོ་སྟོན་དང་བསྟུན་ནས་རྒྱ་གར་ཕེབས་ཡོད་པར་བོད་རང་བཙན་གྱི་གནད་དོན་ལ་རྒྱབ་སྐྱོར་དང་ཁ་བྲལ་རིང་ལུགས་པ་ཞིག་ཡིན་ས་རེད་ཅེས་བརྗོད་ནས་རྒྱ་ནག་གི་པེ་ཅིང་གནམ་ཐང་གཙོས་པའི་ཁྲན་ཏུའུ་དང་ Shanghai གནམ་ཐང་ནས་ཕྱིར་ཕྱིར་སློག་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་གསུངས་སོང་།
མ་ཟད། བོད་མི་ཁག་གཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་མཛད་སྒོའི་ནང་མཉམ་ཞུགས་མཚོན་སློབ་གྲྭ་དེ་དག་ནང་རིག་གཞུང་འདུ་འཛོམས་དང་ལས་རིམ་གོ་སྒྲིག་བྱས་པ་སོགས་ལ་ཁ་གཡར་ཏེ། གནམ་ཐང་ནས་ཕྱིར་སློག་བཏང་པའི་གནས་ཚུལ་བྱུང་ཡོད་པ་དང་ཆབས་ཅིག ཁག་གཅིག་གནམ་ཐང་ཉེན་རྟོག་པས་བོད་ཁུལ་དུ་ཡོད་པའི་རང་གི་ནང་མི་སྤུན་མཆེད་གཙོས་པའི་ས་གནས་ལས་ཁུངས་སོགས་ནས་ར་སྤྲོད་དང་འབྲེལ་བའི་འབྲེལ་མཐུད་བྱེད་མཁན་བྱུང་མ་སོང་སོགས་བརྗོད་དེ། ཕྱིར་ལོག་བཏང་ཡོད་པ་གསུངས་བྱུང་།
དེ་བཞིན་ཁོང་གིས་སྦེལ་ཇམ་དང་རྒྱ་ནག་དབར་ཉིན་གྲངས་ ༣༠ ལས་ཉུང་བའི་འགྲུལ་བཞུད་ཆེད་དུ་མཐོང་མཆན་མི་དགོས་པའི་གྲོས་མཐུན་གྱི་ཁེ་ཕན་བླངས་པའི་ཐོག་ནས་རྒྱ་ནག་གི་གྲོང་ཁྱེར་འདྲ་མིན་བརྒྱུད་བོད་ནང་དུ་འགྲུལ་བཞུད་གནང་གི་ཡོད་པའི་ཁོངས་ནས་མང་ཆེ་བ་དངོས་སུ་བསྐྱོད་ཐུབ་ཀྱི་ཡོད་ཀྱང་། གནམ་ཐང་དུ་མི་སེར་གཞན་དང་མི་འདྲ་བར། བོད་མི་རྣམས་ལ་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་བཞུགས་གནང་གི་ཡོད་མིན་སོགས་ཀྱི་རྩད་གཅོད་ཤུགས་ཆེ་དང་སྦྲགས་ཕྱིར་ལོག་བཏང་གི་ཡོད་ཀྱང་།ད་ལན་དེ་སྔ་དང་མི་འདྲ་བ་བོད་ནང་གི་འགྲུལ་བཞུད་སླད་བོད་མི་རྣམས་ཀྱིས་རང་དབང་ལུང་པའི་ནང་དུ་བོད་དོན་གཙོས་པའི་ཆབ་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར་རིག་གཞུང་འདུ་འཛོམས་སོགས་ནང་མཉམ་ཞུགས་གནང་གི་ཡོད་མིན་དང་རྒྱུ་མཚན་དེ་དག་རྐྱེན་པས་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་དེ་བཞིན་བཀག་སྡོམ་བྱས་ཡོད་པ་དེ་ནི་ཧ་ཅང་ཛ་དྲག་པོ་ཡིན་པ་དང་། དེ་ནི་རྒྱལ་མཚམས་བརྒལ་ནས་དྲག་གནོན་གྱི་དཔེ་མཚོན་གསར་ཤོས་ཡིན་པ་གསུངས་སོང་།
གཞི་རྩའི་ཚོང་འབྲེལ་གོང་འཕེལ་སོགས་དང་འབྲེལ་ནས་རྒྱ་ནག་གི་ཕྱི་རྒྱལ་ཡུལ་གྲུ་མང་པོ་ཞིག་ལ་མཐོང་མཆན་མི་དགོས་པར་རྒྱ་ནག་ནང་དུ་བསྐྱོད་བཅུག་གི་ཡོད་ཀྱང་། རྒྱལ་ཁབ་དེ་དག་གི་མི་སེར་ཡིན་པའི་བོད་མི་རྣམས་ལ་མི་སེར་གཞན་དང་མི་འདྲ་བའི་དམ་དྲག་དང་སྔོག་བཤེར། འདྲི་རྩད་སོགས་ཤུགས་ཆེ་བ་བྱས་ཀྱི་ཡོད་པའི་མི་རིགས་དབྱེ་འབྱེད་ཀྱི་གནས་སྟངས་ཡོད་མུས་ཡིན་པ་རེད།
ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱིས་༸སྐུའི་གོ་སྟོན་དང་འབྲེལ་དམིགས་བསལ་མཛད་སྒོ་འཚོགས་པ།
ASIAN BUDDHIST CONFERENCE FOR PEACE འམ་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་ཨེ་ཤི་ཡའི་རྒྱལ་ཁབ་འདྲ་མིན་ནས་མཁས་དབང་བླ་ཆེན་ ༢༠༠ ལྷག་ལྷན་འཛོམས་ཐོག་༸སྐུའི་གོ་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་པ་དང་འབྲེལ། ༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་འདི་བཞིན་བྱམས་བརྩེའི་ཉིན་མོ་ཞེས་གཏན་འབེབས་དགོས་པའི་གྲོས་ཆོད་ཆེད་འདོན་གནང་འདུག
དེ་ཡང་ཁ་ས་ཨེ་ཤི་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པ་སངས་རྒྱས་སའི་གནས་ཁྱད་པར་ཅན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་དམིགས་བསལ་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་དང་། དེའི་ཐོག་སྐུ་མགྲོན་གཙོ་བོ་ལ་དྭགས་ཀྱི་སྲིད་སྐྱོང་གཞོན་པ་སྐུ་ཞབས་ Vinai Kumar Saxena མཆོག་དང་། ལྷན་ཚོགས་དེའི་ཚོགས་གཙོ་སོག་པོ་དགའ་ལྡན་དགོན་པའི་མཁན་ཟུར་ Choijamts Demberel མཆོག ༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག གནས་ཆུང་སྐུ་རྟེན་མཆོག དགའ་ལྡན་ཤར་རྩེ་མཁན་ཟུར་རིན་པོ་ཆེ་མཆོག བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ་མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་སོགས་ནས་མཉམ་བཞུགས་ཀྱིས་གཙོ་བོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་སྤྱི་ཚོགས་འཆམ་མཐུན། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གཅིག་གྱུར་ནང་ཕན་ཚུན་འཆམ་མཐུན་ཡོང་བ་བཅས་ཀྱི་ཐད། སྐུ་ཚེ་ཧྲིལ་པོར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དང་ཞབས་འདེགས་བསྒྲུབས་པར་ཆེ་བསྟོད་དང་སྦྲགས། ༸སྐུའི་གོ་སྟོན་སྲུང་བརྩི་ཟབ་རྒྱས་ཞུས་འདུག
དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ International Buddhist Confederation ཞེས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཞོན་དགའ་ཤར་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་ལ་བཀའ་འདྲི་ཞུ་སྐབས་ཁོང་གིས། ༸སྐུའི་གོ་སྟོན་སྲུང་བརྩི་གནང་རྗེས་ཚོགས་པའི་འགན་འཛིན་ལྷན་ཚོགས་འཚོགས་ཡོད་ཅིང་། སྤྱི་མོས་ཀྱི་ལམ་ནས་དོན་ཚན་བཅུ་གསུམ་ཅན་གྱི་གྲོས་ཆོད་བཞག་སྟེ། གཙོ་བོ་འབྱུང་འགྱུར་༸སྐུའི་ཡང་སྲིད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྔར་ལམ་བཞིན་ངོས་འཛིན་གནང་རྒྱུ་མ་གཏོགས། སུས་ཀྱང་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཐེ་ཇུས་རྩ་བ་ནས་མི་ཆོག་པ་དང་། ལྷག་པར་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་འཛམ་གླིང་གི་བྱམས་བརྩེའི་ཉིན་མོ་ལ་ནང་པ་ཚོས་སྲུང་བརྩི་གནང་རྒྱུ་བཅས་འཁོད་ཡོད་པ་ངོ་སྤྲོད་གནང་སོང་།
