Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གི་ཆུ་མཛོད་ལས་གཞི་བོད་ཙམ་མ་ཟད་ཨེ་ཤེ་ཡ་སྤྱིའི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་པ་མངོན་གསལ།

Tibetan News Headlines

  • Report Card: Sherig Kalon Tharlam Dolma Changra

རེས་གཟའ་སྤེན་པ། ༢༠༢༤།༠༦།༡༦

  • ཤེས་རིག་བཀའ་བློན་མཆོག་དང་ལྷན་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ལས་དོན་སྐོར་བཅར་འདྲི།

ཁ་སང་ཟླ་ ༥ སྤྱི་ཚེས་ ༢༡ ཉིན་དབྱིན་ཡུལ་དུ་རྟེན་གཞི་བོད་གནས་ལྟ་ཞིབ་ཁང་དང་ Turquoise Roof ཉམས་ཞིབ་ཚོགས་པ་གཉིས་ཀྱིས་རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་ཆུ་མཛོད་གསར་རྒྱག་ལས་གཞིའི་སྐོར་སྙན་ཐོ་གསར་པ་ཞིག་འདོན་སྤེལ་དང་འབྲེལ། རྒྱ་ནག་གིས་བོད་ཀྱི་ཆུ་རྒྱུན་ཁག་གི་ཐོག་ཆུ་མཛོད་གསར་རྒྱག་དང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་ཁག་གིས་བོད་ཙམ་མ་ཟད་་ཨེ་ཤི་ཡའི་གླིང་ཕྲན་ཡོངས་ལ་ཁོར་ཡུག་དང་སྤྱི་ཚོགས་ཁྲོད་ཚབས་ཆེ་བའི་གཏོར་བཤིག་འགྲོ་བའི་ཉེན་ཁ་ཡོད་པ་གསལ་འདོན་གནང་འདུག

Dege Dam Report

སྙན་ཐོ་དེ་ཉིད་སྤྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་བོད་ཁམས་སྡེ་དགེ་ནང་ས་གནས་བོད་མི་རྣམས་ཀྱིས་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་སྟེ་ཟླ་བ་གསུམ་ཧྲིལ་པོ་འཁོར་བའི་དུས་ཚིགས་དང་བསྟུན་ནས་འདོན་སྤེལ་གནང་བ་ཞིག་རེད་འདུག  སྙན་ཐོ་དེའི་ནང་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ཉིད་འབྲི་ཆུའི་བཞུར་རྒྱུན་དུ་འཆར་གཞི་ཡོད་པའི་ཆུ་མཛོད་ཁག་ ༡༣ ཡོད་པའི་ཁོངས་ནས་གཅིག་ཡིན་པ་དང་། རྒྱ་གཞུང་གིས་བོད་ནས་འགོ་འཛུགས་ཀྱིས་ཆུ་རྒྱུན་མཐའ་དག་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་བརྒྱུད་ཕུག་རྒྱང་རིང་པོའི་དམིགས་ས་གཙོ་བོ་ནི་རྒྱ་ནག་གི་བཟོ་གྲྭ་ཚོང་ལས་ཁང་རྟེན་གཞི་བྱེད་སའི་ Chengdu དང་ Chongqing གྲོང་ཁྱེར་སོགས་སུ་ཆུ་དང་གློག་གི་མཐུན་རྐྱེན་སྐྲུན་རྒྱུའི་ཆེད་ཡིན་པ་གསུངས་འདུག

སྤྱིར་སྙན་ཐོ་དེ་ཉིད་བོད་ཀྱི་ཁོར་ཡུག་མཁས་པ་ Gabriel Lafitte ལགས་གཙོས་པའི་ཉམས་ཞིབ་པ་ཁག་གཅིག་གི་གྲུབ་དོན་ཡིག་ཆ་དང་།  ཟུང་སྐར་པར་རིས། རྒྱ་ནག་གཞུང་གི་གསལ་བསྒྲགས་ཁག་ལ་གཞི་བཅོལ་གྱིས་འདོན་སྤེལ་གནང་བ་ཞིག་ཡིན་པ་མ་ཟད། སྙན་ཐོའི་ནང་ཁམས་སྡེ་དགེའི་ཁུལ་གྱི་གནས་སྡོད་བོད་མིའི་ཞི་རྒོལ་དང་སྐམ་ཐོག་ཆུ་མཛོད་སོགས་དང་འབྲེལ་བའི་ས་ཚིགས་གཙོ་བོ་ཁག་ 3D Satellite ས་ཁྲའི་མཉམ་འགྲོགས་བྱས་པ་ཞིག་ཀྱང་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་སུ་སྙན་ཐོ་དེའི་ནང་དོན་སྐོར་ལ་བཀའ་འདྲི་ཞུས་པ་ཡིན།

Dege Dam Report

གཞི་རྩའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་བཞིན་རྒྱ་ནག་གཞུང་གིས་གཉེར་བའི་ཚོང་ལས་ཁང་ Huaneng དང་ Huadian སོགས་གིས་སྟངས་འཛིན་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་།  སྙན་ཐོ་དེའི་ནང་གསལ་ལྟར་ན་སྤྱི་ལོ་ ༢༠༢༤ ཟླ་ ༣ པའི་ནང་ Huadian ཚོང་ལས་ཁང་གི་འཇར་མ་ནིའི་ཚོང་ལས་ཁང་ Siemens Energy དང་ལྷན་དུ་མཉམ་སྦྲེལ་གྱི་གྲོས་མཐུན་ཞིག་འཇོག་ཡོད་པ་རེད་འདུག

