Tibetan Royal Year of 2151 | Year of the Wood Dragon

བཀའ་ཁྲི་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་འགོ་རྣམས་ལ་བཀའ་སློབ་གནང་བ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

ཁ་སང་ཉིན་རྒྱབ་ཕྱག་ཚོད་ ༣ ཐོག་བཞུགས་སྒར་དུ་རྟེན་གཞིར་བྱས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཚོགས་བཅར་བ་ཡོངས་ལ་བཀའ་ཁྲི་ཟུར་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ས་གནས་འགོ་འཛིན་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་འགྲུབ་པ་ལ་དམིགས་བསལ་གྱིས་ཞབས་འདེགས་ཞུ་དགོས་གང་དང་གང་ཡོད་དམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་ལམ་སྟོན་གནང་སོང་།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ བོད་མི་ཚོས་ཆོས་དང་སྤྱི་ཚོགས། འཇིག་རྟེན་གྱི་བྱ་བ་སོགས་གང་ཞིག་གཉེར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྟོས་དགོས་པ་དང་བརྟེན་དགོས་པ། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་དབུ་ཁྲིད་དང་ལམ་སྟོན་ནི་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་དེ་ངེས་པར་དུ་མཁྱེན་དགོས་གལ་ཡིན་པར་བཀའ་གནང་བར་མ་ཟད། བོད་ལྗོངས་སུ་འགྲོ་བ་སྤེལ་བ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་བརྒྱ་ཁྱབ་ཏུ་མ་སོང་བར་དུ་བོད་མི་རིགས་ཀྱི་དོན་དག་ཡོངས་སུ་རྫོགས་པ་དེ་འཕགས་པ་སྤྱན་རས་གཟིགས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་པ་ལས་གྲུབ་པ་ཞིག་ཡིན་པ་སོགས་བཀའ་གནང་སྟེ་ བོད་མི་རྣམས་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་ཇི་ལྟར་ཆགས་ཚུལ་ཞིབ་རྒྱས་སུ་ངོ་སྤྲོད་དང་སྦྲགས། ༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ ངོས་རང་སྤྱན་རས་གཟིགས་ཀྱི་༸སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་ཞེས་བཀའ་སྩལ་མཛད་ཡོད་པ་ལྟར། ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཐབས་གནང་རྒྱུ་དེ་བོད་པ་ཡིན་པའི་ཆ་ནས་མི་རིགས་ཀྱི་ལས་འགན་ཞིག་ཡིན་པ་དང་། ༸རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཞུས་ཏེ་ནོར་འཁྲུལ་རིགས་ཡོང་བར་དོགས་པ་གནང་དོན་དགོས་མེད་པ་དང་། ༸གོང་ས་མཆོག་གི་དགོངས་གཞི་དང་དགོངས་པ་ཡག་པོ་རྟོགས་མ་ཐུབ་ནས་ནོར་སྲིད་ཀྱང་དགོངས་པ་དང་དགོངས་གཞི་ལེགས་པར་རྟོགས་ནས་ལག་བསྟར་ཐུབ་ན་སྐུ་ངལ་ཡོང་གི་མ་རེད་ཅེས་བཀའ་གནང་ཡོད།

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ད་དུང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་གོང་བོད་ཀྱི་མ་འོངས་ཆབ་སྲིད་ཀྱི་ལམ་སྲོལ་དེ་ཡང་དག་པའི་མང་གཙོའི་རིང་ལུགས་དང་ཁྲིམས་ཀྱི་དབང་བསྒྱུར་འོག་ཕེབས་དགོས་པའི་དགོངས་གཞི་དེ་སྔར་ནས་ཡོད་པ་བཞིན་༸གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་ཁྲིམས་ཀྱི་དབང་བསྒྱུར་མང་གཙོའི་རིང་ལུགས་ཀྱི་ལམ་སྲོལ་དེ་ས་གནས་སོ་སོའི་ནང་བརྟན་ལྷིང་གནས་ཐབས་གནང་རྒྱུ་གཙོས་ས་གནས་སོ་སོའི་གཞོན་སྐྱེས་ཚོར་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བཟང་སྤྱོད་ཡར་རྒྱས་གནང་སླད་༸གོང་ས་མཆོག་གིས་སྩལ་བའི་གདམ་ངག་དེ་དག་ལག་ལེན་གནང་རྒྱུ། ལས་དོན་ཁྲོད་ཁོར་ཡུག་ཡར་རྒྱས་དང་སྲུང་སྐྱོབ་ལ་སྨིན་པའི་བྱ་བ་གང་ཞིག་གནང་དགོས་མིན་གཟིགས་རྒྱུ། དེ་བཞིན་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་ཕན་པའི་ཞབས་འདེགས་སོགས་ཞུ་དགོས་ཚེ་༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཀྱི་ཐོག་ནས་ཞབས་འདེགས་ཞུ་དགོས་པ་གསུངས་སོང།

གཞན་ཡང་། རིན་པོ་ཆེ་མཆོག་གིས་ས་འགོ་རྣམ་པས་སོ་སོའི་སྐབས་བབ་ཀྱི་ལས་འགན་དེ་བཅའ་ཁྲིམས་རིན་པོ་ཆེའི་སྒྲོམ་གཞི་དང་དགོངས་དོན་ལས་མ་འགལ་བ་གནང་སྟེ་ཁྲིམས་ཀྱི་དབང་བསྒྱུར་གྱི་ནུས་པ་མ་མཉམ་པ་གནང་རྒྱུ་དེ་༸རྒྱལ་བའི་དགོངས་གཞི་སྒྲུབ་རྒྱུ་གཙོ་བོ་དེ་ཡིན་སྐོར་བཀའ་གནང་བ་དང་ཆབས་ཅིག བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བདུན་པ་དེ་དམིགས་སུ་བཀར་ནས་ས་གནས་ཀྱི་སྒྲིག་འཛུགས་ཀྱི་སྐོར་ལ་ཆགས་ཀྱི་ཡོད་པ་དང་། བཅའ་ཁྲིམས་དོན་ཚན་ ༧༧ པ་ནས་ ༩༤ བར་དོན་ཚན་ ༢༣ ཙམ་ས་གནས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་ལྟར། བཅའ་ཁྲིམས་ལག་བསྟར་གནང་བར་བཅའ་ཁྲིམས་ཀྱི་དགོངས་པ་ཇི་བཞིན་ཐུགས་ལ་ངེས་པ་ཞིག་མེད་ན་ལག་བསྟར་གནང་རྒྱུ་ལ་སྐུ་ངལ་འཕྲད་ངེས་ཡིན་སྟབས། ས་འཐུས་དང་ཁྲིམས་ཞིབ། དེ་བཞིན་ས་འགོ་བཅས་ནས་མང་གཙོའི་ཁྲིམས་ལུགས་ཀྱི་སྒྲོམ་གཞིར་ཐུགས་སྣང་གནང་དགོས་པ་དང་ཁྱད་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གྱི་སྒྲོམ་གཞིར་རྣམ་ཀུན་ནས་དགོངས་བཞེད་གནང་གལ་ཡིན་པའི་ལམ་སྟོན་གནང་སོང་། སྐུ་པར་བདག་དབང་། ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ།

འབྲེལ་ཡོད་གསར་གནས།

གསར་གནས།