Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དེ་རིང་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་བོད་ལོ་གསར་པའི་བོད་ཟླ་དང་པོའི་ཚེས་ ༡༥ སྟེ་ཆོ་འཕྲུལ་དུས་ཆེན་གྱི་སྐལ་བཟང་ཉིན་མོ་དང་བསྟུན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། མ་ཎི་ཡིག་དྲུག་མའི་བཟླས་ལུང་། དེ་བཞིན་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་བ་དང་འབྲེལ། བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པ་སེམས་ལ་ཞོག་ཅེས་བཀའ་ནན་སྩལ་སོང་།

དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུ་གཡབ་ཏུ་བཞུགས་ཁྲིར་ཞབས་སོར་བདེ་བར་འཁོད་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་ལུགས་མཐུན་རྟེན་འབྲེལ་གྱི་གནང་སྒོ་ལེགས་གྲུབ་རྗེས། མགོན་པོ་༸གང་ཉིད་མཆོག་གིས་མང་ཚོགས་ལ་བླང་དོར་བཀའ་སློབ་བཀའ་འདྲིན་སྩལ་གནང་མཛད་སོང་།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་ཆོས་ལུགས་ཚང་མ་ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་ཕན་ཐོགས་ཡོད་པ་གཅིག་མཚུངས་ཡིན་ཡང་། སེམས་ཁམས་རིག་པའི་རྣམ་གཞག་དང་འབྲེལ་ནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་ནི་ཕལ་ཆེར་ནང་པ་སངས་རྒྱས་པའི་ཆོས་ལུགས་དང་། དེའི་ནང་ཚན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཟབ་ཤོས་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་ཞིང་། ཞི་བདེའི་རྩ་བ་རྙིང་རྗེ་ཡིན་སྟབས། ཆོས་དད་ཡོད་མིན་ལ་མ་ལྟོས་པར་རྙིང་རྗེ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་མཛད་སོང་།

དེ་བཞིན་མགོན་པོ་༸གང་ཉིད་མཆོག་སྐུ་སྒེར་ངོས་ནས་ཉིན་ལྟར་རྙིང་རྗེ་ཉམས་བཞེས་མཛད་ཀྱི་ཡོད་པར་ཐུགས་རྒྱུད་ལ་དོན་དམ་གྱི་ཕན་ཐོགས་འདུག་ཅེས་ཐུགས་མྱོང་དང་འབྲེལ་ནས་བཀའ་སྩལ་ཞིང་། ལྷག་པར་ནང་སེམས་ཀྱི་ཞི་བདེའི་བརྒྱུད་ལུས་ཡང་བདེ་ཐང་ཡོང་གི་ཡོད་པར་ཚན་རིག་པས་གསུངས་ཀྱི་ཡོད་པ་མ་ཟད། དེ་ལྟ་བུའི་སེམས་ཁམས་རིག་པའི་རིག་གཞུང་ནི་བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་ཀྱི་ཆོས་དེ་ཆགས་ཀྱི་ཡོད་སྟབས། དེ་ནི་ཚེ་སྒྲུབ་ཀྱི་མཆོག་ཀྱང་ཡིན་པ་བཀའ་སྩལ་སོང་།

ད་དུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ལུགས་ཚང་མར་གུས་བརྩི་དང་ཡི་རང་མཛད་ཀྱི་ཡོད་པ་དང་། ལྷག་པར་བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་པའི་ཆོས་ནི་རྒྱུ་མཚན་ལྡན་པའི་བསམ་བློ་གཏང་རྒྱུ་ཡོད་པར་རིག་གཞུང་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་ཅིང་། རིག་གཞུང་དེ་ད་བར་བོད་པ་ཚོས་བདག་གཅེས་ཡག་པོ་གནང་ཡོད་པ་དང་། འདི་ནི་ཕལ་ཆེར་འཛམ་བུ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཐུབ་རྒྱུ་ཡིན་པ་མ་ཟད། ད་དུང་མུ་མཐུད་བདག་གཅེས་གནང་དགོས་གལ་ཡིན་པའི་ལམ་སྟོན་བཀྲིན་ཆེ་བ་སྩལ་སོང་།

མ་ཟད་བྱམས་པ་དང་སྙིང་རྗེ་ལྡན་པའི་རིག་གཞུང་དེའི་ཐོག་ནས་བོད་མི་རྣམས་སེམས་བཟང་པོ་དང་གཤིས་ཀ་བཟང་པོ་ཡོད་པ་དེ་རྒྱ་རིགས་གཙོས་པའི་ཚང་མས་ངོས་འཛིན་གནང་གི་ཡོད་སྟབས། ང་ཚོ་བོད་མི་ཞིག་ཡིན་པའི་ཆ་ནས་མི་བཟང་པོ་ཞིག་བྱ་རྒྱུ་དེ་ལས་འགན་ཡིན་པར་སེམས་ལ་གཞག་དགོས་ཞེས་བཀའ་ནན་སྩལ་སོང་།

༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་སྩལ་གྲུབ་མཚམས་སུ་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། མ་ཎི་ཡིག་དྲུག་མའི་བཟླས་ལུང་བཅས་སྩལ་ཡོད་ཅིང་། དེའི་རྗེས་སྐྱེས་རབས་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་ཡོད་པ་རེད།

གཞི་རྩའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དེ་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྔོན་རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་དྲུག་གི་ནང་གསེས་མཉན་ཡོད་དུ་སློབ་དཔོན་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཉེན་གྱི་བུ་གཅེར་བུ་སྟེ། མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་བཏུལ་ཏེ་རྣམ་པར་རྒྱལ་བའི་རྗེས་དྲན་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེན་མོ་གནང་སྲོལ་ཡོད་པ་དང་། རིམ་བཞིན་བོད་གངས་ཅན་ལྗོངས་སུའང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལོ་ངོ་དྲུག་བརྒྱ་ལྷག་གི་སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་དུ་གདན་ས་ཆེན་མོ་སེར་འབྲས་དགའ་གསུམ་གཙོས་ཕྱོགས་མཐའ་ནས་འདུས་པའི་དགེ་འདུན་འདུས་པ་རྒྱ་མཚོས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་འབུལ་གཤོམ་མཛད་པ་ནས་བཟུང་ལྷ་ལྡན་སྨོན་ལམ་ཆེན་མོ་འཚུགས་སྲོལ་བྱུང་ཡོད། ལྷག་པར་བོད་ལ་དུས་འགྱུར་བྱུང་རྗེས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་རྗེས་གདན་ས་ཁག་དང་། གནས་མཆོག་རྡོ་རྗེ་གདན་། བཞུགས་སྒར་དྷ་རམ་ས་ལ་དེ་བཞིན་བལ་ཡུལ་སོགས་ལ་ཡང་སྨོན་ལམ་ཆེན་མོ་སྔར་རྒྱུན་བཞིན་ཚོགས་སྲོལ་ཡོད་པ་རེད།

པར་དབང་དགའ་ལྡན་ཕོ་བྲང་།

འབྲེལ་ཡོད་གསར་གནས།

གསར་གནས།