ཐའེ་ལེཎྜ་གྱི་སྲིད་བློན་ Anutin Charnvirakul མཆོག་ཟླ་བ་འདིའི་ཚེས་ ༡༦ ནས་ ༢༠ བར་ཉིན་གྲངས་ལྔའི་རིང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་བསྐྱོད་འཆར་ཡོད་པའི་ཁྲོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཐའེ་ལེཎྜ་གཞུང་ལ་ཁུལ་དེའི་ནང་བཀག་ཉར་བྱས་པའི་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གང་ཟག་ ༤ བཙན་གྱིས་ཕྱིར་སློག་བྱེད་རྒྱུ་མེད་པའི་འབོད་སྐུལ་ཞུས་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྲིད་འཛིན་ Charnvirakul མཆོག་རྒྱ་ནག་ཏུ་མ་ཕེབས་གོང་གི་ཉེ་བའི་དུས་ཡུན་ཁྲོད་རྒྱ་ནག་གཞུང་ནས་ཐའེ་ལེཎྜ་དབང་འཛིན་པ་ཚོར་རྒྱལ་ས་སྦེང་ཀོག་ནང་གི་ཕྱི་མི་གནས་སྤོས་བཀག་ཉར་ཁང་ནང་བཀག་སྐྱིལ་བྱས་ཡོད་པའི་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གང་ཟག་བཞི་རྒྱ་ནག་ལ་ཕྱིར་སློག་དགོས་པའི་གནོན་ཤུགས་ཇེ་ཆེར་བཏང་ཡོད་པ་དང་། འགྲོ་བ་མའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཐའེ་ལེཎྜ་ཐོག་གི་སློབ་སྟོན་པ་རྒན་པ་ Sunai Phasuk ལགས་ཀྱིས། ཐའེ་ལེཎྜ་གྱི་གཞུང་རིམ་པས་ད་བར་རྒྱ་གཞུང་གི་དགོས་འདུན་བསྒྲུབ་པའི་ཆེད་རང་ཉིད་ཀྱི་རྒྱལ་སྤྱིའི་འགན་འཁུར་རྣམས་ལས་སླ་པོར་དོར་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ཐའེ་ལེཎྜ་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འོག་མགོ་བོ་སྒུར་ཏེ་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་གང་ཟག་བཞི་པོ་དེ་དག་རྒྱལ་ཁབ་གསུམ་པར་ཉེན་གཡོལ་དུ་གཏོང་རྒྱུའི་ཚབ་ཏུ་རྒྱ་ནག་ལ་ཁྲིམས་འགལ་གྱིས་ཕྱིར་སློག་བྱས་ན་དེས་ཐའེ་ལེཎྜ་རང་ཉིད་ཀྱི་མཚན་སྙན་ལ་དོ་ཕོག་གཏོང་ཉེན་ཡིན་པ་གསུངས་འདུག
སྤྱིར་ད་ལྟའི་ཆར་ Suan Phlu Immigration Detention Center ཞེས་རྒྱལ་ས་སྦེང་ཀོག་ནང་གི་ Suan Phlu ས་ཚིགས་སུ་རྟེན་གཞི་བྱས་པའི་བཀག་ཉར་ཁང་དུ་ཡོད་པའི་གང་ཟག་བཞི་པོ་ནི། སྲིད་འཛིན་ཞི་ཅིང་ཕིང་གི་དབུལ་ཕོངས་ཉེན་སྐྱོབ་ལས་འགུལ་གྱི་ཤུགས་རྐྱེན་དང་། རྒྱ་ནག་གི་གྲོང་གསེབ་ས་ཁུལ་ཁག་ཏུ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་སྤེལ་མཁན་གྱི་གསར་ཁང་ Caixin གྱི་གསར་འགོད་པ་གྲགས་ཅན་ཟུར་པ་རང་ལོ་ ༥༦ ཡིན་པའི་ Bai Zhaodong དང་། དེ་བཞིན་བོད་མི་དང་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ཡེ་ཤུའི་ཆོས་བརྒྱུད་པ་རང་ལོ་ ༤༩ ཡིན་པའི་ Tan Yixiang། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་ནས་ཐའེ་ལེཎྜ་དུ་བྲོས་བྱོལ་ལ་ཕེབས་མཁན་ཕཱ་ལུན་ཀོང་ཆོས་པ་རང་ལོ་ ༥༦ ཡིན་པའི་ Zhang Xinyan། གཞན་ཡང་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ནས་ཐའེ་ལེཎྜ་དུ་བྲོས་བྱོལ་ལ་ཕེབས་མཁན་རྒྱ་ནག་དམངས་གཙོ་ཚོགས་པའི་ཚོགས་མི་རང་ལོ་ ༥༤ ཡིན་པའི་ Zhou Junyi བཅས་ཡིན་པ་རེད་འདུག
