Tibetan Royal Year of 2151 | Year of the Wood Dragon

ཁེ་ན་ཌའི་གྲོས་ཚོགས་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་སྤྱོ་མོས་གཏན་འབེབས།

Tibetan News Headlines

  • Tibetans remember victims of China’s torture on UN International Day Against Torture
  • China disregards key human rights recommendations in latest UN review
  • US and India work together to foil China’s plan to handpick the next Dalai Lama
  • Feature : His Holiness the Dalai Lama’s speech during long-life prayer ceremony

རེས་གཟའ་ལྷག་པ། ༢༠༢༤།༠༦།༢༦

  • རྒྱ་གཞུང་ལ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ནན་བརྗོད།
  • རྒྱ་གཞུང་ནས་རྒྱལ་ཚོགས་ཀྱི་བསྐྱར་ཞིབ་སྙན་ཐོའི་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་གི་དགོངས་འཆར་གཙོ་གྲས་ཁག་ལ་ངོས་ལེན་བྱས་མེད་པ།
  • མ་འོངས་རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱ་གར་དང་ཨ་རི་གཉིས་ནས་རྒྱ་ནག་གི་ངན་བྱུས་ལ་གདོང་ལེན་ཐད་མཉམ་ལས་བྱ་དགོས་པ་གསུངས་འདུག
  • བཀའ་སློབ་ལས་རིམ། ༸གོང་ས་མཆོག་གི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་བརྟན་བཞུགས་སྐབས་སྩལ་བའི་བཀའ་སློབ།

ཟླ་བ་འདིའི་ཚེས་ ༡༠ ཉིན་ཁེ་ན་ཌའི་གྲོས་ཚོགས་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་དང་། ལྷག་པར་རྒྱ་གཞུང་ནས་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་དབང་མེད་ཅེས་འཁོད་པའི་གྲོས་ཆོད་སྤྱི་མོས་ཀྱི་གཏན་འབེབས་བྱུང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་དགའ་ཚོར་ཆེན་པོས་དགའ་བསུ་ཞུ་བཞིན་འདུག

Bloc Quebecois ཞེས་ཁེ་ན་ཌའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Alexis Brunnelle Duceppe ལགས་ཀྱིས་ཆེད་འདོན་གནང་སྟེ། གྲོས་ཚོགས་འཐུས་མི་ཡོངས་ཀྱིས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་། ཁེ་ན་ཌའི་གྲོས་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་རིག་གཞུང་བཙན་སྒྱུར་བྱེད་བཞིན་པ་དང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་སྐོར་གསལ་འདོན་དང་འབྲེལ། བོད་མི་རྣམས་ལ་ཕྱིའི་སྟོབས་ཤུགས་ཀྱི་ཐེ་བྱུས་གང་ཡང་མེད་པའི་ཐོག་རང་ཉིད་ཀྱི་ཆོས་ལུགས་དང་། དཔལ་འབྱོར། སྤྱི་ཚོགས། དེ་བཞིན་རིག་གཞུང་དང་འབྲེལ་བའི་སྲིད་བྱུས་གདམ་རྒྱུའི་ཐོབ་ཐང་དགོས་པ་དང་། ལྷག་པར་གྲོས་ཆོད་དེའི་བརྒྱུད་རྒྱ་ནག་ངོས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་པ་ནན་བརྗོད་གནང་འདུག

ད་རེས་ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་འདི་ལྟ་བུ་སྤྱི་མོས་ཀྱིས་གཏན་འབེབས་བྱུང་བའི་གནས་ཚུལ་ཐོན་ཁྲལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རང་ཉིད་ཀྱི་X ཞེས་པའི་སྤྱི་ཚོགས་དྲ་རྒྱའི་ཐོག་གྲོས་ཆོད་ཆེད་འདོན་གནང་མཁན་སྐུ་ཞབས་ Alexis Brunnelle Duceppe ལགས་དང་རྒྱབ་སྐྱོར་གནང་མཁན་ཡུལ་དེའི་ཆབ་སྲིད་ཚོགས་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། གྲོས་ཆོད་དེའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་ཙམ་མ་ཡིན་པར། བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་ནམ་ཡང་བརྗེད་མེད་པ་གསལ་པོར་བསྟན་ཡོད་གསུང་བ་མ་ཟད། རྒྱ་ནག་གིས་བོད་ནང་གོ་རིམ་ལྡན་པའི་སྒོ་ནས་བོད་ཀྱི་རིག་གཞུང་བཙན་སྒྱུར་དང་། ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་ཐེ་བྱུས་བྱེད་བཞིན་པ་བཅས་ལ་གདོང་ལེན་བྱེད་ངེས་རེད་ཅེས་གསུངས་འདུག

