༸པཎ་རིན་པོ་ཆེ།
ཡུ་རོབ་གྲོས་ཚོགས་ནང་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནད་དོན་གཙོས་བོད་དོན་ཐོག་གླེང་སློང་གནང་འདུག
ཟླ་བ་འདིའི་ཚེས་ ༢༣ ནས་ ༢༦ བར་ཧྥ་རན་སིའི་གྲོང་ཁྱེར་ Strasbourg ཏུ་འཚོགས་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་སྐབས། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲོས་ཚོགས་འཐུས་མི་ Mariusz Kamiński ལགས་ཀྱིས། བོད་ཀྱི་གནད་དོན་དང་ལྷག་དོན་དུ་རྒྱ་གཞུང་གིས་བཙན་ཁྲིད་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་གནད་དོན་ཐོག་འགན་འཁྲི་འཁུར་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་འདུག
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་སྐབས་ Macao མཱ་ཁའོ་ནང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། ཁྲིམས་ཀྱི་དབང་བསྒྱུར་བཅས་ལ་རྡོག་རོལ་བཏང་བའི་གནད་དོན་ཐོག་ཛ་དྲག་གི་བགྲོ་གླེང་ཁྲོད། གྲོས་ཚོགས་འཐུས་མི་ Mariusz Kamiński ལགས་ཀྱིས་སྔ་ལོའི་ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་བཟོས་པའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་ Macao གྲོས་ཚོགས་འཐུས་མི་རྒན་གྲས་དང་མང་གཙོ་དོན་གཉེར་བ་གྲགས་ཅན་སྐུ་ཞབས་ Au Kam San ལགས་ལ་ཟླ་བ་འདིའི་ཚེས་ ༦ ཉིན་ལོ་ ༡༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནད་དོན་སྐོར་སེམས་འཚབ་དང་སྦྲགས། རྒྱ་ནག་དམར་ཤོག་ཚོགས་པས་ཕྱོགས་ཡོངས་ནས་ཐབས་ཇུས་ལྡན་པའི་ཐོག་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག
ད་དུང་ཁོང་གིས་རྒྱ་གཞུང་གིས་བོད་མི་དང་ཡུ་གུར་བ་རྣམས་ལ་དྲག་གནོན་གྱི་སྲིད་བྱུས་དང་བཙན་ཤེད་ཀྱིས་མི་རིགས་མཉམ་བསྲེས་བྱེད་བཞིན་པའི་གནས་སྟངས་གསལ་སྟོན་གནང་འདུག་པ་མ་ཟད། ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་གར་སོང་ཆ་མེད་དང་གནས་སྟངས་ཅི་ཡིན་གསལ་ཁ་མེད་པའི་གནད་དོན་སྐོར་བསྐྱར་ནན་གནང་འདུག །དེ་བཞིན་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་གནད་དོན་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པས་རང་གི་དབང་བསྒྱུར་འོག་གནས་པའི་མི་སེར་ཙམ་མ་ཡིན་པར། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་འཛམ་གླིང་གི་བརྟན་ལྷིང་ལའང་ཉེན་ཁ་བཟོ་བཞིན་ཡོད་པ་གསུངས་འདུག
འདི་ག་རླུང་འཕྲིན་ཁང་གིས་གནད་དོན་དེ་འབྲེལ་སྦར་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སུ་བཀའ་འདྲི་ཞུ་སྐབས། གྲོས་ཚོགས་འཐུས་མི་མཆོག་ནས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐད་གསུང་བཤད་གནང་བར་དགའ་བསུ་ཞུས་པ་དང་ཆབས་ཅིག །ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ནང་གནད་དོན་དེ་དག་གླེང་སློང་གནང་བ་ནི་བོད་མི་ཚོའི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་བཞིན་པའི་ལས་འགུལ་ལ་སེམས་ཤུགས་སྤར་གྱི་ཡོད་ཅེས་གསུངས་སོང་།
རྩ་བའི་ཟླ་འདིའི་འགོ་སྟོད་དུ་གྲོས་ཚོགས་འཐུས་མི་ Mariusz Kamiński དང་གྲོས་ཚོགས་འཐུས་མི་ Maciej Wąsik རྣམ་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། འདི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད། འཚམས་གཟིགས་དེའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་དང་མཇལ་འཕྲད་ཀྱིས་བོད་མིའི་མངོན་འདོད་དང་། དཀའ་ངལ་ཁག །དེ་བཞིན་བོད་མི་ཚོས་བོད་ཀྱི་ཐུན་མིན་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་རྒྱུན་མཐུད་གནང་བཞིན་པའི་འབད་བརྩོན་བཅས་ཀྱི་ཐོག་རྒྱུས་ལོན་གནང་ཡོད་པ་རེད།
རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ཁ་ཕྱོགས་བཙན་བསྒྱུར་བྱེད་བཞིན་པ།
བོད་བརྒྱུད་ནང་བསྟན་ལ་དབང་སྒྱུར་བརྒྱུད་ནས་མ་འོངས་པ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་མིར་དབང་སྒྱུར་བྱ་ཐབས་ཀྱི་འོག་གྲབས་སྒྲིག་བཞིན་པ་ཐེར་འདོན་གནང་འདུག
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། From Spiritual Lineage to Party Guidelines: Reshaping Tibet’s Faith བོད་ཀྱི་དད་མོས་ལ་བསྐྱར་སྒྲིག །ཆོས་ཕྱོགས་ཀྱི་ལམ་ལུགས་ནས་གཞུང་གི་རྩ་འཛིན་བར་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་སྲོལ་རྒྱུན་གྱི་ལམ་ལུགས་རྩ་གཏོར་གྱིས། འཆར་གཞི་ལྡན་པའི་ཐོག་ནས་ཆབ་སྲིད་ཀྱི་དགོས་དམིགས་འོག་སྒྲོམ་གཞི་གསར་བཟོ་བྱས་ཏེ། བོད་ཀྱི་དགོན་སྡེ་ཁག་དང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ལ་དབང་སྒྱུར་དང་། ༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་མིར་དབང་སྒྱུར་འོག་གྲབས་སྒྲིག་བཞིན་པ་ཐེར་འདོན་གནང་འདུག
སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་ ༢༠༢༥ དང་ ༢༠༢༦ ལོའི་ནང་རྒྱ་གཞུང་གིས་བཀོད་ཁྱབ་དང་ཞིབ་འཇུག །ཁྲིམས་སྒྲིག་བཅས་ལ་གཞི་བཅོལ་བའི་ཐོག་ནས། བོད་བརྒྱུད་ནང་བསྟན་ལ་དམ་བསྒྲགས་ཙམ་མིན་པར་དུས་རབས་མང་པོའི་རིང་ནས་ཡོད་པའི་སྲོལ་རྒྱུན་གྱི་བླ་སློབ་དང་དགེ་རྒན་དགེ་ཕྲུག་གི་འབྲེལ་བ། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལམ་ལུགས་སོགས་ལ་བཙན་བསྒྱུར་བྱེད་འགོ་བཙུགས་ཏེ། ཕུག་རྒྱང་རིང་པོའི་དབང་སྒྱུར་བྱ་ཐབས་ཀྱི་ཆ་ལག་གསར་བཟོ་བཀོད་སྒྲིག་བྱེད་བཞིན་པ་གསལ་འདོན་དང་། གསར་བཟོ་བྱས་པའི་ཁྲིམས་སྒྲིག་དེ་དག་གི་བརྒྱུད་ནས་ད་དུང་སུ་ཞིག་ནང་པ་བྱ་འདོད་ཡོད་པ་དང་། དགེ་རྒན་བཀོད་སྒྲིག །ཆོས་ཕྱོགས་ཀྱི་མཚན་གནས། དགོན་པའི་འཛིན་སྐྱོང་བཅས་ལ་སྟངས་འཛིན་བྱ་རྒྱུ་ཡིན་པ་མངོན་གསལ་གནང་འདུག
ཁྲིམས་སྒྲིག་དང་སྲིད་བྱུས་དེ་དག་ལག་བསྟར་བྱེད་མཁན་གཙོ་བོ་འཐབ་ཕྱོགས་གཅིག་འགྱུར་ཁང་དང་རྒྱ་ནག་ནང་པ་མཐུན་ཚོགས་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་བསྒྲུབ་བྱ་བསྐྱར་བཅོས་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་དགོས་ལུགས་ཙམ་མ་ཟད། ཞི་ཅིན་ཕིང་གི་བསམ་བློ་ལྟར་དུས་རབས་གསར་པའི་ནང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་བརྒྱུད། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུ་དང་། དམར་ཤོག་ཚོགས་པའི་ཆོས་ཕྱོགས་གཞི་རྩའི་སྲིད་བྱུས་དོན་འཁྱོལ་ཡོང་བར་རོགས་འདེགས་བྱ་དགོས་ལུགས་སོགས་འཁོད་ཡོད་པ་ཐེར་འདོན་གནང་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་བརྒྱུད་ནང་བསྟན་ལས་དོན་ཚོགས་ཆུང་གིས། ལོ་ལྔ་ཚན་གྱི་འཆར་གཞི་ཁྲོད། (༢༠༢༦ ནས་ ༢༠༣༠) བོད་བརྒྱུད་ནང་བསྟན་ཀྱི་ནང་མའི་ཁྲིམས་སྒྲིག་འཛིན་སྐྱོང་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་ཆོད་སེམས་བརྟན་པོ་ཡོད་སྐོར་གཏན་འབེབས་དང་། ལྷག་པར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཆབ་སྲིད་བཀའ་ཁྱབ་གསལ་སྟོན་ཐོག །ཆབ་སྲིད་ཀྱི་ལང་ཕྱོགས་ལེགས་བཅོས་གཏང་དགོས་ངེས་དང་ལྟ་བའི་ལམ་སྟོན་ནུས་པ་རྒྱ་སྐྱེད་བྱ་རྒྱུ་བསྐྱར་ནན་བྱས་ཡོད་པ་མངོན་གསལ་གནང་འདུག །སྙན་ཐོ་དེའི་ནང་ད་དུང་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལ་རྒྱ་དམར་གཞུང་གིས་དམ་བསྒྲགས་འོག་གར་སོང་ཆ་མེད་དུ་གྱུར་བ་མ་ཟད། དེའི་ཚབ་ཏུ་རྒྱ་གཞུང་གིས་བསྐོ་འཛུགས་བྱས་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་དངོས་སུ་ཐེ་བྱུས་བྱེད་འགོ་བཙུགས་ཏེ། རིམ་པས་ ༢༠༠༧ ལོར་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ལ་དོ་དམ་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་གསར་བཟོ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་དེ་འབྲེལ་ཡང་སྲིད་ངོས་འཛིན་བྱས་པའི་གྲངས་འབོར་མངོན་གསལ་བྱས་པའི་ནང་བླ་སྤྲུལ་ ༡༣༡༡ གསལ་སྟོན་བྱས་ཡོད་པ་སོགས་མངོན་གསལ་གནང་འདུག
མ་ཟད་ད་ལྟའི་ཆར་རྒྱ་དམར་གཞུང་གིས་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་སྒྲོམ་གཞི་གསར་པ་འདིང་བཞིན་ཡོད་ཅིང་། དེ་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ལོ་ལྔ་ཚན་གྱི་འཆར་གཞི་ (༢༠༢༦ ནས་ ༢༠༣༠) ནང་སྤྲུལ་པའི་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་ཆོས་ཕྱོགས་ཀྱི་ཆོ་ག །ལོ་རྒྱུས་གྱི་མཚན་གཞི་དེ་དག་ལ་དབང་སྒྱུར་ཡོང་ཐབས་སུ་ནང་ཁུལ་འཚོལ་ཞིབ་དང་། གསེར་བུམ་དཀྲུག་འདོན་མང་དུ་བྱ་དགོས་པ། དེ་བཞིན་དབུས་གཞུང་གི་ཆོག་མཆན་དགོས་པ་དེ་དག་རྒྱ་ཁྱབ་ཆེན་པོའི་དྲིལ་བསྒྲགས་བྱ་དགོས་ལུགས་བཤད་ཡོད་པ་གསལ་སྟོན་གནང་འདུག
རྩ་བའི་སྙན་ཐོ་དེ་དང་འབྲེལ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོས་ནས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཆོས་ཕྱོགས་ཀྱི་སྡེ་ཁག །དེ་བཞིན་ཕྱི་སྲིད་བློན་ཆེན་ཁག་དང་ཡོ་རོབ་མཐུན་ཚོགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ དང་ ༢༠༢༥ སོ་སོར་མགོན་པོ་༸གང་ཉིད་མཆོག་གི་༸སྐུའི་ཡང་སྲིད་དང་འབྲེལ་བའི་བཀའ་ཡིག་ལ་ཡོངས་བསྒྲགས་ཀྱི་ཐོག་ནས་ཁེ་ལན་བྱ་དགོས་པའི་འབོད་སྐུལ་དང་། བོད་མིའི་ཆོས་དད་རང་མོས་སྲུང་སྐྱོབ་ཐད་རྒྱ་ནག་དང་ལྷན་དུ་ཐད་ཀར་གླེང་སློང་བྱ་དགོས་པ། ༸རྒྱལ་བའི་སྐུའི་ཡང་སྲིད་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ཐེ་བྱུས་ལ་ངོས་ལེན་བྱ་རྒྱུ་མེད་པ། རྒྱ་གཞུང་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་འགན་ལེན་ཡོད་པ་བཟོ་རྒྱུ། རྒྱལ་སྤྱིའི་ཁྲིམས་སྒྲིག་འོག་རྒྱ་ནག་ལ་འགན་ལེན་ཡོད་པ་བཟོ་དགོས་པའི་འབོད་སྐུལ་ཞུས་འདུག
ལྷག་པར་སྲིད་གཞུང་དང་ཡོ་རོབ་མཐུན་ཚོགས། རྒྱལ་ཚོགས་བཅས་ལ་བོད་ནང་ཆོས་དད་རང་མོས་མེད་པར་ངོས་འཛིན་གྱིས། གནད་དོན་དེ་ནི་རྒྱ་ཆེ་བའི་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་ཡིན་པ་དང་། ༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་བསྐྱར་གསོ་བྱ་རྒྱུའི་གནོན་ཤུགས་སྤྲོད་དགོས་པ་ནན་བརྗོད་གནང་འདུག
