Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ནང་གི་རྒྱ་རིགས་སློབ་ཕྲུག་ཚོགས་པས་རྒྱ་ནག་གི་ཆབ་སྲིད་ལས་དོན་གཉེར་གྱི་ཡོད་པ་ཐེར་འདོན། 

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་རྟེན་གཞི་བྱས་པའི་ Henry Jackson Society ཞེས་པའི་ཕྱི་འབྲེལ་སྲིད་བྱུས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་གི་བློ་སྟོན་བསྟི་གནས་ཁང་གིས་དབྱིན་ཡུལ་ནང་ཆེད་འཛུགས་གནང་བའི་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པ་ཞེས་པའི་ལས་དོན་ཐོག་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་སྟེ། རྒྱ་རིགས་སློབ་ཕུག་ཚོགས་པ་དེ་དག་གིས་དབྱིན་ཡུལ་གྱི་མཐོ་སློབ་ཁག་གཙོས་པའི་ས་གནས་སུ་རྒྱ་ནག་གཞུང་གི་དགོས་དམིགས་དང་མཐུན་པའི་ཆབ་སྲིད་ཀྱི་ལས་དོན་གཉེར་བཞིན་ཡོད་པ་ཐེར་འདོན་གནང་འདུག

སྙན་ཐོ་ཤོག་གྲངས་ ༣༦ ཙམ་ཡོད་པའི་ནང་དབྱིན་ཡུལ་དུ་ཡོད་པའི་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པ་ཞེས་པ་དེ་ཐོག་མར་ས་གནས་སུ་ཡོད་པའི་རྒྱ་རིགས་སློབ་མའི་བདེ་དོན་ལ་ལྟ་རྟོག་དང་མཐོ་སློབ་ཁག་དང་འབྲེལ་བ་བཟོ་རྒྱུ་སོགས་ལ་དམིགས་ཏེ་ཆེད་གཉེར་བྱས་པའི་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་ཀྱང་། ད་ཆ་ཚོགས་པ་དེ་དག་གིས་དབྱིན་ཡུལ་གྱི་མཐོ་སློབ་ཁག་ཏུ་རྒྱ་ནག་གི་ལྟ་སྤྱོད་དང་མི་མཐུན་པའི་ལས་འགུལ་སྤེལ་མཁན་དང་དཔྱད་བརྗོད་དང་བསམ་ཚུལ་བཤད་མཁན་རྣམས་ལ་ཆེད་མངགས་ཁ་གཏད་བྱས་པར་མ་ཟད། མཐོ་སློབ་གཙོས་ས་གནས་སུ་ཡོད་པའི་ཧོང་ཀོང་དང་ཡུ་གུར་བའི་སློབ་མ་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་དགོས་འདུན་ཁག་ལ་བཙན་དབང་གིས་འགོག་ཐབས་བྱེད་བཞིན་ཡོད་པར་འགྲེལ་བརྗོད་དང་སྦྲགས། བྱེད་སྟངས་དེ་ནི་དེ་སྔ་ཞི་ཅིན་ཕིང་གིས་གཏམ་བཤད་ནང་རྒྱ་རིགས་ཚོ་ཕྱི་ལ་སློབ་སྦྱོང་བྱས་ནས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེད་དུ་ལས་དོན་གཉེར་དགོས་ཞེས་བཤད་པ་དེ་དངོས་སུ་ལག་བསྟར་བྱེད་བཞིན་པ་ཞིག་ཆགས་ཡོད་ཅེས་གསུངས་འདུག

ཚོགས་པའི་ངོས་ནས་དབྱིན་ཡུལ་གི་ས་ཐོག་ཏུ་ཉམས་ཞིབ་པ་དང་དེང་དུས་ཀྱི་ཚན་རིག་དང་འཕྲུལ་རིགས་སོགས་ལ་ཞིབ་འཇུག་ཚད་མཐོ་བྱེད་མཁན་གྱི་ལས་མི་བསྡུ་རུབ་བྱས་པ་དང་འབྲེལ་རྒྱ་ནག་གི་དགོས་མཁོ་དང་མཐུན་པའི་ལས་དོན་གཉེར་གྱི་ཡོད་པ་མ་ཟད། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་དང་ས་གནས་སུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ ཚོགས་པ་དེ་ཉིད་ལ་དཔལ་འབྱོར་གྱི་མཐུན་འགྱུར་སྐྲུན་པར་ཐེར་འདོན་གནང་འདུག

དབྱིན་ཡུལ་གྱི་མཐོ་སློབ་ཁག་དང་སློབ་ཕྲུག་ཚོགས་པ་རྣམས་ནས་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པ་དང་ཡན་ལག་ཚོགས་པ་རྣམས་ནི་རྒྱ་ནག་གི་ཆབ་སྲིད་ལས་དོན་གཉེར་མཁན་རྒྱ་ནག་གི་ངོ་ཚབ་མི་སྣ་ལྟ་བུར་གཟིགས་གལ་ཡིན་པ་དང་། དབྱིན་ཡུལ་གཞུང་གིས་ཀྱང་རྒྱ་རིགས་སློབ་མ་དང་མཁས་པའི་ཚོགས་པ་ཞེས་པ་དེས་ས་གནས་མི་སེར་གྱི་སྨྲ་བརྗོད་རང་དབང་གཙོས་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་དང་། གསང་བའི་ལས་དོན་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་གཏོང་བཞིན་པའི་གནས་སྟངས་རྣམས་ཤེས་པའི་ཐོག་ནས་རྒྱ་ནག་དང་འབྲེལ་བའི་ཚོགས་པ་དེ་དག་གི་ལས་དོན་བྱེད་ཕྱོགས་ལ་བཅོས་བསྒྱུར་དང་བཏང་འཛིན་ནན་པོ་བྱེད་དགོས་ཞེས་གསུངས་འདུག

དབྱིན་ཡུལ་གཞུང་ནས་རྒྱ་ནག་དང་འབྲེལ་བའི་ཚོགས་པའི་དཔལ་འབྱོར་ཡོང་ཁུངས་ལ་ཡང་བཏང་འཛིན་ནན་པོ་བྱེད་དགོས་པའི་གཞེན་སྐུལ་ནན་པོ་གནང་འདུག དབྱིན་ཇིའི་གཞུང་ཚབ་ཟུར་པ་ Charles Parton ལགས་ནས་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་རིགས་སློབ་མ་མང་པོ་ཞིག་རྒྱ་གཞུང་གིས་ཐབས་བྱུས་འོག་ཚུད་ནས་ཕྱིའི་ས་གནས་ཁག་ཏུ་རྒྱ་གཞུང་གི་ལས་དོན་གཉེར་བཞིན་ཡོད་པ་དང་། དེ་དག་གི་ངོས་ནས་རྒྱ་གཞུང་གི་ལས་དོན་མ་གཉེར་ཚེ་ས་གནས་སུ་ཡོད་པའི་གཞུང་ཚབ་ལས་ཁུངས་ནས་འཕྲལ་མར་རྒྱ་ནག་ཏུ་ཕྱིར་སློག་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

དེ་བཞིན་ཉེ་ཆར་ Civitas ཞེས་པའི་བློ་སྟོན་བསྟི་གནས་ཁང་ནས་བདེ་འཇགས་དང་འབྲེལ་བའི་སྙན་ཐོག་ཞིག་འདོན་སྤེལ་གནང་བའི་ནང་དབྱིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་། Westminster དང་། Huddersfield དེ་བཞིན་ Cranfield སོགས་ཁྱོན་གཙུག་ལག་སློབ་གཉེར་ཁང་ ༤༦ གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་དམག་སྡེ་ཁག་དང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་ཆགས་ཀྱི་ཡོད་པར་ཐེར་འདོན་དང་སྦྲགས། དབྱིན་གཞུང་གིས་དབྱིན་ཡུལ་ནང་གི་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་ཁག་ཏུ་སློབ་འཇུག་གནང་སྟངས་གཙོས་དཔལ་འབྱོར་གྱི་ཡོང་ཁུངས་ཁག་ལ་དཔྱད་ཞིབ་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། 

ལྷག་པར་དུ་སྙན་ཐོ་དེ་འདོན་སྤེལ་གནང་མཁན་ཁོངས་སུ་ཡོད་པ་བདེ་འཇགས་ཆེད་མཁས་པ་སྐུ་ཞབས་ Robert Clark ལགས་ཀྱིས་རྒྱ་ནག་གི་དབྱིན་ཇིའི་མཐོ་སློབ་ཁག་ཏུ་དཔལ་འབྱོར་གྱི་རོགས་རམ་ཆེན་པོ་བྱེད་བཞིན་པ་དེས་དབྱིན་ཡུལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་མ་ཟད་མཐོ་སློབ་ཁག་གི་ཤེས་ཡོན་གྱི་རང་དབང་ལ་ཡང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པ་གསུངས་འདུག

དེའི་བར་ན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་ཡོ་རོབ་ Scotland ཡི་ཕྱི་སྲིད་དང་རིག་གཞུང་བློན་ཆེན་སྐུ་ཞབས་ Angus Robertson ལགས་ཁ་སང་ཕྱི་ཚེས་ ༢༣ ནས་རྒྱ་ནག་ནང་ལ་གཞུང་འབྲེལ་འཚམས་གནང་བཞིན་པ་དང་། བློན་ཆེན་མཆོག་གིས་ཐེངས་འདིའི་འཚམས་གཟིགས་ནི་རྐང་རྒྱ་ནག་དང་ལྷན་དུ་རིག་གཞུང་བརྗེ་ལེན་གཙོས་པའི་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་གོང་སྤེལ་ལ་ཆེད་དམིགས་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད། 

བློན་ཆེན་མཆོག་གི་འཚམས་གཟིགས་འདིའི་ཐད་ལ་ Scotland ཡི་གྲོས་ཚོགས་འཐུས་མི་ Stewart McDonald ལགས་ནས་བློན་ཆེན་མཆོག་རྒྱ་ནག་ནང་ཉིན་གྲངས་དྲུག་ཙམ་རིང་བཞུགས་རིང་ལ་དཔལ་འབྱོར་དང་འབྲེལ་བའི་གནད་དོན་དང་། རྒྱལ་སྤྱིའི་ཁྱོན་ནས་ནས་སེམས་འཚབ་བྱེད་བཞིན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ངེས་དུ་གླེང་སློང་གནང་དགོས་པ། རྒྱ་ནག་ནང་གི་འཚམས་གཟིགས་དེ་ནི་འོས་འཚམས་ཤིག་མིན་སྐོར་དང་སྦྲགས། བློན་ཆེན་མཆོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་རྒྱ་གཞུང་གིས་སི་ཁོ་ལན་ཌིར་ཡུ་གུར་དང་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཐོག་ལྟ་སྲུང་བྱེད་བཞིན་པའི་གནད་དོན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ངན་བྱུས་བརྩམས་དང་རྩོམ་བཞིན་པའི་བྱ་སྤྱོད་ཁག་གླེང་དགོས་ཞེས་བསྐྱར་ནན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།