གོ་སྟོན།

ཀིརྟིའི་བྱེས་པ་གྲྭ་ཚང་ནས་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཚོགས་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པར་ལོ་འཁོར་མོ་བྱམས་བརྩེ་ལོ་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པའི་ཁྲོད། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་བཞུགས་སྒར་དྷརྨ་སཱ་ལཱར་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་གོ་སྒྲིག་འོག་གྲྭ་ཚང་དེ་ཉིད་ཀྱི་ཆོས་ཁང་ནང་དུ་༸སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་ཚོགས་སོང་བ་དང་། སྐབས་དེར་གྲྭ་ཚང་གི་མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་དབུས་པའི་གསུང་བཤད་པ་མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ། མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་དང་སློབ་སྤྱི་ཟུར་པ་སློབ་དཔོན་དཀོན་མཆོག་འཇིགས་མེད། དེ་བཞིན་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་རེ་མདོ་སེངྒེ། དེ་བཞིན་བླ་གྲྭ་དགེ་འདུན་འདུས་མང་བཅས་ལྷན་ཞུགས་གནང་སོང་། སྐབས་དེར་དབུ་འབྱེད་གསུང་བཤད་ཁྲོད། མཁན་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ་མཆོག་གིས། ད་རེས་ཀྱི་བགྲོ་གླེང་འདི་བཞིན་སྔ་ལོའི་ཕྱི་ཟླ་ ༡ པོའི་ནང་ཀིརྟིའི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པ་ཐུན་མོང་ནས་དགེ་ལུགས་སྨོན་ལམ་ཆེན་མོ་འཕར་མ་འཚོགས་བཞིན་པའི་སྐབས། རང་གཞུང་ཆོས་རིག་ལས་ཁུངས་ནས་རྗེས་ལོར་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་ཐད་བཀའ་ཡིག་ཕེབས་དོན་ལྟར།  ལས་སྣེ་རྣམ་པ་གོ་བསྡུར་གྱིས་ད་རེས་བགྲོ་གླེང་འདི་ཚོགས་ཐུབ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༡ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་འཕར་མ་དང་འབྲེལ། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་ཡིན་ཞིང་། དེ་ནི་ཀིརྟིའི་བྱེས་པ་གྲྭ་ཚང་ཙམ་མིན་པ་གསུངས་སོང་། མ་ཟད་རྗེ་རིན་པོ་ཆེ་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་པའི་ཐད་ཕྱག་དེབ་ཅིག་རྩོམ་སྒྲིག་ཞུ་མུས་ཡིན་པ་བཅས་གོ་སྟོན་སྲུང་བརྩིའི་ལས་རིམ་གསུམ་ལ་ཆ་བགོས་ཞུས་ཡོད་པ་གསུངས་སོང་། བགྲོ་གླེང་དེའི་ཐོག་མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས་འཕྲོས་པའི་གཏམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ༸གོང་ས་མཆོག་གི་སྐུ་གསུང་ཐུགས་གི་མཛད་པ་ནི། ཆོས་ཕྱོགས་ནས་ཞུས་ན་དགྲ་གཉེན་གཉིས་ལ་བརྩེ་བ་ཅན་དང་། ཐབས་ཤེས་ཟུང་འབྲེལ། མདོ་སྔགས་ཟུང་འབྲེལ། རང་དོན་དང་གཞན་དོན་ལྷུན་གྲུབ་བཅས་ཡིན་ཞིང་། འཇིག་རྟེན་ཐོག་ནས་ཞུས་ན་ཆོས་སྲིད་བཟུང་འབྲེལ། གནའ་དེང་ཟུང་འབྲེལ། རྒྱ་བོད་གཉིས་ལ་སྨན་པ་གནང་མཁན། ཕོ་མོ་འདྲ་མཉམ་གནང་མཁན། སྐྱ་སེར་དང་རྒན་གཞོན་བར་ཡོངས་རྫོགས་ལ་ཕན་ཐོགས་གྲུབ་མཁན། ཆོས་བརྒྱུད་དང་ཆོས་ལུགས་རིས་མེད། མི་རིགས། མདོར་ན་འགྲོ་བ་རྣམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཞིག་ཡིན་པ་སོགས་གསུངས་སོང་། དེ་བཞིན་མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་གནང་བའི་མཛད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། དེ་སྔོན་ཕྱི་རྒྱལ་གྱི་མི་དང་ལྷག་པར་ནང་པ་རང་གི་སྡེ་ཁག་ཁག་གཅིག་ནས། བོད་བརྒྱུད་ནང་བསྟན་འདི་བཞིན་བླ་མའི་ཆོས་ལུགས་ཤིག་ཡིན་པ་ངོས་འཛིན་བྱས་ཀྱི་ཡོད་པར་བརྟེན། མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་ཕེབས་མ་ཉིད་ནས་དེ་འབྲེལ་ལམ་སྟོན་བཀའ་སློབ་ལན་མང་བསྩལ་ཡོད་ཅིང་། ལྷག་པར་༸རྒྱལ་བའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་དང་ལེགས་བཤད་བློ་གསར་མིག་འབྱེད་ནང་བོད་བརྒྱུད་ནང་བསྟན་འདི་ཉིད་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་རིམ་པ་གནང་ཡོད་ཅིང་། ལྷག་པར་ལེགས་བཤད་བློ་གསར་མིག་འབྱེད་དེ་ཉིད་ཧིན་དྷི་དང་ཨིན་སྐད། ཐའེ་ལིནྜ། འཇར་མ་ནི། སིཔེ་ནིཤ རྒྱ་སྐད་སོགས་ཀྱི་ནང་ཕབ་བསྒྱུར་གནང་ཡོད་པ་མ་ཟད། ནང་པའི་གནས་བརྟན་སྡེ་པའི་དགེ་སློང་དང་བགྲོ་གླེང་རིམ་པ་མཛད་པའི་ཐོག པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་གི་ཡོད་པ་སོགས་ཀྱི་རྒྱུ་མཚན་དུ་བྱས་ནས་བོད་བརྒྱུད་ནང་བསྟན་འདི་བཞིན་དཔལ་ནཱ་ལནྜའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡིན་ཞེས་བཀའ་སྩལ་དགོས་དོན་གྱི་གནད་འགག་ཀྱང་དེ་ལྟར་ཡིན་པ་གསུངས་སོང་། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་དང་སློབ་སྤྱི་ཟུར་པ་སློབ་དཔོན་དཀོན་མཆོག་འཇིགས་མེད་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལས་མངོན་པའི་བོད་ཀྱི་སྐད་ཡིག་གི་རིན་ཐང་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། འཛམ་གླིང་ནང་གི་མི་རིགས་ཇི་འདྲ་ཞིག་ཡིན་རུང་མི་རིགས་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་སྐད་ཡིག་དེ་ཆགས་ཀྱི་ཡོད་པ་ནན་བརྗོད་དང་འབྲེལ། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་དེ་ཉམས་ཆགས་འགྲོ་བཞིན་པར་ཉེན་འཚབ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་དང་། བོད་མི་ཚང་མས་བོད་ཀྱི་སྐད་ཡིག་དེ་མི་རིགས་ཀྱི་སྲོག་རྩ་དང་ཆོས་དང་རིག་གཞུང་གི་རྩ་བ་རེད་ཅེས་གསུང་གིན་ཡོད་ཀྱང་། དེ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་ཞེས་དཔེ་མཚོན་གྱི་ལམ་ནས་གོ་བརྡ་སྤྲོད་སླ་བ་ཡོང་ཆེད། ༸གོང་ས་མཆོག་༸གང་ཉིད་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་མཛད་དེ། མཛད་འཕྲིན་རྒྱས་ཤིང་། འཛམ་བུ་གླིང་གི་དབུ་ཁྲིད་དུ་གྱུར་བ་སོགས། མདོར་ན་ནང་བསྟན་གང་དུ་བཞུགས་པའི་སྐད་ཡིག་དེ་རང་བཞིན་གྱི་རྩ་ཆེན་པོ་དང་དེ་སྲུང་སྐྱོབ་བྱ་དགོས་གལ་གྱི་གལ་གནད་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་སོགས་གསུངས་སོང་། མ་ཟད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་རེ་མདོ་སེངྒེ་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སློབ་སྦྱོང་རྒྱ་ཁྱབ་ཏུ་དར་སྤེལ་མཛད་པ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བའི་ཁྲོད། ལོ་རྒྱས་ཐོག་བོད་པའི་སྤྱི་ཚོགས་ཁྲོད་བོད་མི་རེ་བཟུང་དེང་རབས་ཀྱི་ཤེས་ཡོན་ལ་རྒྱུས་མངའ་ཡོད་མཁན་ཡོད་མོད། བོད་མི་མང་ཚོགས་སྤྱི་ཡོངས་ཤེས་ཡོན་དང་ལྷག་པར་དེང་རབས་ཀྱི་ཤེས་ཡོན་ཐོག་ཁ་ཕྱོགས་འགྱུར་གནང་མཛད་མཁན་༸རྒྱལ་བ་རིན་པོ་ཆེ་ཡིན་པ་ནན་བརྗོད་གནང་སོང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོ་བཙན་བྱོལ་དུ་ཕེབས་མ་ཐག་གཞོན་སྐྱེས་མི་རབས་གསར་པ་རྣམས་མ་འོངས་པར་བོད་པ་ཚད་ལྡན་གྱི་ངོ་བོར་གཅིག་མཚུངས་ཡོང་ཐབས་དང་། བོད་ཀྱི་བདེན་དོན་དེ་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་འཐབ་རྩོད་ངོ་སྤྲོད་བྱེད་ཐུབ་པ། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་ཐབས། དེ་སྔོན་ལོ་རྒྱུས་གནས་བབ་ཐོག་བོད་ནི་ཁྱེར་རྐྱང་དུ་ལུས་ཤིང་། མ་འོངས་པར་འཛམ་གླིང་གི་འགྲོས་དང་མཉམ་དུ་འགྲོ་ཐུབ་མཁན་མི་རིགས་ཤིག་ཡོང་ཐབས་ཀྱི་གནད་འགག་སོགས་ཀྱི་དགོངས་གཞི་རླབས་པོ་ཆེའི་འོག ཕྱི་ལོ་ ༡༩༦༠ ལོར་སློབ་གྲྭ་གསར་འཛུགས་དང་། རིམ་པས་དགོན་སྡེ་ཁག་གི་ནང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་ཚན་རིག་སློབ་ཁྲིད་དར་སྤེལ་སོགས་མདོར་ན་བོད་མི་རིགས་ལ་འཕྲད་པའི་སྟོང་ཆ་མང་པོ་ཞིག་༸རྒྱལ་བའི་མཛད་འཕྲིན་ལས་བསྐོང་ཐུབ་པ་བྱུང་ཡོད་བཅས་གསུངས་སོང་། གཞི་རྩའི་འདི་ལོར་བོད་མིའི་འདུ་སྡོད་ས་གནས་གང་སར་གཙོས་པའི་ཡུལ་གྲུ་འདྲ་མིན་ནང་༸རྒྱལ་བའི་གོ་སྟོན་དང་འབྲེལ་ནས། བགྲོ་གླེང་སོགས་ཤེས་རིག་གི་གནང་སྒོ་ཁག་དང་། བོད་ཀྱི་རིག་གཞུང་འགྲེམས་སྟོན། ཁོར་ཡུག་སྲུང་སྐྱོབ། རྣམ་དཀར་དགེ་བའི་ལས་སུ་འཇུག་པའི་ལས་རིམ་སྣ་ཚོགས་ཀྱི་ཐོག་ནས་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་རེད།