གཞི་རྩའི་སྙན་ཐོ་དེས་བོད་ཀྱི་དགོན་སྡེ་ཁག་གི་སྲོལ་རྒྱུན་གྱི་ལམ་ལུགས་གསལ་སྟོན་དང་། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་སྒྲོམ་གཞི་རྩ་གཏོར་གཏོང་ཐབས། བོད་བརྒྱུད་ནང་བསྟན་ལ་ཇི་ལྟར་སྟངས་འཛིན་བྱེད་བཞིན་པ། ནང་པར་སྟངས་འཛིན། ལྷག་པར་དམར་ཤོག་ཚོགས་པའི་ཁྱད་ཆོས་ལྡན་པའི་ཡང་སྲིད་ངོས་འཛིན་དང་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་སྐབས་སུ་བོད་མིར་དབང་སྒྱུར་བྱ་རྒྱུའི་འོག་གྲབས། ཞི་ཅིན་ཕིང་གི་དུས་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་མི་རབས་གསར་སྐྲུན་བྱ་ཐབས་བཅས་པའི་ནང་གསེས་བརྗོད་གཞི་དོན་ཚན་དེ་དག་འཁོད་འདུག
ཨ་རི་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་དང་ནང་མི་སྐུ་འཁོར་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ་འདུག
ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ནང་མི་སྐུ་འཁོར་བཅས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག
དེ་ཡང་ཁ་ཉིན་ཟླ་ ༥ ཚེས་ ༡༧ ཉིན་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༣༡ ཧྲིལ་པོ་འཁོར་བ་དང་བསྟུན། ཁ་སང་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Thomas Tommy Pigott ལགས་ཀྱི་མཚན་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། དགུང་ལོ་ ༦ ལ་སོན་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་སྐུ་འཁོར་བཅས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཁོང་རྣམ་པ་གཙོས་པའི་གཞན་ཆོས་དད་ཀྱི་མིང་ཐོག་ནས་བཙན་ཁྲིད་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག
མ་ཟད་ཨ་རི་གཞུང་ངོས་ནས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པ་དང་། བོད་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གྱི་ཐོབ་ཐང་ཐད་རྒྱབ་སྐྱོར་ཡོད་པ་མ་ཟད། ཆོས་ལུགས་གཞན་ལ་ཡོད་པ་བཞིན་བོད་བརྒྱུད་ནང་བསྟན་ལའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸པཎ་ཆེན་རིན་པོ་ཆེ་ལྟ་བུར་མཚོན་པའི་རང་དབང་གི་ཐོག་ནས་སོ་སོའི་དབུ་ཁྲིད་བདམ་ཆོག་པའི་ཐོབ་ཐང་དགོས་པ་དང་གཞན་སུས་ཀྱང་གནད་དོན་དེའི་ཐད་ཐེ་བྱུས་བྱེད་མི་ཆོག་ཅེས་གསུངས་འདུག
རྩ་བའི་གནད་དོན་དེ་འབྲེལ་ཁ་ཉིན་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐེར་འདོན་གྱིས་ཉིན་མོ་དེ་ཉིད་སྲུང་བརྩི་ཞུས་ཡོད་པ་མ་ཟད། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་སྟེང་བོད་ཁྱིམ་དང་སུ་ཇ་བོད་ཁྱིམ་སོགས་ཁྱོན་བོད་སློབ་ ༡༣ གྱི་སློབ་ཕྲུག་རྣམས་ཀྱི་རི་མོ་འགྲེམས་སྟོན་གནང་ཡོད་ཅིང་། སྐབས་དེར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་ཀྱང་ཆེད་ཕེབས་གནང་ཡོད་པ་རེད།
༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་འབུར་བཏོན་ཐོག་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༣༡ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི།
ཁ་སང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་ ༣༡ ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པ་དང་བསྟུན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིའི་འདུ་སྡོད་ས་གནས་ཁག་ཏུ་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཐེར་འདོན་གྱིས་ཉིན་མོ་དེ་ཉིད་སྲུང་བརྩི་ཞུས་འདུག
དེ་ཡང་ཁ་སང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྡ་སྟེང་བོད་ཁྱིམ་དང་སུ་ཇ་བོད་ཁྱིམ་སོགས་ཁྱོན་བོད་སློབ་ ༡༣ གྱི་སློབ་ཕྲུག་རྣམས་ཀྱི་རི་མོ་འགྲེམས་སྟོན་གནང་ཡོད་ཅིང་། དེའི་ཐོག་ ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། འདི་གའི་གསར་འགོད་པས་༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་མཆོག་ལ་ཉིན་མོ་དེ་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། རྒྱ་ནག་གིས་བཀག་ཉར་འོག་ཡོད་པའི་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐོག་ཐུགས་འཚབ་དང་འབྲེལ། ༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་འདིའི་བརྒྱུད། བོད་ནང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་སྟོན་བྱེད་ཀྱི་ཡོད་པ་གསུངས་སོང་།
མ་ཟད། ༸པཎ་ཆེན་རིན་པོ་ཆེ་སྐུ་ཐོག་བཅུ་པ་མཆོག་གིས་སྐུ་ཚེའི་རིང་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་ཚད་མེད་སྐྱོན་གནང་ཡོད་པ་དང་། རྒྱའི་བཙན་གནོན་འོག་ཡང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབས་གནང་རྒྱུའི་ཐོག་སྐུ་ངལ་འཛེམས་མེད་གནང་ཡོད་པ་འགྲེལ་བརྗོད་དང་འབྲེལ། བོད་མི་རྒན་གཞོན་དར་གསུམ་གྱིས་༸པཎ་ཆེན་གོང་མའི་བཀའ་དྲིན་དྲན་པའི་ཐོག་ནས་ཧུར་ཐག་གནང་དགོས་གལ་ཆེ་བ་ཡིན་པ་གསུངས་སོང་།
