དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་ལས་ཀྱིས་བཟོ་སྐྲུན་གནང་བའི་ཆོས་དང་རོལ་དབྱངས་ཟུང་སྦྲེལ་གྱི་འཁོར་ཐག་ Meditations: The Reflections of His Holiness The Dalai Lama ཞེས་པ་དེར་འདི་ལོའི་ Grammy Award ཞེས་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་སྟབས། འཁོར་ཐག་དེའི་ནང་རོལ་དབྱངས་བཏང་མཁན་རྒྱ་གར་གྱི་སྒྲ་དབྱངས་པ་གྲགས་ཅན་སྐུ་ཞབས་ Ustad Amjad Ali Khan ལགས་གཙོས་པའི་ཁོང་གི་བུ་ Amaan Ali Bangash ལགས་དང་ Ayaan Ali Bangash ལགས། དེ་བཞིན་འཁོར་ཐག་བཟོ་སྐྲུན་པ་ Kabir Sehgal ལགས་བཅས་ནས་༸གང་ཉིད་མཆོག་གི་མཇལ་བཅར་ཞུས་པ་དང་འབྲེལ་ Grammy གྷེ་རི་མཱི་གཟེངས་རྟགས་དེ་ཉིད་དངོས་སུ་འབུལ་ལམ་ཞུས་སོང་།
དེ་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་གི་མཇལ་བཅར་མ་ཞུས་གོང་དུ་འདི་གའི་གསར་འགོད་པར་སྐུ་ཞབས་ Ustad Amjad Ali Khan ལགས་ཀྱིས། ༸གོང་ས་མཆོག་གི་གསུང་འདི་དམིགས་བསལ་གྱི་ནང་སེམས་ལ་ཡིད་དུ་འོང་བ་ཞིག་འདུག་པར་བརྟེན། ང་ཚོས་༸གང་ཉིད་མཆོག་གི་གསུང་ལྡན་པའི་ཐོག་རོལ་དབྱངས་བླངས་ཏེ་འཁོར་ཐག་ཞིག་བཟོ་སྐྲུན་གནང་ཡོད་པ་དེར་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་པར། དེ་རི་ང་༸གོང་ས་མཆོག་ལ་ Grammy གཟེངས་རྟགས་དེ་ཉིད་དངོས་སུ་ འབུལ་ལམ་ཞུ་ཆེད་དུ་བཅར་བ་ཡིན་ཞེས་གསུངས་སོང་།
དེ་བཞིན་༸གོང་ས་མཆོག་གི་གསུང་དང་སྒྲ་དབྱངས་ལྡན་པའི་འཁོར་ཐག་བཟོ་སྐྲུན་པ་ Kabir Sehgal ལགས་ཀྱིས། ལོ་བཞི་སྔོན་དུ་ང་ཚོས་སྒྱུ་རྩལ་བ་གྲགས་ཅན་ཁག་གཅིག་དང་ལྷན་དུ་གྲོས་བསྡུར་གྱིས་བྱམས་སྙིང་རྗེའི་རིན་ཐང་དེ་བཞིན་སྒྱུ་རྩལ་གྱི་ལམ་ནས་གོང་འཕེལ་ཆེད་དུ་ཆོས་དང་རོལ་དབྱངས་གཉིས་ཟུང་དུ་སྦྲེལ་བའི་འཁོར་ཐག་ཅིག་བཟོ་བསྐྲུན་གནང་རྒྱུའི་ཐག་ཆོད་བྱུང་བ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ལྡན་པའི་འཁོར་ཐག་ Meditations: The Reflections of His Holiness The Dalai Lama ཞེས་པ་གཅིག་བཟོ་བསྐྲུན་གནང་ཡོད་པ་དེར་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡ ཉིན་ཨ་རིའི་ Los Angeles གྲོང་ཁྱེར་དུ་འཚོགས་པའི་ 68th Grammy Award ཞེས་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཐེངས་ ༦༨ པའི་ཐོག་ Best Audio Book, Narration & Storytelling Recording འམ་དྲྭ་རྒྱའི་སྒྲ་དེབ་དང་སྒྲུང་གཏམ་སྒྲ་འཇུག་གི་རྩེ་ཕུད་གཟེངས་རྟགས་ཐོབ་ཡོད་པ་གང་ལྟར་ཡང་། སྐབས་དེ་དུས་༸གོང་ས་མཆོག་༸སྐུ་ཉིད་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཐུབ་མེད་པ་གསུངས་སོང་།
མཇལ་ཁ་གྲུབ་མཚམས་སྐུ་ཞབས་ Ustad Amjad Ali Khan ལགས་ཀྱིས། གྷེ་རི་མཱི་གཟེངས་རྟགས་དེ་བཞིན་གང་ཟག་སུ་འདྲ་ཞིག་གིས་ཀྱང་བླང་ཐུབ་རྒྱུ་གཅིག་ཡིན་པ་དང་། གཙོ་བོ་ང་ཚོའི་ངོས་ནས་བཟོད་བསྲན་དང་ངང་རྒྱུད་རིང་པོ་གནང་དགོས་གལ་ཡིན་པ། གང་ལྟར་ཡང་། དེང་སྐབས་འཛམ་གླིང་འདིར་དམག་འཁྲུག་གི་གནས་སྟངས་ཐོག་མི་མང་ཁག་གཅིག་ནས་ད་དུང་ཆོས་ལུགས་མིང་དུ་འཁྱེར་ནས་མི་གསོད་ཁྲག་སྦྱོར་གི་ལས་ལ་འཇུག་བཞིན་པ་མངོན་རྒྱུ་འདུག་པས་བློ་ཕམ་ཆེན་པོ་ཡོད་ཅེས་དང་། ཁོང་ནི་འཛམ་གླིང་ནང་གི་ཆོས་ལུགས་ཚང་མར་དད་གུས་གནང་མཁན་ཞིག་ཡིན་པ་དང་། དེ་ཡང་ཁོང་གིས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ནས་ཤེས་རྟོགས་བྱུང་བ་འགྲེལ་བརྗོད་དང་འབྲེལ། ང་ཚོ་༸གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་གོ་ལ་འདིར་གནས་ཡོད་པ་དེ་སྐལ་པ་བཟང་པོ་ཡིན་པ་དྲན་སྐུལ་གནང་སོང་ལ། གཞོན་སྐྱེས་ཚོར་གྲུབ་འབྲས་བཟང་པོ་ཞིག་ཐོབ་འདོད་ཡོད་ན་བཟོད་བསྲན་དང་ངང་རྒྱུད་རིང་པོའི་རིན་ཐང་ནི་གལ་འགངས་ཆེ་ཤོས་ཤིག་ཡིན་པ་གསུངས་སོང་།
རྩ་བའི་འདི་ལོའི་ Grammy གྷེ་རི་མཱི་གཟེངས་རྟགས་ཁྲོད་ཀྱི་སྡེ་ཚན་ནང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པའི་འཁོར་ཐག་དེའི་ནང་། བྱམས་དང་བརྩེ་བ། ཞི་བདེ་དང་བསམ་གཏན། དེ་བཞིན་གོ་ལ་སྤྱི་ལ་ཁྱབ་པའི་རིན་ཐང་བཅས་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་སྐུ་ཚེ་ཧྲིལ་པོ་རིང་གི་ཐུགས་དགོངས་གསུང་འདོན་གནང་བཞིན། དེར་རྒྱ་གར་གྱི་སྒྲ་དབྱངས་པ་གྲགས་ཅན་ Amjad Ali Khan ལགས་གཙོས་པའི་ཁོང་གི་བུ་ Amaan Ali Bangash ལགས་དང་ Ayaan Ali Bangash ལགས་གསུམ་གྱིས་རྒྱབ་ལྗོངས་ཀྱི་རོལ་དབྱངས་བཏང་སྟེ། ཆོས་དང་རོལ་དབྱངས་ཟུང་དུ་འབྲེལ་བའི་ཐོས་པའི་ཉམས་མྱོང་ཞིག་ཡིན་པ་མ་ཟད། སྔ་ལོའི་ཕྱི་ཟླ་ ༨ པའི་ནང་འཁོར་ཐག་འདི་འདོན་སྤེལ་གནང་བའི་རྗེས་སུ་རྒྱལ་སྤྱི་ཁྱོན་ཡོངས་སུ་ངོས་འཛིན་དང་དགའ་མོས་ཤུགས་ཆེན་པོ་གནང་མཁན་བྱུང་ཡོད་པ་རེད།