དཔལ་སྤུངས་ཤེས་རབ་གླིང་དགོན་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ།

དཔལ་སྤུངས་ཤེས་རབ་གླིང་དགོན་ནས་༸གོང་ས་མཆོག་ལ་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ།

ཡུ་རོབ་གྲོས་ཚོགས་ནང་༸གོང་ས་མཆོག་གིས་བོད་མིར་གསོལ་སྩལ་གནང་བའི་མང་གཙོ་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ།

ཡུ་རོབ་གྲོས་ཚོགས་ནང་༸གོང་ས་མཆོག་གིས་བོད་མིར་གསོལ་སྩལ་གནང་བའི་མང་གཙོ་ཞེས་པའི་དངོས་བྱུང་གློག་བརྙན་གཟིགས་འབུལ།

༸གོང་ས་མཆོག་གི་༸སྐུའི་གོ་སྟོན་སླད་སྤྱི་ལེ་ ༢༠ གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག

༸གོང་ས་མཆོག་གི་༸སྐུའི་གོ་སྟོན་སླད་སྤྱི་ལེ་ ༢༠ གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག

སུད་སིའི་གྲོས་ཚོགས་ནང་༸གོང་ས་མཆོག་གི་གོ་སྟོན་འཁྲུངས་སྐར་སྲུང་བརྩི་ཞུས་པ།

སུད་སིའི་གྲོས་ཚོགས་ནང་༸གོང་ས་མཆོག་གི་གོ་སྟོན་འཁྲུངས་སྐར་སྲུང་བརྩི་ཞུས་པ།

གོ་སྟོན་དང་འབྲེལ་ཏེ་ལྡི་ལིར་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

གོ་སྟོན་དང་འབྲེལ་ཏེ་ལྡི་ལིར་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་སོང་།

RSS ཚོགས་པའི་འགོ་ཁྲིད་ཆེ་གྲས་གཉིས་ནས་གོ་སྟོན་གྱི་འཚམས་འདྲིའི་སླད་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།

RSS ཚོགས་པའི་འགོ་ཁྲིད་ཆེ་གྲས་གཉིས་ནས་གོ་སྟོན་གྱི་འཚམས་འདྲིའི་སླད་༸གོང་ས་མཆོག་གི་མཇལ་ཁ་ཞུས་སོང་།

རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་༸སྐུའི་གོ་སྟོན་གཟབ་རྒྱས་ངང་སྲུང་བརྩི།