འདི་ག་རླུང་འཕྲིན་ཁང་ནས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་གྲོས་ཆོད་དེ་ཧ་ཅང་གནས་འགག་ཤིག་དང་རྒྱ་ནག་གཞུང་ནས་ངེས་པར་དུ་ཤེས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

དེ་བཞིན་ Canada Tibet Committee ཞེས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ས་གནས་བརྒྱུད་ལམ་ཐོག་ཐེངས་འདིའི་གྲོས་ཆོད་དེར་དགའ་བསུ་དང་འབྲེལ། སྤྱིར་ཁེ་ན་ཌའི་ནང་གྲོས་ཆོད་འདི་ལྟ་བུ་ནི་ཡིན་གཅིག་གཞུང་གི་ལག་ལེན་དགོས་པ་གོ་ཡི་མེད་ཀྱང་། གྲོས་ཆོད་འདི་ནི་ཧ་ཅང་གལ་ཆེ་དང་ཁེ་ན་ཌའི་གཞུང་གི་མ་འོངས་ལས་དོན་ཐད་གནས་འགག་ཆེན་པོ་ཆགས་རྒྱུ་ཡིན་པ་གསུངས་འདུག

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ནང་ལོ་ ༡༧ ཙམ་གྱི་རིང་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་དང་། ད་ལྟའི་འཆར་ཁེ་ན་ཌའི་མི་སེར་ཡིན་པའི་བཀའ་ཟུར་བཀྲིས་དབང་འདུས་ལགས་ཀྱིས་རང་ཉིད་ཀྱི་ X ཞེས་པའི་སྤྱི་ཚོགས་དྲ་ལམ་ཐོག ཁོང་རྒྱལ་ཁབ་དེའི་མི་སེར་ཡིན་པའི་ཆ་ནས་ད་རེས་ཡུལ་དེའི་གྲོས་ཚོགས་ནང་འདི་ལྟ་བུའི་གྲོས་ཆོད་སྤྱི་མོས་ཀྱིས་གཏན་འབེབས་བྱུང་བར་དམིགས་བསལ་གྱི་དགའ་སྤོབས་ཆེན་པོ་བྱུང་སྐོར་གསུངས་བ་མ་ཟད། གྲོས་ཆོད་དེ་ནི་དེ་སྔ་རྒྱལ་ཚོགས་ནང་ཕྱི་ལོ་ ༡༩༦༡ དང་ ༦༥ ལོར་གཏན་འབེབས་བྱུང་བའི་བོད་དོན་གྲོས་ཆོད་སྲ་བརྟན་དུ་བཏང་ཡོད་པ་གསུངས་འདུག

སྤྱིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་ཕྱི་ཟླ་ ༤ པའི་ནང་བྱང་ཨ་རིའི་ཁུལ་དུ་གཟའ་འཁོར་གསུམ་མ་ཟིན་ཙམ་རིང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བའི་ཁྲོད། ཁེ་ན་ཌའི་ནང་ཆེད་ཕེབས་ཀྱིས་ Bloc Québécois ཆབ་སྲིད་ཚོགས་པའི་དབུ་ཁྲིད་དང་། དེ་བཞིན་གྲོས་ཚོགས་འཐུས་མི་སྐུ་ཞབས་ Alexis Brunnelle-Duceppe ལགས་དང་ལྷན་མཇལ་མོལ་གནང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཕྱི་དྲིལ་ལས་ཁུངས་དང་ཁྱབ་ཁོངས་བྱང་ཨ་རིའི་སྐུ་ཚབ་དོན་ཁང་མཉམ་སྦྲེལ་གྱིས་ཁེ་ན་ཌའི་བོད་རིགས་གཞོན་སྐྱེས་ ༤༠ ལྷག་ཙམ་ལ་བོད་དོན་ཞུ་གཏུག་གནང་ཕྱོགས་ཐད་ཉིན་གཉིས་རིང་ཟབ་སྦྱོང་གནང་བ་མ་ཟད། ཕྱི་ཚེས་ ༡༠ ཉིན་ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་ཡུལ་དེའི་ V-tag དྭངས་བླངས་ཞུ་གཏུགས་ལས་འགུལ་བ་རྣམས་ཀྱིས་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག་གི་གཞོན་སྐྱེས་ལས་འགུལ་བ་ ༤༠ ལྷག་དང་ལྷན་ཡུལ་དེའི་གྲོས་ཚོགས་འཐུས་མི་ ༡༣ ལྷག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།