fbpx

Tibetan Royal Year of 2149 | Year of the Water Tiber

ནིའུ་ཛ་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་ལ་དགའ་བསུ་དང་ལེགས་གསོའི་འཚམས་འདྲི་མཛད་པ།

Must read

More articles

ཉེ་ཆར་ནིའུ་ཛ་ལན་ཌིའི་སྲིད་བློན་ལྕམ་སྐུ་ Jacinda Ardern མཆོག་གིས་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་རྗེས་དེ་རིང་ཁོང་གི་ཚབ་ཏུ་ཡུལ་དེའི་ངལ་རྩོལ་ཚོགས་པའི་འཐུས་མི་སྐུ་ཞབས་ Chris Hipkins མཆོག་གིས་སྲིད་བློན་གསར་པའི་དམ་འབུལ་གནང་བར་བརྟེན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛ་ལན་ཌིའི་སྲིད་བློན་གསར་རྙིང་སོ་སོར་དགའ་བསུ་དང་ལེགས་གསོའི་འཚམས་འཕྲིན་མཛད་འདུགསྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནིའུ་ཛ་ལན་ཌིའི་སྲིད་བློན་གསར་རྙིང་གཉིས་པོ་སོ་སོའི་མཚན་ཐོག་ཏུ་གསུང་འཕྲིན་སྩལ་བའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་སྲིད་བློན་གསར་པ་སྐུ་ཞབས་ Chris Hipkins མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་པ་དང་སྦྲགས་ཏེ་དེ་སྔ་ནིའུ་ཛ་ལན་ཌིར་ཐེངས་འགར་ཆིབས་བསྒྱུར་མཛད་སྐབས་སུ་ཡུལ་དེའི་མང་ཚོགས་ཀྱིས་མགོན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གྱི་ཐུགས་བསྐྱེད་ལ་ཐུགས་སྣང་དང་དགའ་མོས་གནང་ཕྱོགས་བཅས་ཀྱི་རྣམ་པ་གཟིགས་དུས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་བཀའ་སྩལ་འདུག

དེ་བཞིན་མགོན་པོ་མཆོག་གིས་དེང་སྐབས་ངལ་བ་ཆེས་ཆེར་འཕྲད་པའི་སྐབས་འདིར་སྲིད་བློན་གསར་པ་མཆོག་གིས་ངལ་བ་ཁག་ལ་གདོང་ལེན་དང་ནིའུ་ཛ་ལན་ཌིའི་མང་ཚོགས་ཀྱི་རེ་འདུན་ཁག་ལེགས་གྲུབ་ཐུབ་ཕྱིར་སླད་ཀྱི་ཕྱག་ལས་ཡོངས་རྫོགས་ལམ་ལྷོངས་ཡོང་བར་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སྩལ་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་སྲིད་བློན་གྱི་ལས་གནས་ནས་འཁྱུར་བཞིན་པའི་ལྕམ་སྐུ་ Jacinda Ardern མཆོག་ལ་ལེགས་གསོའི་འཚམས་འཕྲིན་སྩལ་བར་ལྕམ་སྐུ་མཆོག་གིས་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་སྙིང་སྟོབས་ཆེན་པོས་དབུ་ཁྲིད་ཀྱི་རྣམ་དཔྱོད་ཆེད་བཏོན་གྱིས་ཕྱག་ལས་གནང་བ་དང་ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཁ་ཆེའི་ལྷ་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་ལྕམ་སྐུ་ཁོང་གིས་བྱམས་རྩེའི་ཐོག་ནས་ངལ་བ་སེལ་ཐབས་གནང་བར་ཡི་རང་བསྔགས་བརྗོད་མཛད་པ་དང་ཆབས་ཅིག་སྐབས་དེར་ཁོང་གིས་བཀའ་མོལ་བ་གནང་བ་ཞིག་ལུང་འདྲེན་གྱིས་དེ་ནི་ཆེས་དངོས་ཡོད་གནས་ལུགས་དང་མཐུན་པའི་ཡང་དག་པའི་བཀའ་མོལ་ཞིག་རེད་ཅེས་དང་། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ། གཞན་ལ་བརྟེན་དགོས་པ་ཤ་སྟག་ཆགས་ཡོད་སྟབས་ཡོངས་སྒྲིལ་ཤེས་ཡོན་ཐོག་ནས་དགོངས་བཞེས་གནང་གལ་ཡིན་པར་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག་པ་མ་ཟད། སླད་མར་ལྕམ་སྐུ་ཁོང་གིས་ནིའུ་ཛ་ལན་ཌིའི་མང་ཚོགས་ཀྱི་བདེ་དོན་ཆེད་ཕྱག་ལས་གནང་བའི་ཐུགས་རེ་ཡོད་ཅེས་བཀའ་སྩལ་མཛད་འདུག

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛ་ལན་ཌིའི་སྲིད་བློན་གསར་པ་སྐུ་ཞབས་ Chris Hipkins མཆོག་ལ་ཡུལ་དེའི་སྲིད་བློན་ཐེངས་ ༤༡ པ་བསྐོ་གཞག་བྱུང་བར་དགའ་བསུའི་མཚམས་འདྲི་ཞུས་པ་དང་སྦྲགས། ནིའུ་ཛ་ལན་ཌིས་ཕྱི་ལོ་ ༡༩༩༠ ནས་བཟུང་སྟེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཐེངས་འགའ་གདན་འདྲེན་ཞུས་པ་དང་། ནིའུ་ཛ་ལན་ཌིའི་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་ལ་བཞུགས་གནས་ཀྱི་མཐུན་འགྱུར་རོགས་མགོན་གནང་བ་མ་ཚད་པར་བོད་མིའི་བདེན་པའི་འཐབ་རྩོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ནིའུ་ཛ་ལན་ཌིའི་གཞུང་མང་གཉིས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་མཛད་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུན་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད། ལྷག་དོན་ཁོང་གི་དབུ་ཁྲིད་འོག་ནིའུ་ཛ་ལན་ཌིས་བོད་ཀྱི་གནད་དོན་དེ་ཛ་དྲག་ལ་གཟིགས་ཏེ་རྒྱབ་སྐྱོར་ཤུགས་ཆེ་གནང་བའི་རེ་བ་དང་བཅས་སླད་ཀྱི་ཕྱག་ལས་ཡོངས་རྫོགས་ལམ་ལྷོངས་ཡོང་བར་རེ་སྨོན་ཞུ་བཞིན་ཡོད་སྐོར་གསུངས་ཡོད།

(Visited 64 times, 1 visits today)

1 COMMENT

LEAVE A REPLY

Please enter your comment!
Please enter your name here
Captcha verification failed!
CAPTCHA user score failed. Please contact us!

Latest article