Tibetan Royal Year of 2151 | Year of the Wood Dragon

བདམས་ཐོན་སྤྱི་འཐུས་རྣམ་པས་༸གོང་ས་མཆོག་གི་ལམ་སྟོན་བཀའ་སྩལ་ལྟར་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་ཞུ་གཏན་ཁེལ་བ། 

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཁག་སེལ་ཐབས་སུ་བདམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོའི་ནང་གསེས་གཉིས་པའི་དགོངས་དོན་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བཀའ་སློབ་ཞིག་སྩོལ་གནང་མཛད་རྒྱུར་ཇི་ལྟར་ལྷ་སྙན་སྒྲོན་འབུལ་ཞུས་པ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་ཁ་སང་བདམས་ཐོན་སྤྱི་འཐུས་རྣམས་ལ་བཀའ་ཡིག་རིན་པོ་ཆེ་སྩལ་གནང་མཛད་པའི་ནང་། ད་ལམ་གྱི་དཀའ་རྙོག་དེའི་རྐྱེན་གྱིས་༸གོང་ས་མཆོག་ལ་ཐུགས་ཕམ་བྱུང་བ་དང་། ཐེངས་འདིའི་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་སྐོར་བཀའ་སྩལ་བར་མ་ཟད། ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་མེད་རེ་ཡིན་མོད་ཅེས་བཀའ་སྩལ་དང་སྦྲགས་ཏེ། ལམ་སྟོན་བཀའ་སློབ་དོན་ཚན་གཉིས་ཕེབས་འདུག་པ་ལྟར། བདམས་ཐོན་སྤྱི་འཐུས་རྣམས་ནས་སྤྱི་མོས་ཀྱིས་དོན་ཚན་དང་པོ་སྟེ། སྐབས་བཅུ་ ༡༧ པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་ཞེས་པའི་ལམ་སྟོན་ལ་ཤར་བསྐྱོད་གནང་གཏན་ཁེལ་སོང་།སྐབས་ ༡༧ པའི་བདམས་ཐོན་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་དང་འབྲེལ་བའི་དཀའ་རྙོག་ཁག་གསལ་སེལ་མ་ཐུབ་པར་ད་ཆ་ཟླ་བ་བཞི་ཙམ་འགྲོ་བཞིན་པའི་མཚམས་འདིར་བདམས་ཐོན་སྤྱི་འཐུས་རྣམས་ཉེ་ཆར་ཕྱི་ཚེས་ ༢༧ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གཉིས་དང་ཕྱེད་ཀ་ཙམ་གྱི་རིང་ནང་མོལ་ཚོགས་འདུ་ཞིག་ཚོགས་ཏེ་དཀའ་ངལ་འདི་སེལ་ཐབས་དང་འབྲེལ་བའི་ཐབས་ལམ་དོན་ཚན་ཁག་དྲུག་གི་ཐོག་གྲོས་བསྡུར་སྦྱང་བཤད་གནང་ཡོད་ཀྱང་། མཐའ་མའི་ཐག་གཅོད་སྐབས་སུ་དགོས་ངེས་ངོ་ཡོད་འཐུས་མི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་མེད་སྟབས་དཀའ་ངལ་འདི་སེལ་ཐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཇི་དགེའི་བླང་དོར་བཀའ་སློབ་སྩོལ་གནང་ཡོང་བའི་ལྷ་སྙན་སྒྲོན་འབུལ་ཞུ་དགོས་པ་དེ་ཆགས་ཡོད་པ་རེད།
བདམས་ཐོན་སྤྱི་འཐུས་རྣམ་པ་ཚོས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ཇི་ལྟར་ལྷ་སྙན་སