Tibetan Royal Year of 2151 | Year of the Wood Dragon

༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཐུན་མོང་གིས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་རྒྱུ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

དེ་རིང་ཟླ་ ༡༢ ཚེས་ ༤ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ལྷན་རྒྱས་ཀྱིས་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་དང་འབྲེལ་གསལ་བསྒྲགས་ཤིག་བསྐྱངས་འདུག

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཀྱིས་བསྐྱངས་པའི་གསལ་བསྒྲགས་ནང་༸རྒྱལ་མཆོག་ཀརྨ་པ་བཅུ་དྲུག་པ་ཆེན་པོས་༸ཀུན་གཟིགས་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ངོས་འཛིན་དང་ཁྲི་གསོལ་བཀའ་དྲིན་ཤིན་ཏུ་ཆེ་བར་མཛད་ཡོད་ཀྱང་། གདུལ་བྱའི་བསོད་ནམས་ཀྱིས་མ་འཆུན་པས་༸རྒྱལ་དབང་བཅུ་དྲུག་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་པ་དང་། ༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ཡང་ཀཾ་ཚང་ནང་ཁུལ་ཟང་ཟིང་དུ་གྱུར་པའི་སྣང་ཚུལ་ཞོད་འཇགས་མ་བྱུང་བའི་གོང་དུ་ཞི་བར་གཤེགས་ཤོར་བ་ནི་བློ་ཕམ་གྱི་ཡུལ་དུ་གྱུར་ཡོད་པ་དེ་ལྟར་ཡང་། ཞྭ་དམར་ན་རིམ་གྱི་མཛད་པ་ཕྱག་རྗེས་དང་༸རྒྱལ་མཆོག་བཅུ་དྲུག་པས་སླར་ཡང་ངོས་འཛིན་གནང་ཚུལ་སོགས་ཕྱོགས་གང་ནས་གཟིགས་ཀྱང་༸རྗེ་ཞྭ་དམར་པའི་ཡང་སྲིད་མུ་མཐུད་ངོས་འཛིན་ཞུ་རྒྱུ་དེ་ནི་༸རྒྱལ་དབང་ཀརྨ་པ་རྣམས་ཀྱི་འོས་འགན་ཞིག་ཏུ་གཟིགས་ཀྱི་ཡོད་པ་དང་། དེའང་། འཁྲུལ་མེད་དང་རྩོད་བྲལ་ཞིག་ངོས་འཛིན་ཐུབ་ཚེ་ཀཾ་ཚང་ཆིག་སྒྲིལ་ཡོང་རྒྱུ་ལའང་ཕན་རླབས་ཅི་ཆེ་ཡོང་རྒྱུར་བརྟེན་༸རྒྱལ་དབང་རྣམས་ཀྱིས་རང་སྐལ་དུ་བབས་པའི་འགན་འཁྲི་དེ་ཉིད་ཕྲག་ཏུ་བླངས་ནས་དཀའ་ངལ་དུ་མ་ཁྱད་བསད་ཀྱིས་ཕན་ཚུན་མཇལ་འཕྲད་ཐེངས་འགའ་ཤས་གནང་ཞིང་། ལྷག་བསམ་ཆེར་བསྐྱེད་ཀྱིས་བཀའ་བསྡུར་གཟབ་ནན་གནང་འབྲས་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ཐུན་མོང་གིས་ངོས་འཛིན་ཞུ་རྒྱུའི་གཉིས་མོས་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་འདུག

གྲོས་ཆོད་དོན་ཚན་གསུམ་པོ་དེ་དག་ནང་། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཐུན་མོང་གིས་གནང་རྒྱུ་ལས་ཁག་སོ་སོ་ནས་གནང་རྒྱུ་མིན་པ་དང་།  ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དེ་ཉིད་མཚན་དོན་མཚུངས་པ་ཞིག་ཡོང་བའི་དོན་དུ་བསླབ་པ་སློབ་གཉེར་དང་དབང་ལུང་མན་ངག་འབུལ་རྒྱུ་སོགས་ཀྱི་འགན་ཀྱང་། ༸རྒྱལ་དབང་ཀརྨ་པ་རྣམ་གཉིས་ཐུན་མོང་གིས་བཞེས་རྒྱུ། དེ་བཞིན་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ནི་ཀཾ་ཚང་ནང་ཁུལ་གྱི་གནད་དོན་ཞིག་ཡིན་པས་དེ་ལ་འབྲེལ་མེད་སུས་ཐེ་བྱུས་གནང་ཀྱང་ངོས་ལེན་མི་གནང་རྒྱུ་བཅས་འཁོད་འདུག

རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐོག་སྒང་ཏོག་ནང་རྟེན་གཞི་བྱས་པའི་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་པོ་ཀརྨ་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་ཡོད།

རིན་པོ་ཆེ་མཆོག་རྣམ་གཉིས་ལྷན་རྒྱས་ཀྱིས་གསལ་བསྒྲགས་བསྐྱངས་པའི་ནང་གཞན་ཡང་། ཀརྨ་ཀཾ་ཚང་བ་རྣམས་བླ་མ་གཅིག་པའི་སློབ་མ་དང་ཆོས་བརྒྱུད་གཅིག་པའི་རྡོ་རྗེའི་སྤུན་གྲོགས་ཡིན་ལ་ཡིན་དོན་བཞིན་ཕན་ཚུན་ཆགས་སྡང་གི་རྩོད་པ་དང་དབྱེ་འབྱེད་གནང་བ་ནི་བརྒྱུད་པ་གོང་མ་རྣམས་ཀྱི་ཞབ་འདྲེན་ཅིང་། རང་བསྟན་རང་གིས་བཤིག་པའི་ཚུལ་ལས་མ་འདས་པས། སྔར་བྱས་ལ་འགྱོད་བཤགས་དྲག་པོ་དང་བཅས་ཀཾ་ཚང་རྗེས་འཇུག་མི་རེ་ངོ་རེ་ནས་མ་མཐར་ཡང་ཡིག་བརྒྱ་འབུམ་གཅིག་དང་ལྟུང་བཤགས་ཚར་སྟོང་རེ་གང་མགྱོགས་གྲངས་གསོག་ཐུབ་ཚེ་དགེ་མཚན་ཆེ་བར་མངོན་ཞིང་། ཕྱིན་ཆད་བརྒྱུད་པ་རིན་པོ་ཆེ་འདི་ཉིད་དུམ་བུ་གཉིས་སུ་འཐོར་བ་དང་༸རྒྱལ་བ་ཡབ་སྲས་གཙོ་བོར་གྱུར་པའི་བླ་སྤྲུལ་གྱི་ཡང་སྲིད་ལ་མི་མཐུན་པའི་རྩོད་པ་ནམ་ཡང་མི་འབྱུང་བའི་སྒོ་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་པ་ཐམས་ཅད་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཤིང་། མཐུན་ལམ་དཀར་འཇམ་ཡུག་གཅིག་ཏུ་འགྱུར་བ་ཞིག་ཤིན་ཏུ་ནས་གལ་ཆེ་བར་མངོན་སྟབས་དེ་དོན་ཀུན་གྱིས་ཐུགས་ལ་འཇགས་པར་ཞུ་ཞེས་བཀའ་གནང་འདུག

རྩ་བའི་ཕྱི་ལོ་ ༢༠༡༨ ལོར་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་༸རྒྱལ་དབང་མཐའ་ཡས་རྡོ་རྗེ་མཆོག་རྣམ་གཉིས་ཕ་རན་སིའི་དབེན་པའི་གྲོང་གསེབ་ཞིག་ཏུ་མཇལ་མོལ་མཛད་ནས་རིན་པོ་ཆེ་མཆོག་རྣམ་གཉིས་ལྷན་རྒྱས་ཀྱིས་གསལ་བསྒྲགས་ཤིག་བསྐྱངས་པ་བརྒྱུད་ལྷན་རྒྱས་ཀྱི་མཇལ་འཕྲད་འདི་ནི་ངེས་གཉིས་ཀྱི་ལོ་དུ་མའི་རིང་གི་རེ་བ་ཞིག་ཡིན་པར་ལྟར་ད་ལྟ་མངོན་དུ་གྱུར་པར་ཤིན་ཏུ་དགའ་སྤྲོ་སྐྱེ་འོས་པའི་ཡུལ་དུ་གྱུར་ཡོད་པར་བཀའ་སྩལ་ཡོད་པ་མ་ཟད། གཙོ་བོ་ཕན་ཚུན་༸སྐུ་སྒེར་གྱི་དབར་རྒྱུས་མངའ་དང་འབྲེལ་འདྲིས་ཡོང་བ་དང་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་སྲ་བརྟན་དང་དར་རྒྱས་ཡོང་བའི་ཆེད་མཉམ་དུ་ཕྱག་ལས་གནང་ཕྱོགས་ཇི་དགེའི་སྐོར་དགོངས་ཚུལ་སྤེལ་རེས་དང་བཀའ་བསྡུར་གཏིང་ཟབ་ཏུ་ཡོང་རྒྱུ་བཅས་ཡིན་པ་སོགས་གསུངས་ཡོད། པར་ཀརྨ་པའི་ངོ་དེབ་དང་སྤྱི་ཚོགས་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།