Turquoise Roof དང་བོད་གནས་ལྟ་ཞིབ་ཁང་གཉིས་ཀྱིས་ཐེངས་འདིའི་སྙན་ཐོ་བརྒྱུད་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་བོད་ཁོ་ན་མིན་པར་ཆུ་རྒྱུན་གཤམ་གྱི་ཡུལ་གྲུ་ཁག་ལའང་དོ་ཕོག་གི་ཉེན་ཁ་ཡོད་པ་ཙམ་མ་ཟད་ཞི་ཅིན་ཕིང་གི་རྩ་བའི་སྣོད་བཅུད་དཔལ་ཡོན་གྱི་འཆར་སྒོ་དང་འབྲི་ཆུ་སྲུང་སྐྱོབ་ཐད་རྒྱ་ནག་ཁོར་ཡུག་གི་རྩ་ཁྲིམས་སོགས་དང་འགལ་གྱི་ཡོད་པས་གནས་སྐབས་ལས་གཞི་དེ་ཉིད་བཀག་སྡོམ་དགོས་པ་དང་སླར་དེ་ལྟ་བུའི་ཆུ་མཛོད་གསར་རྒྱག་གི་ལས་གཞི་རིགས་སྤེལ་རྒྱུ་མེད་པ། དེ་བཞིན་སྤྱི་ལོ་ ༢༠༢༠ ལོའི་འབྲི་ཆུ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་ལ་བསྐྱར་ཞིབ་བརྒྱུད་འབྲི་ཆུ་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་དམའ་སའི་ཁུལ་གྱི་གནས་སྡོད་ཡུལ་མི་རྣམས་དང་གཅིག་མཚུངས་ཀྱི་སྲུང་སྐྱོབ་ཀྱི་ཐོབ་ཐང་དགོས་པ། དེ་བཞིན་ས་ཁུལ་དེ་དག་ཏུ་ཡོད་པའི་རྩ་ཆེན་རི་བོ་ཁག་ལ་དོ་ཕོག་མོ་ཤོར་བའི་འཆར་གཞི་དགོས་པ་བཅས་ཀྱི་དགོས་འདུན་ཁག་གཅིག་བཏོན་འདུག

Dege Dam Report

མ་ཟད་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག་རིག་གཞུང་ཚན་པ་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཁག་ནས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞིར་སེམས་འཚབ་ཀྱི་བསྒྲགས་གཏམ་སྤེལ་དགོས་པ་མ་ཟད་དུས་རབས་བཅུ་བཞི་ནས་རྟེན་གཞི་བྱས་ཡོད་པའི་གནའ་རབས་ཀྱི་དགོན་སྡེ་ཁག་གཏོར་བཤིག་མ་གཏང་པར་སྲུང་སྐྱོབ་དགོས་པ། བོད་དང་རྒྱ་ནག་ནུབ་ཕྱོགས་པའི་མཁས་པའི་ཐེར་འདོན་གནང་བའི་བོད་མི་འབྲོག་པ་ཚོའི་ཁོར་ཡུག་སྲུང་སྐྱོབ་ཐད་ཕན་ཐོགས་ཇི་ཙམ་བྱུང་གི་ཡོད་པ་དག་ལ་དོ་སྣང་གིས་བོད་པའི་འབྲོག་པ་རྣམས་ལ་སྒོ་ཕྱུགས་རྩ་ཁར་གཏོང་ཕྱོགས་དང་ས་ཞིང་འདེབས་ལས་ཐད་རང་དབང་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ལ་སོགས་པའི་ཁྱད་ལས་འཐུས་མི་རྣམས་ལ་བོད་ནང་འགྲུལ་བཞུད་ཀྱིས་བཀག་སྡོམ་མེད་པའི་ཐོག་ལྟ་ཞིབ་བྱེད་དུ་བཅུག་དགོས་པ་སོགས་གསུངས་འདུག

ལྷག་པར་དུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྐམ་ཐོག་ཆུ་མཛོད་ལས་གཞི་ཡོངས་སུ་བཀག་སྡོམ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དེ་བཞིན་བཙན་བྱོལ་སྡེ་དགེའི་སྐྱིད་སྡུག་གི་མི་མང་ལྷན་དུ་གོ་བསྡུར་གྱིས་སྡེ་དགེ་ནང་གི་གནས་སྟངས་ཡར་རྒྱས་དང་ཉམས་ཐག་དབུལ་འཕོང་གི་གནས་སྟངས་ཐད་འབྲེལ་མོལ་དགོས་པ། བོད་མི་བཙན་གྱིས་གཞིས་སྤོས་བྱས་པའི་ལས་གཞི་དང་འབྲེལ་བ་ཡོད་མཁན་ Huadian དང་ Huaneng  ལ་སོགས་པའི་ཚོང་ལས་ཁང་ཁག་དང་མཉམ་འབྲེལ་ལས་གཞི་རིགས་སྤེལ་མཁན་ལ་ཉེས་ཆད་བཀལ་དགོས་པ། ཁམས་སྡེ་དགེ་ནང་གནས་ཚུལ་ལྟ་ཞིབ་ཆེད་དུ་གནད་ཡོད་མི་སྣ་གཏང་དགོས་པ། དེ་བཞིན་འཇར་མ་ནིའི་ཚོང་ལས་ཁང་ Siemens ལ་ Huadian ཚོང་ལས་ཁང་ནས་སྐམ་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་མཚམས་འཇོག་མ་བྱས་བར་དུ་མཉམ་སྦྲེལ་གྱི་ཚོང་ལས་བྱེད་རྒྱུ་མེད་པ་སོགས་ཀྱི་དགོས་འདུན་ཁག་གཅིག་བཏོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།