སེ་ར་ཐེག་ཆེན་གླིང་གི་གོ་སྟོན་ཚོགས་ཆུང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༡ བོད་ཟླ་ ༧ ཚེས་ ༡༩ ཉིན་གདན་ས་ཆེན་པོ་སེ་ར་བླ་སྤྱིའི་ཚོགས་ཆེན་ནང་དུ་ཞྭ་སེར་བསྟན་པའི་མཛེས་རྒྱན་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག སེར་བྱེས་མཁན་རིན་པོ་ཆེ་ལགས། སེར་སྨད་མཁན་ཚབ་ལགས། སེར་བྱེས་མཁན་ཟུར་རིན་པོ་ཆེ་ལགས། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་ཚབ། རྫོང་དཀར་ཆོས་སྡེ་མཁན་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་གྲྭ་ཚང་བྱེས་སྨད་གཉིས་ཀྱི་བླ་སྤྲུལ་དགེ་བའི་བཤེས་གཉེན་འདུས་ཚོགས་དམངས་དང་། སྦེལ་ཀོབ་ས་གནས་ཁྲིམས་ཞིབ་པ། ས་གནས་འགོ་འཛིན་རྣམ་པ། སྦེལ་ཀོབ་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ། གྲོང་སྡེ་ཁག་གི་རྒྱ་དཔོན་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམས་པ་དང་མི་མང་ལྷན་འཛོམས་ཐོག་༸སྐུའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་། སྐབས་དེར་ཞྭ་སེར་བསྟན་པའི་མཛེས་རྒྱན་༸སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ནི་ང་ཚོའི་ཕ་མ་ནང་བཞིན་ཡིན་པ་དང་། དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་སྟབས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཀའ་དྲིན་གསབ་རྒྱུ་ཧ་ཅང་གལ་གནད་ཡིན་པའི་སྐོར་གསུངས་ཏེ། གོ་སྟོན་སྲུང་རྩི་དང་འབྲེལ་ཉིན་གཉིས་རིང་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ཕར་ཕྱིན་དང་དབུ་མའི་གཞུང་ལ་རྩོད་པའི་བགྲོ་གླེང་རྒྱ་ཆེའི་སྒོ་ནས་དམ་བཅའ་ཆེན་པོ་ཚོགས་ཐུབ་པར་༸རྒྱལ་བའི་ཐུགས་དགོངས་གལ་ཆེན་ཞིག་གྲུབ་སོང་སྙམ་ཞེས་གསུངས་སོང་། དེ་བཞིན་སྐབས་དེར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གོ་སྟོན་སྲུང་བརྩིའི་ནང་བགྲོ་གླེང་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་གསོག་སྒྲུབ་གནང་བ་སོགས་ལས་རིམས་ཧ་ཅང་ལེགས་པོ་བྱུང་བར་བསྔགས་བརྗོད་ཀྱིས་རྗེས་སུ་ཡི་རངས་དང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བོད་ཀྱི་གནད་དོན་སོགས་ལ་བཀའ་དྲིན་ཆེ་ཤོས་ནི་༸གོང་ས་མཆོག་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེ་ལས་ལྷག་པའི་མཛད་རྗེས་ཆེ་བ་ཞིག་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་མ་ཟད་། ཁོང་གི་ཐུགས་བསྐྱེད་བླ་ན་མེད་པའི་དགོངས་པས་བསྟན་པ་སྤྱི་དང་ལྷག་དོན་བོད་མི་རིགས་ཀྱི་བསྟན་སྲིད་དོན་དུ་སྐུ་ལས་ཧ་ཅང་མཛད་པ་དང་། བོད་ཆགས་འཇིགས་ཀྱིས་དུས་འཚམས་ལ་སྐུ་མདུན་གྱིས་ངལ་བ་ཁྱད་དུ་བསད་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟ་བུ་འཛམ་བུ་གླིང་དུ་ཤར་བ་དང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་གནས་ཚད་མཐོ་ཤོས་ཤིག་ལ་སླེབས་ཐུབ་ཡོད་པ་བཀའ་སློབ་གནང་སོང་། དེ་བཞིན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ནས་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་མཛད་འཕྲིན་དང་འབྲེལ་ནས་བཀའ་སློབ་གནང་སོང་། གཞན་ཡང་མཛད་སྒོའི་ཐོག་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས་ཡོད་པ་རེད།

དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་སོགས་དང་འབྲེལ་བའི་ཞུ་སྙན་འགེངས་ཤོག་གི་དྲྭ་ཚིགས་གསར་བཟོ།

དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་སོགས་དང་འབྲེལ་བའི་ཞུ་སྙན་འགེངས་ཤོག་གི་དྲྭ་ཚིགས་གསར་བཟོ།

Latest news