བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པའི་འཁྲུངས་སྐར་མཛད་སྒོ་གཟབ་རྒྱས་འཚོག་རྒྱུ།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

བདུན་ཕྲག་འདིའི་རེས་གཟའ་སྤེན་པ་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་མོ་དེ་ནི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་སྟབས། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་གཙོས་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་ལས་འགུལ་རྣམ་པ་འདྲ་མིན་ཐོག་ཉིན་མོ་དེ་སྲུང་བརྩི་ཞུ་རྒྱུ་མ་ཟད། གདན་ས་བཀྲིས་ལྷུན་པོའི་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཡེ་ཤེས་དབང་མོ་མཆོག དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་གནང་རྒྱུ་རེད་འདུག

དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་བ་འདིའི་ཚེས་ ༢༣ ནས་ ༢༧ བར་ཉིན་གྲངས་ལྔའི་རིང་དྷ་ས་ནས་ལྡི་ལི་བརྒྱུད་སྦེལ་ཀོབ་ཏུ་གདན་ས་བཀྲ་ཤིས་ལྷུན་པོའི་རིག་གཞུང་འཛིན་སྐྱོང་བླ་སྤྱི་ལྷན་ཁང་ནས་མགྲོན་འབོད་ལྟར། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཕེབས་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུའི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་རེད་འདུག

དེ་བཞིན་དྲྭ་གནས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཡེ་ཤེས་དབང་མོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀྱང་ལྷོ་ཕྱོགས་སྤེལ་ཀོབ་ཏུ་ཆེད་ཕེབས་ཀྱིས་ཕྱི་ཚེས་ ༢༥ ཉིན་གྱི་འཁྲུངས་སྐར་མཛད་སྒོའི་ཐོག་ལྷན་བཞུགས་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་འདུག

གཞི་རྩའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་དགུང་ལོ་ ༦ སྐབས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད་པ་དེ་ལྟར་ཡང་། ཉིན་གསུམ་རྗེས་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་འཛིན་བཟུང་གིས་འཛམ་གླིང་ཁྲོད་ཀྱི་ཆབ་སྲིད་བཙོན་པ་ཆུང་ཤོས་སུ་གྱུར་ཡོད་པ་དང་། བོད་མི་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་གནོན་ཤུགས་ལ་ལྟོས་མེད་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་པེ་ཅིང་དུ་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་ལས། ད་བར་སྐུ་ཉིད་ཀྱི་གནས་སྟངས་སྐོར་ལ་འགྲེལ་བརྗོད་རྩ་བ་ནས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད།

NED Honors 11th Panchen Lama, Abducted by China, with Democracy Service Medal

སྔ་ལོའི་ཕྱི་ཟླ་ ༡༡ ནང་ National Endowment for Democracy ཞེས་ཨ་རིའི་རྒྱལ་ཡོངས་དམངས་གཙོ་འཕེལ་རྒྱས་བསྟི་གནས་ཁང་གིས། ༸པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པ་ཆེ་མཆོག་ལ་ཕྱི་ལོ་ ༢༠༢༥ ལོའི་ Democracy Service Award འམ་དམངས་གཙོ་ཞབས་ཞུའི་གཟེངས་རྟགས་ཕུལ་ཡོད་པ་དང་།  གཟེངས་རྟགས་དེ་ཉིད་བྱེས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟི་རྒྱབ་རིན་པོ་ཆེ་མཆོག་གིས་བཞེས་སྐབས། གཟེངས་རྟགས་དེ་ནི་བོད་ཀྱི་འཐབ་རྩོད་དང་མི་གཅིག་དབང་སྒྱུར་རིང་ལུགས་ཀྱི་སྟངས་འཛིན་མེད་པར་ཆོས་ལུགས་སོ་སོའི་དབུ་ཁྲིད་ཀྱི་ཡང་སྲིད་འདེམས་རྒྱུའི་ཐོབ་ཐང་ལ་ཆེ་བསྟོད་མཚོན་བྱེད་ཞིག་ཡིན་པ་གསུངས་ཡོད།

མ་ཟད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གལ་ཆེའི་དུས་ཚིགས་འདི་དང་བསྟུན། དམིགས་བསལ་གསུང་འཕྲིན་ཞིག་སྩལ་བའི་ནང་དུ། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་དེ་སྔ་བོད་གཞི་བྱེས་མང་ཚོགས་ནས་༸གང་ཉིད་མཆོག་ལ་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་མཛད་རྒྱུའི་རེ་བ་བཅངས་པ་བཞིན་སྐབས་དེའི་ཆབ་སྲིད་གནས་བབ་ལ་གཞིགས་ཏེ་༸མགོན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་དུ་དེའི་ཐོག་མཉམ་ལས་གང་ཐུབ་གནང་ཡོད་པ་བཀའ་སྩལ་བ་མ་ཟད།

༸པཎ་ཆེན་སྐུ་ཕྲེང་ ༡༠ པ་མཆོག་གིས་དཀའ་སྡུག་ལྡན་པའི་མི་ཚེ་ཞིག་བསྐྱལ་དགོས་ཁེལ་ཡང་། རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གཙོས་པའི་བོད་མི་དང་བོད་དོན་སླད་དུ་མཛད་པ་རླབས་ཆེན་བསྐྱངས་ཡོད་པ་ལྟར། མཛད་རྗེས་དེ་དག་རྒྱུན་འཛིན་སླད་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་སྐུ་ཕྲེང་ ༡༡ པའི་ཡང་སྲིད་ངོས་འཛིན་གནང་བའི་སྐབས་སུ། མགོན་པོ་༸གང་ཉིད་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་ཁོང་སྐུ་ཚེ་རིང་ཞིང་ལམ་ལྷོང་ལྡན་པ་ཡོང་པ་གནང་དགོས་གལ་ཡིན་པའི་བཀའ་སློབ་སྩལ་ཡང་། ཁོང་ལ་མི་གཞན་བཞིན་ཚར་ལོངས་གནང་རྒྱུའི་གོ་སྐབས་བྱུང་མེད་པ་དེ་ལྟར་ཡང་། ༸གང་ཉིད་མཆོག་ནས་དུས་རྟག་ཏུ་བདེན་པའི་སྟོབས་ཤུགས་ལ་ཐུགས་ཡིད་ཆེས་མཛད་བཞིན་པ་ལྟར། ཕུགས་རྒྱང་རིང་པོར་བདེན་པར་རྒྱལ་ཁ་ཐོབ་ངེས་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ཆེ་མཐོང་དང་རང་དབང་ལྡན་པའི་མི་ཚེ་ཞིག་སྐྱེལ་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་པ་བཀའ་སྩལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།