མ་ཟད། ༸སྐུའི་གོ་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་གསུང་འཕྲིན་གཅིག་ཀྱང་སྩལ་ཡོད་སྐོར་དང་། འདི་ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་འཚོག་བཞིན་པའི་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་དེའི་ཐོག་རྒྱ་གར་དང་སོག་པོ། ར་ཤི་ཡ། བལ་ཡུལ། བྷང་ལ་དྷེ་ཤི། སེངྒ་ལ། ལྷོ་ཀོ་རི་ཡ། མ་ལེ་ཤེ་ཡ། ཐེ་ལན་ཌི། འབྲུག འབར་མ་སོགས་འཛམ་གླིང་གི་རྒྱལ་ཁབ་༡༧ ཙམ་ནས་ནང་པའི་བླ་ཆེན་དང་སྐུ་ཚབ་ ༢༠༠ ཙམ་ཞིག་ལྷན་ཞུགས་ཀྱིས། འཛམ་གླིང་སྤྱིའི་ཞི་བདེ་དང་འབྲེལ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཁག་ལ་སློབ་གཉེར་གནང་སྟེ། དངོས་སུ་ལག་བསྟར་གནང་ཐབས་ཐོག་བགྲོ་གླེང་གནང་གི་ཡོད་པ་གསུངས་སོང་།
གཞི་རྩའི་ཨེ་ཤེ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་དེ་ནི་ཐོག་མ་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་གི་མཁན་ཟུར་བླ་མ་ Samaagiin Gombojov ལགས་ཀྱི་ཐུགས་དགོངས་དང་རེ་སྐུལ་ཞུས་པ་བཞིན་སྤྱི་ལོ་ ༡༩༦༩ ལོར་གསར་འཛུགས་གནང་འདུག་ཅིང་། ད་ལྟའི་ཆར་ནང་པའི་ཞི་བདེ་ལྷན་ཚོགས་དེའི་ལྟེ་གནས་སམ་ལས་ཁུངས་གཙོ་བོ་དེ་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏར་Ulaanbaatar རུ་ཡོད་པ་རེད།
བོད་མི་ནང་ཁུལ་ཆིག་སྒྲིལ་དང་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུའི་དམ་འབུལ་སྒོ་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་མཇུག་སྒྲིལ།
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༦ ཉིན་རྒྱབ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་མཇུག་སྒྲིལ་དང་འབྲེལ། ཚོགས་བཅར་བ་ཡོངས་ནས་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་སྔོན་ཆད་བོད་དང་བོད་མིའི་ལས་དོན་ལ་གནོད་པའི་བསམ་སྦྱོར་ངན་པ་ཅི་བྱས་ལ་འགྱོད་བཤགས་དང་ཕྱིན་ཆད་བོད་མི་ནང་ཁུལ་ཆོས་བརྒྱུད་ཀྱི་ཆགས་སྡང་དང་ཆོལ་ཁའི་འཐེན་འཁྱེར་སོགས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་འཐོར་ཤིག་འགྲོ་རྒྱུའི་དགྲ་དགའ་གཉེན་སྡུག་གི་ལས་ལ་ནམ་ཡང་མི་ཞུགས་རྒྱུའི་ཁས་ལེན་དམ་བཅའ་ཙམ་མ་ཟད། དུས་ད་ནས་བཟུང་བོད་མིའི་ནང་ཁུལ་སྐད་ཡིག་གཉིས་པ་བཀོལ་སྤྱོད་མི་བྱེད་པར་གང་ཐུབ་ཀྱིས་བོད་སྐད་དྭངས་མ་ཤོད་རྒྱུའི་ཁས་ལེན་དམ་བཅའ་བརྟན་པོ་ཞུས་སོང་།
https://youtu.be/I0FEAEr0hrk?si=pLAlekUGuABq-hsr
དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་དུ་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཆོས་ར་ལེགས་བཤད་ཀུན་སྒྲོག་གླིང་གི་ཚོགས་ཁང་དུ་ཟླ་འདིའི་ཕྱི་ཚེས་ ༢༡ ནས་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༦ བར་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༨ པ་དེ་ཚོགས་ཡོད་པ་དང་། ཁ་སང་ཚོགས་འདུ་མཇུག་སྡོམས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཁྲིམས་དག་དང་དགེ་བསྐོས། དབུ་མཛད་ཆེན་མོ། ཤེས་ཡོན་ལྷན་ཚོགས་འཐུས་མི། རྒྱལ་སྤྱིའི་བོད་ཀྱི་མཐོ་རིམ་སློབ་མའི་ལྷན་ཚོགས་ཀྱི་ཚོགས་གཞོན་དང་ཕྱི་འབྲེལ་འགན་འཛིན་གཅིག་ལྕོགས་བཅས་ཆེད་ཕེབས་གནང་སོང་།
མཛད་སྒོའི་ཁྲོད་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཡིན་པ་ནན་བརྗོད་དང་འབྲེལ། གཞོན་སྐྱེས་ཚོས་༸གང་ཉིད་མཆོག་གི་བཀའ་དྲིན་བསམ་ཤེས་ཐོག་༸མགོན་པོ་མཆོག་གི་ཕྱག་དེབ་གང་མང་བཀླག་དགོས་པ་དང་། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལག་བསྟར་དགོས་གལ་སྐོར་སྐུལ་མ་གནང་སོང་། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་བརྒྱུད་བོད་མིའི་གཞོན་སྐྱེས་རྣམས་ནས་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་རྒྱུའི་ཐོག་དམིགས་བསལ་འགན་བཞེས་དགོས་གལ་སྐོར་ཐུགས་ཚོར་ཆེན་པོའི་ཐོག་སྐུལ་མ་གནང་མ་ཟད། དེ་རིང་གི་དུས་ཚིགས་འདིའི་ཐོག་ནས་དེ་འབྲེལ་དམ་བཅའ་འཇོག་དགོས་པའི་ནན་སྐུལ་གནང་སོང་།
མ་ཟད་མཛད་སྒོའི་ཐོག་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་གིས། གཞོན་སྐྱེས་ཚོས་ཕྱག་ལས་གང་འདྲ་ཞིག་ཡིན་ནའང་འགོ་དང་པོ་འཛུགས་དུས་ནས་དྲང་པོ་དྲང་བཞག་དང་ཕྱི་གསལ་ནང་གསལ། རྒྱབ་མདུན་ངོ་ལྐོག་མེད་པ་དང་ཕྱོགས་སུ་མ་ལྷུང་བ་ཞིག་གནང་བསམ་པའི་དམ་བཅའ་འཇོག་དགོས་གལ་ཡིན་པ་གསུངས་སོང་།
རྩ་བའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་བཞིན་ཕྱི་ལོ་ ༢༠༠༦ ནས་འགོ་འཛུགས་ཀྱིས་གཙོ་བོ་བཙན་བྱོལ་ནང་མཐོ་སློབ་ཁག་ཏུ་འགྲིམ་བཞིན་པའི་གནའ་དེང་གི་ཤེས་ཡོན་ལྡན་པའི་གཞོན་སྐྱེས་ཕན་ཚུན་བར་ཤེས་ཡོན་བརྗེ་རེས་དང་། མཉམ་སྤྱོད་སོགས་ཀྱི་གོ་སྐབས་བསྐྲུན་དང་སྐྲུན་བཞིན་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་དང་དགོན་སྡེ་ཁག་ ༣༠ ལྷག་ནས་ཚོགས་བཅར་བ་མི་གྲངས་ ༨༠ ཙམ་ནས་ལྷན་ཞུགས་གནང་ཡོད། འདི་ལོའི་༸སྐུའི་གོ་སྟོན་དང་བསྟུན་ནས་ད་རེས་ཀྱི་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་མཛད་རྣམ་དང་། བོད་ཀྱི་སྐད་ཡིག ཆོས་དང་རིག་གཞུང་བཅས་ཀྱི་བརྗོད་གཞིའི་ཐོག་མཁས་པའི་གཏམ་བཤད་དང་བགྲོ་གླེང་སྦྱང་བཤད་སོགས་གནང་ཡོད་པ་མ་ཟད། ཚོགས་འདུ་མཇུག་སྡོམ་ཐོག་ཚོགས་བཅར་བ་རྣམས་ཀྱིས་ཕྱིན་ཆད་བོད་མིའི་ནང་ཁུལ་ཆོས་བརྒྱུད་ཀྱི་ཆགས་སྡང་དང་ཆོལ་ཁའི་འཐེན་འཁྱེར་སོགས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་འཐོར་ཤིག་འགྲོ་རྒྱུའི་དགྲ་དགའ་གཉེན་སྡུག་གི་ལས་ལ་ནམ་ཡང་མི་ཞུགས་རྒྱུའི་ཁས་ལེན་ཙམ་མ་ཟད། དུས་ད་ནས་བཟུང་བོད་མིའི་ནང་ཁུལ་ལ་སྐད་ཡིག་གཉིས་པ་བཀོལ་སྤྱོད་མི་བྱེད་པར་གང་ཐུབ་ཀྱིས་བོད་སྐད་དྭངས་མ་ཤོད་རྒྱུའི་ཁས་ལེན་དམ་འབུལ་བཞག་གནང་སོང་།
འདི་གའི་གསར་འགོད་པས་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་མཉམ་ཞུགས་གནང་མཁན་སློབ་མ་ཚོར་ཚོགས་ཆེན་འདི་ལྟ་བུའི་གནད་འགག་དང་མྱོང་ཚོར་སོགས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད།
གཞན་ཡང་མཇུག་སྡོམ་མཛད་སྒོ་གྲུབ་མཚམས་ཚོགས་ཆེན་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་མིས་བཟོས་རིག་ནུས་དང་མ་འོངས་པ་དགོན་སྡེ་ཁག་གི་འཛིན་སྐྱོང་སྤེལ་གསུམ་དང་སློབ་གཉེར་གནང་སྟངས་སྐོར་གཏམ་བཤད་ཅིག་ཀྱང་གནང་ཡོད་པ་ལྟར། དགེ་བཤེས་བློ་བཟང་སྨོན་ལམ་ལགས་སུ་བཀའ་འདྲི་ཁག་གཅིག་ཞུ་སྐབས་ཁོང་གིས། ད་ལྟ་དུས་སུ་མིས་བཟོས་རིག་ནུས་བེད་སྤྱོད་ལེགས་པར་གནང་མ་ཐུབ་ཚེ། ང་ཚོ་རྗེས་ལུས་ཤོར་ངེས་ཡིན་པ་སོགས་གསུངས་སོང་།
༸གོང་ས་མཆོག་ལ་གདན་ས་དགའ་ལྡན་དུ་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ།
རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་མཛད་སོང་།
https://youtu.be/am8hCELm1Ag?si=AGNTtAkwG1DsM7NV
དེ་ཡང་དེ་རིང་ཕྱི་ཟླ་ ༡ ཚེས་ ༢༡ རེས་གཟའ་ལྷག་པ་༸རྒྱལ་བའི་སྐུའི་བླ་གཟའ་དང་བསྟུན། སྔ་དྲོ་ཕྱག་ཚོད་ ༨ པ་ཡོལ་ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བླ་སྤྱི་ཚོམས་ཆེན་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་དགའ་ལྡན་ཤར་རྩེ་དང་བྱ་རྩེ་མཁན་རིན་པོ་ཆེ་རྣམ་གཉིས། མོན་གྷོ་འདོད་རྒུ་གླིང་གི་ས་གནས་འགོ་འཛིན་བཅས་ནས་སྤེས་སྣེ་སྤྱན་རྒྱ་སྤོས་འཛིན་དང་བཅས་གདན་འདྲེན་ཞུས་སོང་བ་དང་། མགོན་པོ་༸གང་ཉིད་མཆོག་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་རྗེས། དགའ་ལྡན་བླ་སྤྱི་དང་། དགའ་ལྡན་ཤར་རྩེ་གྲྭ་ཚང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཐུན་མོང་ནས་རྗེ་ཚེ་འཛིན་མའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