ཕྱོགས་མཚུངས་ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་བཅས་ཐུན་མོང་གིས། རྡ་ས་མེག་གྷན་ཨེ་ཤི་ཡ་མགྲོན་ཁང་གི་ཐོག་བརྩེགས་བཞི་པ་ནས་ “ བྱིས་པ་ལོ་དྲུག་ལས་མ་ལོན་ཀྱང་ཆབ་སྲིད་དགོས་མཁོའི་འཛིན་བཟུང་བཙོན་འཇུག་བྱས་པ།” ཞེས་འཕྲད་དར་ཕི་ཊི་ ༢༠ བྱས་པ་ཞིག་འཕྱར་ཏེ་མེག་གྷན་འཁྲོམ་རར་ཡོད་པས་ཡུལ་འཁོར་སྤྲོ་མཆམ་པ་རྣམས་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་ངོ་སྤྲོད་དང་ཡིག་ཆ་འགྲེམས་སྤེལ་བརྒྱུད། རྒྱ་ནག་གཞུང་གི་ངོས་ནས་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་༸སྐུ་ན་ཕྲ་ཤོས་ཁོང་གང་མྱུར་བཙོན་གྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག
མ་ཟད། འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་སུ་ལས་འགུལ་དང་འབྲེལ་བཀའ་འདྲི་ཞུ་སྐབས་ཁོང་གིས། དེང་སྐབས་རྡ་རམ་ས་ལར་རྒྱལ་སྤྱིའི་སྙན་སྒྲགས་ཆེ་བའི་དབྱུག་རྩེད་ (Cricket) འགྲན་བསྡུར་གནང་གི་ཡོད་བས་དེ་རིང་ཉིན་འཁྱོངས་རིང་། རྒྱ་གར་དང་ཕྱི་རྒྱལ་ཡོངས་ནས་མི་འཁྲི་ཚོ་མང་པོར་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ལོ་རྒྱུས་དང་ད་ལྟའི་ཆར་སྐུ་ཉིད་མཆོག་གི་གནས་སྟངས་དང་འབྲེལ་རྒྱ་གཞུང་གིས་གསལ་ཁ་གང་ཡང་བྱེད་ཀྱི་མེད་པའི་སྐོར་གོ་རྟོགས་སྤེལ་ཡོད་པ་དང་ཆབས་ཅིག རྒྱ་ནག་གཞུང་གིས་ད་བར་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་སྐུ་འཁོར་རྣམས་བཙན་ཁྲིད་ཀྱིས་ལོ་ངོ་ ༣༠ རིང་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་འདི་ནི། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་ཀྱི་རང་དབང་རྡོག་རོལ་བཏང་བ་ཙམ་ཞིག་མིན་པར། བོད་མི་རྣམས་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ཐོབ་ཐང་དང་རང་དབང་འཕྲོག་པའི་གནད་དོན་ཞིག་ཡིན་པས།
རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བདེན་པར་རྒྱབ་སྐྱོར་གནང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ལ་རྒྱ་ནག་ལ་འདྲི་རྩད་བྱེད་དགོས་པ་དང་། ལྷག་པར་དུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་སྐུ་འཁོར་རྣམས་གར་ཡོད་ཇི་བྱུང་གི་གནས་སྟངས་ཐད་དོན་ཕན་ལྡན་པའི་གསལ་བཤད་དང་ཁོང་རྣམས་གློད་བཀྲོལ་མ་གཏང་བར་དུ་རྒྱ་ནག་གཞུང་ལ་དེ་དོན་གནོན་ཤུགས་སྤྲད་དགོས་གལ་ཡིན་པ་གསུངས་སོང་།
ཡང་རྒྱལ་ས་ལྡི་ལིའི་ Jantar Mantar ཁུལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་སེར་སྐྱ་ཕོ་མོ་གྲངས་ ༡༠༠ ལྷག་འདུ་འཛོམས་ཀྱིས། ༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག་ཅིང་། བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དང་། འཛམ་གླིང་ནང་ཆོས་ལུགས་དམ་བསྒྲགས་ཀྱི་གནད་དོན་ལ་འཛམ་གླིང་ཡོངས་ནས་ཐུགས་འཚབ་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་གྱིས། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག་ལ། ཕྱི་དྲོར་ལྡི་ལི་དང་རྡ་རམ་ས་ལར་བོད་ཀྱི་བུད་མེད་ལྷན་ཚོགས་དབུས་ས་གཉིས་ཀྱིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག
དེ་བཞིན་ཨ་རི་དང་སུད་སི། France གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཀྱང་ས་གནས་སུ་ཡོད་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། རྒྱ་ནག་གཞུང་ཚབ་ཡན་ལག་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་འབྲེལ། གང་ཟག་སུ་འདྲ་ཞིག་ཡིན་རུང་ལོ་སུམ་ཅུའི་རིང་དབང་ཤེད་ཀྱིས་གར་སོང་ཆ་མེད་གཏོང་བ་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་སོགས་རྒྱལ་སྤྱིའི་རྩ་ཁྲིམས་ཡོངས་རྫོགས་ལ་བརྙས་བཅོས་ཚབས་ཆེན་ཞིག་ཆགས་ཀྱི་ཡོད་པས། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁག་ལ་གུས་བརྩི་ཞུས་པའི་ཐོག་ནས་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཀྱི་གནས་སྟངས་དང་། སྐུ་ཉིད་ཀྱི་སྐུ་གཟུགས་བདེ་ཐང་ཡིན་མིན་གྱི་གནས་བབ་ཐད་ཁུངས་སྐྱེལ་ར་སྤྲོད་མྱུར་དུ་དགོས་པའི་ནན་སྐུལ་དང་སྦྲགས། བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་ལ་རྒྱ་གཞུང་ནས་ཐེ་གཏོགས་མཚམས་འཇོག་དགོས་པའི་ཞི་རྒོལ་གནང་འདུག
བཞུགས་སྒར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་གོ་སྒྲིག་འོག་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི།
དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་། རྡ་ས་ས་གནས་གཞོན་ནུ་གཉིས་ཀྱིས་ཉིན་མོ་དེ་བཞིན་སྲུང་བརྩི་གཟབ་རྒྱས་ཞུས་སོང་།
