Tibetan Royal Year of 2151 | Year of the Wood Dragon

ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ལྷན་ཞུགས།

Tibetan News Headlines

  • In conversation with 3 former bodyguards of the Dalai Lama

རེས་གཟའ་ཉི་མ། ༢༠༢༤།༠༦།༡༦

  • ༸གོང་ས་མཆོག་གི་༸སྐུའི་སྲུང་བྱའི་ཐོག་ཞབས་ཞུ་བསྒྲུབས་མྱོང་མཁན་སྐུ་སྲུང་ཟུར་པ་གསུམ་དང་གླེང་མོལ།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་དབུས་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོ་ཁག་ནས་དེ་རིང་ཡུལ་དེའི་སྲིད་འཛིན་གསར་པ་སྐུ་ཞབས་ Lai Ching-te མཆོག་གི་ལས་འཁུར་དམ་འབུལ་མཛད་སྒོར་ལྷན་ཞུགས་དང་འབྲེལ། སྐབས་ ༡༡ པའི་ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོར་དབུ་བཞུགས་གནང་འདུག

Photo: CTA

དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་པའི་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་སྤྱི་འཐུས་བཀྲིས་དོན་གྲུབ་ལགས། དེ་བཞིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་བཅས་བཀའ་སྤྱི་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག་གིས་ཟླ་བ་འདིའི་ཚེས་ ༡༧ ནས་འགོ་འཛུགས་ཀྱིས། ཐེ་ཝན་ནང་ཉིན་གྲངས་ལྔའི་རིང་གཞུང་འབྲེལ་འཚམས་གཟིགས་དང་སྦྲགས། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཐེ་ཝན་གྱི་རྒྱལ་ས་ Taipie ནང་རྟེན་གཞི་བྱས་པའི་སྲིད་འཛིན་ཕོ་བྲང་གི་མདུན་ཐང་དུ། ཐེ་ཝན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་མང་མོས་རྒྱལ་ཁ་ཆེན་པོ་ཐོབ་ནས་སྲིད་འཛིན་དུ་བསྐོ་གཞག་བྱུང་བ་ཐེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་དབུ་ཁྲིད་ Lai Ching-te མཆོག་གི་དམ་འབུལ་མཛད་སྒོར་གཞུང་འབྲེལ་སྒོ་ནས་མགྲོན་འབོད་ཞུས་པ་ལྟར་ལྷན་ཞུགས་གནང་ཡོད་པ་དང་། བཙན་བྱོལ་བོད་མིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཐའེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ལྷན་ཞུགས་གནང་བ་དེ་ནི་མི་ལོ་ ༢༤  རྗེས་ཀྱི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད་འདུག མཛད་སྒོའི་ཐོག་ཨ་རི་དང་ཉི་འོང་། ཁེ་ན་ཌ་སོགས་རྒྱལ་ཁབ་ ༢༩ ལྷག་གི་སྐུ་ཚབ་ ༥༠༠ ལྷག་མཉམ་ཞུགས་གནང་འདུག

Photo: CTA

དེའི་སྐོར་ཐེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས། དེ་རིང་སྔ་དྲོ་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐེ་ཝན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོར་ལྷན་ཞུགས་གནང་རྗེས། ཉིན་རྒྱབ་ཡུལ་དེའི་གྲོས་ཚོགས་ནང་ཆེད་ཕེབས་ཀྱིས། ཐེ་ཝན་གྲོས་ཚོགས་སྐབས་བཅིུག་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་མཛད་སྒོར་མཉམ་ཞུགས་དང་སྦྲགས། བོད་ནང་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་སྟངས་འོག་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་མེད་བཟོས་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཁག་སྙན་སེང་ཞུས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་ཞུས་པ་དང་། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་སྐབས་དེར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་འབྲེལ་བ་དམ་ཟབ་ཐོག བོད་ཀྱི་གནད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་འདུག  དེའི་སྐོར་མཛད་སྒོ་དེིའི་ཐོག་བཅར་བའི་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲིས་ཚེ་རིང་ལགས་ཀྱིས་གསུངས་དོན།

རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དེས། འདི་ཚེས་ ༡༧ ཉིན་ བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་གོ་སྒྲིག་ཞུས་པའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་དམར་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༩ འཁོར་བའི་དྲ་ཐོག་གསར་འགོད་གསལ་བསྒྲགས་གནང་བའི་མཛད་སྒོར་མཉམ་ཞུགས་ཀྱིས་གསུང་བཤད་གནང་བ་དང་། ཁ་སང་ཕྱི་ཚེས་ ༡༩ ཉིན་ཐེ་ཝན་གཞུང་འབྲེལ་གྱི་ཆེས་མཐོའི་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་བའི་ཁོངས། ཐེ་ཝན་སྲིད་འཛིན་གཞོན་པ་ལྕམ་སྐུ་ Hsiao Bi-Khim མཆོག་དང་དངོས་སུ་མཇལ་འཕྲད་ཀྱིས་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུའི་གོ་སྐབས་ཐོབ་འདུག

photo: MSN

ཐའེ་ཝན་གྱི་སྲིད་འཛིན་ Lai Ching-te མཆོག་དང་སྲིད་འཛིན་གཞོན་པ་ Hsiao Bi-Khim མཆོག་རྣམ་གཉིས་ནི། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་ཞིག་དང། ལྷག་པར་སྲིད་འཛིན་གཞོན་པ་ལྟ་བུར་མཚོན་ན་བོད་དོན་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་མྱོང་མཁན་དང་། དེ་སྔ་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་ཡུལ་དེའི་གྲོས་ཚོགས་ནང་གདན་ཞུ་གནང་མཁན་ཁོངས་ཆགས་ཀྱི་འདུག གཤམ་ལ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། བཀྲིས་ཚེ་རིང་ལགས་ཀྱིས་དེའི་སྐོར་གསུང་བ་ཞིག་གསན་རོགས་གནང་།

འབྲེལ་ཡོད་གསར་གནས།

གསར་གནས།