བརྟན་བཞུགས་ཀྱི་མཛད་སྒོའི་སྐབས། མོན་གྷོ་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ནས་མོན་གྷོ་འདོད་རྒུ་གླིང་ཚོགས་སྡེ་ཁག་ཉེར་དྲུག་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་༸སྐུའི་གོ་སྟོན་སྲུང་བརྩིའི་ཆེད་རྒྱུ་གསེར་དངུལ་ལས་གྲུབ་པའི་གཟེངས་རྟགས་ཤིག་ཕུལ་སོང་།
རྩ་བའི་དེ་རིང་བརྟན་བཞུགས་བསྟར་འབུལ་མ་ཞུས་སྔོན་དུ། སྔ་དྲོ་ཕྱག་ཚོད་ ༧།༤༥ ཐོག་མགོན་པོ་༸གང་ཉིད་མཆོག་འབྲས་སྤུངས་སྒོ་མང་ཆོས་རྭ་ནས་ཆིབས་ཐོན་གྱིས། ཐོག་མ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འཛིན་ཁང་ཐོག་ཏུ་གསར་བཞེངས་གྲུབ་པའི་རྗེ་ཚེ་འཛིན་མ་དང་༸རྒྱལ་དབང་སྐུ་ཕྲེང་ ༡༤ པའི་སྐུ་བརྙན་རབ་གནས་བཀའ་དྲིན་མཛད་ཡོད་ཅིང་། དེའི་རྗེས་དགའ་ལྡན་གསེར་གདུང་ཁང་ལ་ཐུགས་སྨོན་རབ་གནས་མཛད་ཡོད་པ་རེད།
གཞི་རྩའི་ད་རེས་བརྟན་བཞུགས་སྐབས་འབུལ་མཚན་དུ་སྐུ་གསུང་ཐུགས་རྟེན། ཚེ་བུམ། ཚེ་ཆང་། ཚེ་རིལ། བླ་གོས། སྣམ་སྦྱར། ཐང་གོས། གདིང་བ། ལྷུང་བཟེད། མཁར་གསིལ། རིགས་ལྔའི་མཚན་མ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྟགས་བརྒྱད་དང་། རྫས་བརྒྱད་རྣམས་རིམ་པར་ཕུལ་ཏེ། རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་ཤར་པ་ཆོས་རྗེ་དང་ཤར་བྱང་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་གཉིས། མཁན་ཟུར་རྣམ་པ། ཞལ་ངོ་རྣམ་བཞི། ཕྱག་མཛོད། སྦྱིན་བདག་བཅས་ནས་མཇལ་ཁ་ཞུས་སོང་།
འདི་ག་རླུང་འཕྲིན་ཁང་ནས་དགའ་ལྡན་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་བྱམས་པ་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་ཡོད།
བོད་དོན་རྐང་འཁོར་སྐོར་སྐྱོད་བ་ Sandesh Meshram དེ་རིང་མེའོ་ཆོས་འཕེལ་གླིང་དུ་བསྐྱོད་བཞིན་པ།
བོད་དོན་རྐང་འཁོར་སྐོར་སྐྱོད་བ་ Sandesh Meshram དེ་རིང་མེའོ་ཆོས་འཕེལ་གླིང་དུ་བསྐྱོད་བཞིན་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་ཆོས་ལུགས་རིས་མེད་ཀྱི་མཆོད་འབུལ་སྨོན་ལམ་དང་རྒྱ་གར་གནད་ཡོད་མི་སྣར་བོད་དོན་ཞུ་སྐུལ་གནང་བ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལིར་ཆོས་ལུགས་རིས་མེད་ཀྱི་མཆོད་འབུལ་སྨོན་ལམ་དང་རྒྱ་གར་གནད་ཡོད་མི་སྣར་བོད་དོན་ཞུ་སྐུལ་གནང་བ།