དེ་ཡང་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ ཙམ་དུ་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་གྱི་སྤྲི་གོར་བགོ་འགྲེམས་དང་འབྲེལ། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་ཐོག་སྩལ་བའི་བཀའ་སློབ་དང་མཛད་རྗེས་ཁག་གཅིག་ཟུར་བཏོན་གྱིས། བོད་ཀྱི་སྐད་ཡིག་དང་༸པཎ་ཆེན་བཅུ་པ་ཆེན་པོ་ཞེས་པའི་ཆེད་སྒྲིག་གིི་གློག་བརྙན་ཐུང་ངུ་ཞིག་གཟིགས་འབུལ་ཞུས་སོང་བ་དང་། སྐབས་དེར་སྐུ་མགྲོན་དུ་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་གཙོས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་མི་ཉུང་བ་ཞིག་ནས་མཉམ་ཞུགས་གནང་སོང་།
དེ་འབྲེལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་ལགས་ཀྱིས་གསུངས་དོན་དུ། ལོ་ལྟར་བོད་ཀྱི་བུད་མེད་ལྷན་ཚོགས་ངོས་ནས་ཉིན་མོ་དེ་བཞིན་སྲུང་བརྩི་ཞུ་བཞིན་པ་དེ་ལྟར་ཡང་། འདི་ལོ་དམིགས་བསལ་གྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་ཐོག་བཞག་གནང་མཛད་པའི་མཛད་རྗེས་ཁག་བརྙན་ཐུང་བརྒྱུད་འགྲེམས་སྤེལ་གནང་ཡིན་སྐོར་གསལ་སྟོན་གནང་ཐོག ཉིན་མོ་དེའི་བརྒྱུད་རྒྱ་གཞུང་ལ་ཁྱེད་ཚོའི་སྲིད་བྱུས་གང་འདྲ་ཞིག་སྤེལ་གྱི་ཡོད་ནའང་ང་ཚོ་བོད་མི་རིགས་དེར་ནམ་ཡང་ཞུམ་པ་རྩ་བ་ནས་མེད་པའི་བརྡ་ལན་གནང་སོང་།
དེའི་བར་ན་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཡོལ་ཙམ་ལ་རྡ་ས་ས་གནས་གཞོན་ནུའི་ངོས་ནས་དེ་རིང་གི་ཉིན་མོ་དང་བསྟུན་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ། ཁུལ་དེའི་ས་གནས་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་ཚུལ་ཇི་ཡིན་ངོ་སྤྲོད་དང་། ཡིག་ཆ་འགྲེམ་སྤེལ་བརྒྱུད་སྲུང་བརྩི་ཞུས་གནང་སོང་། དེ་འབྲེལ་རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོ་རང་བཙན་དོན་གྲུབ་ལགས་ཀྱིས། དེ་རིང་རྡ་ས་ས་གནས་གཞོན་ནུའི་ངོས་ནས་མངར་ཟས་བགོ་འགྲེམས་བརྒྱུད་ཉིན་མོ་དེ་བཞིན་སྲུང་བརྩི་ཞུ་དགོས་དོན་གཙོ་བི་ནི། རྩ་བའི་བོད་མི་ཡོད་དོ་ཅོག་གིས་༸པཎ་ཆེན་སྐོར་ཤེས་རྟོགས་ཡོད་པ་དེ་ལྟར་ཡང་། གཙོ་བོ་རྒྱ་གར་བ་གཙོས་པའི་མི་རིགས་གཞན་རྣམས་ཀྱིས་དེ་འབྲེལ་ཤེས་རྟོགས་དགོས་པ་གལ་ཆེན་ཡིན་པས་ལས་འགུལ་དེ་ལྟར་སྤེལ་ཡིན་ཅེས་འགྲེལ་བརྗོད་གནང་སོང་།
རྩ་བའི་དེ་རིང་གི་ཉིན་མོ་དེར་བཞུགས་སྒར་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་ཁྲོད་བོད་མིས་གཙོས་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་གོ་རྟོགས་སྤེལ་ཆེད་མངར་བཟས་བགོ་འགྲེམས་དང་། རྒྱང་རྒྱུག་འགྲན་སྡུར། དེ་བཞིན་དྲིལ་བསྒྲགས་ལས་འགུལ་སོགས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་བཞིན་ཡོད་པ་ལྟར། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་མཚོན་ན་དེ་རིང་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་ནས་ཉིན་མོ་དེ་བཞིན་སྲུང་བརྩི་ཞུས་ཡོད་པ་དང་། མཛད་སྒོ་དེའི་ཐོག་ཆེད་མངགས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ཚོགས་གཙོ་བཅས་ཕེབས་ཡོད་པ་རེད།
ཨ་ཀྱཱ་རིན་པོ་ཆེ་མཆོག་ནས་རྒྱ་ནག་གིས་དེ་སྔ་༸པཎ་ཆེན་ཡང་སྲིད་ངོས་འཛིན་སྐབས་ཇུས་ངན་བཏིང་ཡོད་པ་ཐེར་འདོན།
སང་ཉིན་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པ་དང་། ༸པཎ་ཆེན་རིན་པོ་ཆེ་དེ་སྔ་རྒྱ་ནག་གིས་འཛིན་བཟུང་མ་བྱས་གོང་གི་གནས་ཚུལ་སྐོར་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་༸སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་ཉེ་ལམ་བཞུགས་སྒར་དུ་ཕེབས་པ་དང་བསྟུན། འདི་གའི་གསར་ཁང་གི་བཅར་འདྲིར་དང་ལེན་ཁྲོད། རྒྱ་ནག་གིས་དེ་སྔ་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གྱི་གསེར་འབུམ་དཀྲུག་པའི་བྱ་འགུལ་དེ་ཉིད་མང་ཚོགས་ཀྱི་སེམས་བཀུག་ཡག་གི་འཁྲབ་སྟོན་ཙམ་ལས་གཙོ་བོ་དབང་ཆ་འཕྲོག་ཆེད་དུ་ཇུས་ངན་སྤེལ་བ་ཞིག་ཡིན་པ་གསུངས་སོང་།
རྩ་བའི་རང་ལོ་ ༣༧ ལ་སོན་པའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༩༥ ལོར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གིས་དེར་ངོས་ལེན་མེད་ཚུལ་གྱིས་ཇུས་ངན་ཁྲོད་རིན་པོ་ཆེ་མཆོག་དང་ནང་མི་སྐུ་འཁོར་བཅས་པ་འཛིན་བཟུང་གིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དུས་དེ་ནས་བཟུང་༸པཎ་ཆེན་རིན་པོ་ཆེའི་འབྲེལ་ཡོད་འབྲེལ་ཆགས་དང་བོད་མིའི་སྒྲིག་འཛུགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དུས་ནས་དུས་སུ་ཆུང་སྲིད་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་བར་ལས་འགུལ་སྣ་མང་སྤེལ་བའི་ཐོག་སེམས་འཚབ་གསལ་སྟོན་དང་འབྲེལ། རྒྱ་གཞུང་ནས་༸རིན་པོ་ཆེ་མཆོག་གར་ཡོད་ཀྱི་གནས་སྟངས་ཕྱི་གསལ་ནང་གསལ་གྱིས་ཕྱིར་བསྒྲགས་དགོས་པའི་ནན་སྐུལ་རབ་དང་རིམ་པ་གནང་དང་གནང་མུས་ཡིན་པ་རེད།
ཨ་ཀྱཱ་རིན་པོ་ཆེ་མཆོག་ནི་སྐུ་འབུམ་དགོན་པའི་དགོན་བདག་དང་། དེ་སྔ་རྒྱ་ནག་གིས་༸པཎ་ཆེན་ཡང་སྲིད་ངོས་འཛིན་ཁྲོད་རྐང་བཙུགས་ཆེད་འཛུགས་བྱས་པའི་༸པཎ་ཆེན་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་ཁོངས་ནས་གཅིག་ཡིན་པས། འདི་གའི་གསར་ཁང་གི་དམིགས་བསལ་བཅར་འདྲིའི་ནང་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ད་དུང་། དེ་སྔ་རྒྱ་གཞུང་གིས་གསེར་འབུམ་དཀྲུག་པའི་མཛད་སྒོའི་དེའི་ཐོག་གསེར་འབུམ་ནང་ཡང་སྲིད་ཀྱི་མཚན་ཐོ་འཁོད་པའི་བ་སོ་ཐུར་མ་གསུམ་ཡོད་པ་དེའི་ནང་ནས་གཅིག་དམིགས་སུ་བཀར་ཏེ་རིང་བ་བཞག་ཡོད་པ་དང་། དེ་ནས་སྐབས་དེའི་བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཇི་ལྟར་རྒྱ་གཞུང་གིས་བཀོད་མངགས་བཞིན་ཁོང་གིས་བ་སོ་ཐུར་མ་རིང་བ་དེ་རང་འདེམས་ཡོད་པ་མངོན་གསལ་གནང་སོང་ལ། མཛད་སྒོ་གྲུབ་རྗེས་ཨ་ཀྱཱ་རིན་པོ་ཆེ་མཆོག་མཁའ་ལམ་བརྒྱུད་པེ་ཅིང་དུ་ཕྱིར་ལོག་སྐབས་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་གཅིག་ནས་གསེར་འབུམ་དཀྲུག་སྐབས་རྒྱལ་མཚན་ནོར་བུའི་མཚན་ཐོ་འཁོད་པའི་བ་སོ་ཐུར་མ་རིང་བ་དེ་རྐང་བཙུགས་དེའི་ནང་བཞག་ཡིན་ཅེས་གསང་བ་བསྒྲགས་ཡོད་སྐོར་གསུངས་སོང་།
བཅར་འདྲིའི་ཁྲོད་ཨ་ཀྱཱ་རིན་པོ་ཆེ་མཆོག་གིས་ལྷག་པར་དུ་དངོས་ཡོད་གནས་ཚུལ་ལ་ད་ལྟའི་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་ བགྲེས་པོ་ཕེབས་ཡོད་སྟབས། ང་ཚོ་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཡོངས་ནས་རང་མི་རིགས་ཀྱི་རིག་གཞུང་དང་གོམས་གཤིས་ཇི་ལྟར་སྲུང་སྐྱོབ་གནང་དགོས་མིན་ཐད་ཐུགས་བསམ་ཡག་པོ་བཞེས་དགོས་གལ་གྱི་དུས་ལ་བབས་ཡོད་པ་གསུངས་སོང་བ་མ་ཟད། ནམ་ཞིག་༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་གཉིས་ཡོང་ངེས་ཡིན་པས་གཉན་འཕྲང་གི་དུས་སྐབས་དེར། ང་ཚོར་རེ་བ་ཡོད་པ་དེ་ལྟར་ཡང་། གཙོ་ཆེ་ཤོས་༸མགོན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོ་སྐུ་ལས་བསྐྱོན་པ་དེ་སྲུང་སྐྱོབ་དང་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་ལ་ཤར་སྐྱོད་ཀྱིས་ཕན་ཚུན་མཐུན་སྒྲིལ་གནང་དགོས་གལ་ཡིན་པ་གསུངས་སོང་།
ཨ་ཀྱཱ་རིན་པོ་ཆེ་མཆོག་དང་ལྷན་དུ་བཅར་འདྲི་ཞུས་པའི་ལས་རིམ་རྒྱས་པ་ཆ་ཚང་སང་ཉིན་ཕྱི་ཚེས་ ༢༥ ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་གྱི་ཉིན་མོར་འདི་གའི་གསར་ཁང་གི་བརྒྱུད་ལམ་ཁག་ཏུ་རྒྱང་སྲིང་ཞུ་རྒྱུ་ཡིན་པས་དེ་དོན་གསན་གཟིགས་གནང་སྐྱོང་ཡོང་བ་ཞུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་བདེ་བར་འབྱོར་བ།
ཁ་སང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༤ པ་ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་གྲངས་དྲུག་བཅུ་ལྷག་ཡོད་པའི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་འབྱོར་སོང་བ་དང་། ས་ཐག་ཀི་ལོ་མི་ཀྲར་ ༦༠༠ ཙམ་གྱི་རྐང་འགྲུལ་གནང་མཁན་ཚོར་བོད་སྒར་བསམ་ཡས་གླིང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་སོང་།
https://www.youtube.com/watch?v=iM9z8Z_qVsg
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་ལས་འགུལ་བ་ཚོས་ཉིན་གྲངས་ ༢༣ རིང་རྒྱ་གར་བྱང་ཁུལ་གྱི་ ཧི་མ་ཅལ་དང་། པན་ཇབ། ཧ་རི་ཡ་ན། ལྡི་ལི་བཅས་མངའ་སྡེ་ཁག་བཞི་བརྒྱུད་དེ་ཁ་སང་དངོས་སུ་རྒྱལ་ས་ལྡི་ལིར་འབྱོར་བ་ཞིག་ཡིན་པ་དང་། ལམ་བར་དུ་ལས་འགུལ་བ་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་གཙོས་པའི། རྒྱ་ནག་གཞུང་གི་ངོས་ནས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་མཚམས་འཇོགས་དགོས་པ་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། བོད་ཀྱི་ཁོར་ཡུག་ལ་བདག་གཅེས་དང་། རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་ཞུ་བ་བཅས་དགོས་འདུན་དོན་ཚན་བཞི་ཡོད་པ་དེ་དག་གསར་འགྱུར་བརྒྱུད་ལམ་ལ་དྲིལ་བསྒྲགས་དང་། ཡིག་ཆ་འགྲེམས་སྤེལ། ཕན་ཚུན་གདོང་དང་གདོང་ཐུག་སྟེ་ངོ་སྤྲོད་གནང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསུང་དོན་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྦྱིན་རླབས་འོག་ནས། ད་རེས་ཀྱི་ལས་འགུལ་དེར་ས་གནས་ཡུལ་མི་དང་གསར་ཁང་སོགས་ཀྱི་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད་འདུག
གཞི་རྩའི་ད་རེས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་དེ་ཉེ་སྔོན་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་། མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་མཚམས་འཇོག་དགོས་པའི་འབོད་ཚིག་འོག ལས་འགུལ་དེའི་ནང་བཙན་བྱོལ་དུ་གནས་པའི་ས་གནས་ཁག་ ༢༠ ལྷག་ནས་བོད་མི་རྒན་གཞོན་གྲངས་ ༦༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་། ལས་འགུལ་བའི་ཁོངས་ནས་དགུང་ལོ་བགྲེས་ཤོས་དེ་འབྲས་ལྗོངས་ནས་ཡིན་པའི་ཨ་ལྕག་སྤེན་པ་ལགས་རེད་འདུག
བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་ཐང་སྟེང་དུ་འཚོགས་པའི་ཁ་སང་གི་སྣེ་ལེན་མཛད་སྒོ་དེའི་ཐོག་ད་དུང་། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་གི་སྐུ་ཚབ་ངོས་ནས་བོད་མིའི་ལས་འགུལ་དེར་རྒྱབ་སྐྱོར་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུང་པ་ལྟར་ན། སང་ཉིན་ཡང་བསྐྱར་ལས་འགུལ་བ་ཚོས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གཅིག་ཐུག་འཕྲད་གནང་རྒྱུ་མ་ཟད། གནངས་ཉིན་ད་དུང་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ཏེ་ཁོང་ཚོའི་གོམ་བགྲོད་དེའི་དགོས་འདུན་གི་ཞུ་སྙན་ཕུལ་རྒྱུ་རེད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པའི་འཁྲུངས་སྐར་མཛད་སྒོ་གཟབ་རྒྱས་འཚོག་རྒྱུ།
བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་གཙོས་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་ལས་འགུལ་རྣམ་པ་འདྲ་མིན་ཐོག་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་མ་ཟད། གདན་ས་བཀྲིས་ལྷུན་པོའི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཡེ་ཤེས་དབང་མོ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་གནང་རྒྱུ་རེད་འདུག
དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༧ བར་ཉིན་གྲངས་ལྔའི་རིང་དྷ་ས་ནས་ལྡི་ལི་བརྒྱུད་སྦེལ་ཀོབ་ཏུ་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་ནས་མགྲོན་འབོད་ལྟར། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཕེབས་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུའི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད་འདུག
དེ་བཞིན་དྲྭ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཡེ་ཤེས་དབང་མོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀྱང་ལྷོ་ཕྱོགས་སྤེལ་ཀོབ་ཏུ་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༢༥ ཉིན་གྱི་འཁྲུངས་སྐར་མཛད་སྒོའི་ཐོག་ལྷན་བཞུགས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག
གཞི་རྩའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་དགུང་ལོ་ ༦ སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པ་དེ་ལྟར་ཡང་། ཉིན་གསུམ་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་འཛིན་བཟུང་གིས་འཛམ་གླིང་ཁྲོད་ཀྱི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར་ཡོད་པ་དང་། བོད་མི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་ལ་ལྟོས་མེད་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་པེ་ཅིང་དུ་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་ལས། ད་བར་སྐུ་ཉིད་ཀྱི་གནས་སྟངས་སྐོར་ལ་འགྲེལ་བརྗོད་རྩ་བ་ནས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད།
སྔ་ལོའི་ཕྱི་ཟླ་ ༡༡ ནང་ National Endowment for Democracy ཞེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས། ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པ་ཆེ་མཆོག་ལ་ཕྱི་ལོ་ ༢༠༢༥ ལོའི་ Democracy Service Award འམ་དམངས་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ་ཡོད་པ་དང་། གཟེངས་རྟགས་དེ་ཉིད་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟི་རྒྱབ་རིན་པོ་ཆེ་མཆོག་གིས་བཞེས་སྐབས། གཟེངས་རྟགས་དེ་ནི་བོད་ཀྱི་འཐབ་རྩོད་དང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་སྟངས་འཛིན་མེད་པར་ཆོས་ལུགས་སོ་སོའི་དབུ་ཁྲིད་ཀྱི་ཡང་སྲིད་འདེམས་རྒྱུའི་ཐོབ་ཐང་ལ་ཆེ་བསྟོད་མཚོན་བྱེད་ཞིག་ཡིན་པ་གསུངས་ཡོད།
མ་ཟད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཆེའི་དུས་ཚིགས་འདི་དང་བསྟུན། དམིགས་བསལ་གསུང་འཕྲིན་ཞིག་སྩལ་བའི་ནང་དུ། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་དེ་སྔ་བོད་གཞི་བྱེས་མང་ཚོགས་ནས་༸གང་ཉིད་མཆོག་ལ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་མཛད་རྒྱུའི་རེ་བ་བཅངས་པ་བཞིན་སྐབས་དེའི་ཆབ་སྲིད་གནས་བབ་ལ་གཞིགས་ཏེ་༸མགོན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་དུ་དེའི་ཐོག་མཉམ་ལས་གང་ཐུབ་གནང་ཡོད་པ་བཀའ་སྩལ་བ་མ་ཟད།
༸པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གིས་དཀའ་སྡུག་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས་ཁེལ་ཡང་། རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གཙོས་པའི་བོད་མི་དང་བོད་དོན་སླད་དུ་མཛད་པ་རླབས་ཆེན་བསྐྱངས་ཡོད་པ་ལྟར། མཛད་རྗེས་དེ་དག་རྒྱུན་འཛིན་སླད་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་སྐུ་ཕྲེང་ ༡༡ པའི་ཡང་སྲིད་ངོས་འཛིན་གནང་བའི་སྐབས་སུ། མགོན་པོ་༸གང་ཉིད་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་ཁོང་སྐུ་ཚེ་རིང་ཞིང་ལམ་ལྷོང་ལྡན་པ་ཡོང་པ་གནང་དགོས་གལ་ཡིན་པའི་བཀའ་སློབ་སྩལ་ཡང་། ཁོང་ལ་མི་གཞན་བཞིན་ཚར་ལོངས་གནང་རྒྱུའི་གོ་སྐབས་བྱུང་མེད་པ་དེ་ལྟར་ཡང་། ༸གང་ཉིད་མཆོག་ནས་དུས་རྟག་ཏུ་བདེན་པའི་སྟོབས་ཤུགས་ལ་ཐུགས་ཡིད་ཆེས་མཛད་བཞིན་པ་ལྟར། ཕུགས་རྒྱང་རིང་པོར་བདེན་པར་རྒྱལ་ཁ་ཐོབ་ངེས་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ཆེ་མཐོང་དང་རང་དབང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་ཡོད་པ་རེད།
༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩི།
ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྡ་ས་ས་གནས་འགོ་འཛིན་ཚོགས་ཁང་དུ། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམས་ནས་ལོ་ངོ་ ༣༧ འཁོར་བའི་ཉིན་མོ་དང་བསྟུན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་བོད་ཀྱི་སྐད་ཡིག་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཞིག་སྐོང་འཚོགས་གནང་སོང་།
སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་བློ་བཟང་ལགས་ཀྱི་གཙོ་སྐྱོང་འོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་དང་། དགའ་ལྡན་ཕོ་བྲང་གི་ལས་བྱེད་འབུམ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས། བོད་ཀྱི་ཤེས་ཡོན་སློབ་གསོའི་སློབ་སྟོན་པ་དང་བོད་དོན་འཐབ་རྩོད་པ་འབུམ་རམས་པ་རྒྱལ་ལོ་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ངག་དབང་འོད་འབར་ལགས་ཀྱིས་བཅས་ཀྱིས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བོད་ཀྱི་ཆོས་དང་ཆབ་སྲིད། རིག་གནས་གསུམ་གྱི་ཐོག་མཛད་རྗེས་ཇི་ལྟར་བཞག་པའི་ཐོག་གསུང་བཤད་གནང་སོང་།
དེའང་གཏམ་བཤད་པ་རྣམས་ཀྱིས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་། འཐབ་རྩོད། ཆབ་སྲིད་སོགས་ཀྱི་ཐོག་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་མི་སྣ་ཞིག་ཡིན་པ་ནན་བཤད་གནང་བ་མ་ཟད། རིན་པོ་ཆེ་དམ་པ་དེ་ཉིད་རྒྱ་ནག་གི་ཇི་ལྟར་བཀྲོངས་ཚུལ་བཅས་མངོན་གསལ་གནང་སོང་། མ་ཟད་སྐབས་དེར་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས། ཕྱི་ལོ་ ༡༩༨༩ ལོར་༸ཀུན་གཟིགས༸པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཡིག་སྦྱོང་རྒྱུ་ནི་རང་གི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། ཕན་ཐོགས་རུང་མ་ཐོགས་རུང་ཅི་ནས་ཀྱང་བོད་ཡིག་སྦྱོང་དགོས། བོད་རིགས་ས་ཁུལ་དུ་བོད་སྐད་མི་ཤོད་པ་དང་བོད་ཡིག་མ་བཀོལ་ན། ས་འདི་ནས་བོད་རིགས་ཞེས་པའི་མི་རིགས་འདི་རང་ཤུགས་སུ་རྩ་མེད་འགྲོ་ངེས་ཡིན། དེར་བརྟེན་ཁྱོད་ཚོས་རང་མི་རིགས་གི་སྐད་ཡིག་དང་རིག་གནས་རྒྱུན་འཛིན་གོང་འཕེལ་གཏོང་རྒྱུ་དེ་བྱ་བ་གལ་ཆེན་ཞིག་ཏུ་བརྩི་དགོས་ཞེས་བཀའ་གནང་བ་ལུང་འདྲེན་དང་སྦྲགས། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་མཆོག་གིས་སྐུ་ཚེ་ཡོངས་རྫོགས་བོད་ཀྱི་ཆེད་དུ་གཏོང་བ་རེད་ཅེས་གསུངས་སོང་།
མཛད་སྒོ་གྲུབ་མཚམས་སུ་འདི་ག་རླུང་འཕྲིན་ཁང་གིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ལ་གལ་འགངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། བོད་ནང་གི་བོད་མི་ཚོར་རྒྱ་ནག་གཞུང་གིས་བཙན་དབང་གིས་རང་ཉིད་ཀྱི་སྐད་ཡིག་ལ་སློབ་སྦྱོང་གནང་རྒྱུའི་གོ་སྐབས་མེད་པ་བཟོ་བཞིན་པའི་གནས་སྟངས་ཤིག་ཡིན་སྟབས། བཙན་བྱོལ་ནང་དུ་བཞུགས་པའི་བོད་མི་རྣམས་ཀྱི་བོད་ཀྱི་སྐད་ཡིག་སོགས་ལ་བདག་ཉར་བྱེད་རྒྱུ་གལ་ཆེ་ཡིན་པ་གསུངས་གནང་སོང་།
རྩ་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་བོད་གཙང་བཀྲིས་ལྷུན་པོའི་གདན་ས་རུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་གནས་སྟངས་བྱུང་ཡོད་པ་མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཡོངས་རྫོགས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་ཆེད་དུ་གཏོང་བར་བརྟེན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་གྲོས་གཞི་དོན་ཚན་ ༤ པ་ག་པའི་གྲོས་ཆོད་དང་པོའི་ནང་བོད་ཕྱི་ནང་གི་རྒྱལ་སྤྱི་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་གྲུབ་ཆེད་དུ་གཞོན་ནུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ཏུ་གྲུབ་པའི་བོད་ཀྱི་སྐད་ཡིག་ཉིན་མོ་ཞིག་གཏན་འབེབས་དང་། འདི་ཉིན་ས་གནས་གཞོན་ནུ་ཁག་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ལས་འགུལ་སྤེལ་ཏེ། ཡོངས་ཁྱབ་སྲུང་བརྩི་བྱ་རྒྱུ་ཞེས་ཡོངས་ཁྱབ་གཏན་འབེབས་བྱུང་དོན་ལྟར། ཕྱི་ལོ་ ༢༠༡༨ ལོའི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པས་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆགས་འཇིག་དང་གཉན་ཕྲང་གི་དུས་སྐབས་དེར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་རླབས་ཆེན་གྱི་མཛད་རྗེས་འཇོག་གནང་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་བརྟེན། ལོ་ལྟར་ཟླ་ ༡ ཚེས་ ༢༩ དེ་བཞིན་བོད་ཀྱི་སྐད་ཡིག་ཉིན་མོ་ཞེས་གཏན་འབེབས་གནང་ཡོད་པ་རེད།