དེ་དག་གི་ཁོངས་ནས་ Zhang Xinyan ལྟ་བུ་མཚོན་ན་སྔ་ལོ་ཕྱི་ཟླ་ ༧ པའི་ནང་ཧོང་ཀོང་གི་ཉེན་རྟོག་པས་ལས་འགུལ་བ་གཞན་ ༡༤ དང་ལྷན་ཡུལ་དེའི་རྩོད་གཞི་ཅན་གྱི་བདེ་འཇགས་ཁྲིམས་གཞི་འགལ་ནས་ཧོང་ཀོང་གི་ས་གནས་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས་རྗེས་འཛིན་བཟུང་བཀག་ཉར་དང་འབྲེལ། ཨ་སྒོར་ ༢༥,༠༠༠ གི་བྱ་དགའ་བསྒྲགས་ཡོད་པ་དང་། དེ་རྗེས་ཐེ་ལེཎྜ་ཉེན་རྟོག་པས་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ Zhang ལ་ཡུལ་དེའི་ནང་མཐོང་མཆན་གྱི་དུས་བཀག་ལས་འགལ་ནས་གནས་སྡོད་བྱས་པའི་ནག་ཉེས་འོག་འཛིན་བཟུང་བྱས་པ་མ་ཟད། ཉེ་ལམ་ཟླ་བ་འདིའི་ཚེས་ ༨ ཉིན། རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ནས་སྐྱབས་བཅོལ་བའི་ངོས་འཛིན་ཐོབ་བཞིན་དུ་ཁེ་ན་ཌར་གཞིས་ཆགས་སུ་འགྲོ་རྒྱུ་བཀག་འགོག་བྱས་ཡོད་པ་རེད་འདུག
མ་ཟད་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ Bai Zhaodong དང་། Tan Yixiang། Zhang Xinyan ལགས་གསུམ་ཀར་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ནས་སྐྱབས་བཅོལ་བའི་ངོས་འཛིན་བྱས་ཟིན་ཡོད་པ་མངོན་གསལ་གནང་འདུག
རྩ་བའི་ཉེ་བའི་ལོ་ཤས་རིང་ཐའེ་ལེཎྜ་གཞུང་རིམ་བྱུང་གིས་རྒྱ་ནག་གིས་འཛིན་བཟུང་བྱེད་འདོད་པའི་མི་དང་ཆབ་སྲིད་ཁ་གཏད་པ་རྣམས་བཙན་གྱིས་ཕྱིར་སློག་བྱས་ཡོད་པ་དང་། ཁོང་རྣམས་ལ་རྒྱ་ནག་ཏུ་གཉའ་གནོན་དང་མནར་གཅོད་སོགས་ཀྱི་དཀའ་སྡུག་མྱོང་དགོས་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༢༥ ཟླ་ ༢ པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་འདྲ་མིན་གྱིས་ཞུ་འབོད་རིམ་པར་ལྟོས་མེད་ཐའེ་ལེཎྜ་དབང་འཛིན་པས་ཡུ་གུར་སྐྱེས་པ་ ༤༠ རྒྱ་ནག་ལ་ཕྱིར་སློག་བཏང་བ་དང་། ཁོང་ཚོའི་ད་ལྟའི་གནས་སྟངས་ཅི་ཞིག་ཡིན་མིན་ཤེས་རྟོགས་ཙམ་ཡང་མེད་པ་རེད། གཞན་ཡང་དེ་སྔོན་ཕྱི་ལོ་ ༢༠༡༥ ཟླ་ ༧ པར་ཐའེ་ལེཎྜ་དབང་འཛིན་པས་ཡུ་གུར་སྐྱེས་པ་ ༡༠༠ ལྷག་རྒྱ་ནག་གཞུང་གི་ལག་ཏུ་བཙན་ཤེད་ཀྱིས་རྩིས་སྤྲོད་བྱས་མྱོང་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ད་དུང་། ཐའེ་ལེཎྜ་རྒྱལ་ཁབ་ནི་ ༡༩༥༡ ལོའི་ Refugee Convention འམ་སྐྱབས་བཅོལ་གྱི་གྲོས་མཐུན་ལ་ས་རྟགས་ཁས་ལེན་བྱེད་མཁན་ཞིག་མིན་པ་ལྟར། རྒྱལ་ཁབ་དེར་སྐྱབས་བཅོལ་བའི་རེ་ཞུ་ལ་དཔྱད་ཞིབ་བྱེད་པའི་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་སམ་ནུས་ལྡན་གྱི་ཐག་གཅོད་ལམ་ལུགས་ཀྱང་མེད་པ་དེ་ལྟར་ཡང་། ཐའེ་ལེཎྜ་གཞུང་གིས་ non-refoulement ཞེས་རང་ཡུལ་དུ་གཉའ་གནོན་གྱི་ཉེན་ཁ་ཡོད་པའི་གང་ཟག་ཅིག་ཕྱིར་སློག་བྱ་རྒྱུ་མེད་པའི་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱེད་རྒྱུའི་འགན་འཁུར་ཡོད་སྐོར་མངོན་གསལ་གནང་འདུག
མ་ཟད་ཚོགས་པའི་ཐའེ་ལེཎྜ་ཐོག་གི་སློབ་སྟོན་པ་རྒན་པ་ Sunai Phasuk ལགས་ཀྱིས་སེམས་ཁུར་ཅན་གྱི་རྒྱལ་ཁབ་ཁག་གཅིག་ཐེ་ལེནྜ་གཞུང་ལ་ཐེ་ལེནྜ་ནང་བདེ་འཇགས་འཚོལ་བཞིན་པའི་མི་མང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་ལས། རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་དེ་དག་རྒྱ་ནག་ཏུ་ཕྱིར་སློག་བྱས་ཏེ་ཉེན་ཁའི་ནང་དུ་འཇུག་མི་རུང་ཞེས་གསུངས་བ་དང་སྦྲགས། ཐེ་ལེཎྜ་ངོས་ནས་ཐེངས་འདིའི་གནད་དོན་ཐོག་འོས་མཚམས་ཀྱི་ཐག་གཅོད་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཚོགས་མིའི་ཐོབ་ཐང་བསྒྲུབས་ཡོད་པ་སྟོན་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག




