Tibetan Royal Year of 2151 | Year of the Wood Dragon

དོན་གྲུབ་དབང་ཆེན་ལགས་ལ་ ༢༠༡༩ ལོའི་ཇི་ནི་ཝའི་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་ཕུལ་བ།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཐོག་ཕྱག་ལས་གནང་མཁན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ མཉམ་མཐུན་ལས་གྲུབ་པའི་ Geneva Summit འམ་ཇི་ནི་ཝའི་ལྷན་ཚོགས་ཀྱིས་ ༢༠༡༩ ལོའི་ཇི་ནི་ཝའི་ལྷན་ཚོགས་ཀྱི་སྙིང་སྟོབས་ཆེ་བསྟོད་གཟེངས་རྟགས་དེ་ཁ་སང་ཕྱི་ཚེས་ ༢༦ ཉིན་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་ཕུལ་ཡོད་པ་རེད།རྩ་བའི་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ ལས་གྲུབ་པའི་ཇི་ནི་ཝའི་ལྷན་ཚོགས་ནས་ལྷན་ཚོགས་ཀྱི་ལོ་ལྟར་ལོ་འཁོར་ཚོགས་ཆེན་དང་བསྟུན་འཛམ་གླིང་ནང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་སྙིང་སྟོབས་ལྡན་པའི་ཕྱག་ལས་གནང་མཁན་ལ་ཆེ་བསྟོད་ཀྱི་ཚུལ་དུ་ Courage Award and the Women;s Right Award འམ་སྙིང་སྟོབས་ཀྱི་གཟེངས་རྟགས་དང་བེུད་ཐོབ་ཐང་གི་གཟེངས་རྟགས་ཞེས་པ་གཉིས་གནང་གི་ཡོད་པ་རེད།ཕྱི་ལོ་ ༢༠༡༩ ལོའི་ཇི་ནི་ཝའི་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དེ་ཁ་སང་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་འདི་ག་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་འཚོགས་བཞིན་པའི་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཉིན་མཐའ་མའི་མཛད་སྒོར་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་དངོས་སུ་འབུལ་བཞེས་གནང་སོང་།སྐབས་དེར་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་སྤྱིའི་གཞུང་སྒེར་ཚོགས་པ་ཁག་དང་མང་ཚོགས་ནས་ཁོང་ལ་རྒྱབ་སྐྱོར་དང་སྦྲགས། ད་བར་དཀའ་སྡུག་ལ་མ་འཛེམས་པར་ཆོད་སེམས་གཡོ་བ་མེད་པའི་ཐོག་ནས་འཛམ་གླིང་ཐོག་གི་སྲིད་དབང་སྒེར་གཅོད་ཆེ་ཤོས་དང། སྡུག་རྩུབ་དང་དྲག་གནོན་ཅན་གྱི་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་དང་འཐབ་རྩོད་གནང་དེ་ད་རེས་ཁོང་ལ་གཟེངས་རྟགས་གནང་བར་བོད་མི་དང་འབྲེལ་ཡོད་ཁོང་གི་འཐབ་གྲོགས་ཚང་མའི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་གིས་ད་ལྟའི་ཆར་བོད་ནང་གི་བོད་མི་ཚོ་རྒྱ་གཞུང་གི་དྲག་གནོན་དང་དམ་དྲག་འོག་ཡོད་པ་དང། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཚོ་ནི་ཆབ་སྲིད་བཙོན་པའི་ཉེས་མིང་འོག་རྒྱ་གཞུང་གིས་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཡོངས་རྫོགས་ལ་ཚོད་འཛིན་གྱིས་ཆབ་སྲིད་བཙོན་པ་རྣམས་བཙོན་ཁང་ནང་དུ་ཡོད་སྐོར་གསུངས་པ་དང་ཆབས་ཅིག དེ་བཞིན་བཙོན་ཁང་ནས་ཕྱི་ཕྱོགས་སུ་གློད་བཀྲོལ་ཐོབ་ཀྱང་ཤི་བ་དང་གཅིག་མཚུངས་ཀྱི་གནས་སྟངས་འོག་གནས་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད།ཁོང་གིས་རང་དབང་ཟེར་བ་འདི་ནི་འགྲོ་བ་མིའི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་པ་དང། གལ་ཏེ་མི་ཞིག་གི་རང་དབང་བཙན་འཕྲོག་བྱས་པའི་ཉིན་མོ་ནས་བཟུང་མི་དེ་གསོན་པོར་གནས་མེད་པ་དང་གཅིགས་མཚུངས་རེད་ཅེས་གསུངས་སོང་བ་དང་འབྲེལ། ཁོང་རང་ཉིད་ཀྱི་ངོས་ནས་རང་དབང་ལུང་པའི་ནང་གི་གོ་སྐབས་རྣམས་ལོངས་སུ་སྤྱོད་དེ་བོད་ནང་གི་བོད་མིའི་དཀའ་སྡུག་དང་དངོས་ཡོད་གནས་སྟངས་རྣམས་རྒྱལ་སྤྱིའི་གཞུང་མང་ཁྲོད་དུ་གང་ཐུབ་ཐུབ་ཀྱིས་གོ་རྟོགས་སྤེལ་རྒྱུ་ཡིན་ཞེས་གསུངས་སོང་།ལྷག་པར་དུ་དོན་གྲུབ་དབང་ཆེན་ལགས་ཀྱིས་རྣམ་པ་ཚོའི་ཁ་སང་གི་རྒྱབ་སྐྱོར་དང་སྙིང་སྟོབས་ཀྱིས་ངའི་དེ་རིང་གྱི་ཉིན་མོར་འགྱུར་བ་བཏང་སོང། དེ་རིང་གི་སྙིང་སྟོབས་འདིས་མ་འོངས་པའི་བོད་དོན་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་རེད་ཅེས་གསུངས་པ་དང་ཆབས་ཅིག ང་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་ནས་མདུན་བསྐྱོད་ཞུས་ཏེ་མི་རིང་བར་བོད་ནང་གི་བོད་མི་ཚོར་རང་དབང་དང་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་ཉིན་མོ་ཞིག་ཤར་ཐུབ་ངེས་རེད། ཉིན་མོ་དེའི་ཆེད་དུ་ཚང་མས་མཉམ་རུབ་ཀྱིས་ནུས་པ་སྤུངས་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུས་ཡོད།སྤྱིར་ཕྱི་ཟླ་ ༣ པའི་ནང་དུ་སུད་སུ་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན་རྒྱལ་སྤྱིའི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ ༢༥ མཉམ་རུབ་ཀྱིས་ཇི་ནི་ཝའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལྷན་ཚོགས་ཞེས་པ་དེ་ལོ་ལྟར་ཚོགས་གནང་གི་ཡོད་པ་དང་། ལྷན་ཚོགས་འདིའི་ཐོག་འཛམ་གླིང་ནང་སྲིད་དབང་སྒེར་གཅོད་གཞུང་གི་འོག་དཀའ་སྡུག་མྱངས་པའི་ཆབ་སྲིད་བཙོན་ཟུར་དང། གསར་འགོད་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་མགྲོན་འབོད་ཀྱིས་རྒྱལ་ཁབ་སོ་སོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་གླེང་སློང་གནང་ནས་རྒྱལ་སྤྱིའི་ཁྲོད་བརྒྱུད་བསྒྲགས་གནང་གི་ཡོད་པ་རེད།འདི་ལོའི་ཇི་ནི་ཝའི་ལྷན་ཚོགས་ཐེངས་ ༡༡ པ་དེ་ཁ་ཉིན་ཕྱི་ཚེས་ ༢༥ དང་ཁ་སང་ཚེས་ ༢༦ བཅས་ཉིན་གཉིས་ཀྱི་རིང་ཚོགས་ཡོད་པ་རེད། ཇི་ནི་ཝའི་ལྷན་ཚོགས་ཀྱིས་ལོ་འཁོར་ཚོགས་ཆེན་དང་བསྟུན་ཇི་ནི་ཝའི་ལྷན་ཚོགས་ཀྱི་སྙིང་སྟོབས་གཟེངས་རྟགས་དང་བེུད་ཀྱི་ཐོབ་ཐང་ཆེ་བསྟོད་གཟེངས་རྟགས་ཞེས་པ་གཉིས་འབུལ་ལམ་ཞུས་ཡོད་པ་ལྟར། འདི་ལོའི་བེུད་ཀྱི་ཐོབ་ཐང་གཟེངས་རྟགས་དེ་ཨ་ཕི་རི་ཀའི་ Somali རྒྱལ་ཁབ་ནས་ཡིན་པ་བེུད་ལས་འགུལ་བ་དང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Daughters of Eve ཞེས་པའི་བེུད་ཀྱི་འཕྲོད་བསྟེན་དང་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཆེད་འཛུགས་གནང་མཁན་ Nimco Ali ལགས་སུ་ཕུལ་ཡོད་པ་རེད།ཁ་སང་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཐོག་དོན་གྲུབ་དབང་ཆེན་ལགས་སུ་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་བཞིན་ཁོང་གི་གཏམ་བཤད་ལས་རིམ་གྲུབ་མཚམས་སུ་གསར་འགོད་པས་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་གཟེངས་རྟགས་འདིས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་དང། ད་བར་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་ལ་བོད་ཀྱི་གནད་དོན་ཐོག་འཁྱོག་བཤད་བྱེད་བཞིན་པ་དེ་བདེན་པ་མིན་པ་རྒྱལ་སྤྱིའི་ཁྲོད་ནས་ར་སྤྲོད་བྱུང་བ་ཞིག་མཚོན་གྱི་ཡོད་སྐོར་གསུངས་པ་དང། ལྷག་པར་དུ་ད་རེས་ཀྱི་གཟེངས་རྟགས་གཙོས་པའི་ད་བར་རྒྱལ་སྤྱིའི་ཁྲོད་ནས་གཟེངས་རྟགས་གང་ཐོབ་པ་རྣམས་བོད་མི་ཆབ་སྲིད་པ་རྣམས་དང་བོད་མི་ཡོངས་ལ་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང་།གཞི་རྩའི་བོད་མི་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་བོད་མི་ཚོར་དངོས་སུ་ཐུག་འཕྲད་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་གནང་རྗེས་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༠༨ ནས་ ༢༠༡༤ བར་མི་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་མཇུག་ཏུ་ཁོང་བཙོན་གྲོལ་ཐོབ་ཡོད་ཀྱང་རྒྱ་གཞུང་གི་ལྟ་སྲུང་འོག་ལོ་གསུམ་གྱི་རིང་ཆབ་སྲིད་ཀྱི་ཐོབ་ཐང་གང་ཡང་མེད་པར་གནས་དགོས་བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༥ ཉིན་བོད་ནས་བྲོས་བྱོལ་གྱིས་ཨ་རིའི་ California མངའ་སྡེའི་ San Fransicco གྲོང་ཁྱེར་དུ་བདེ་འབྱོར་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།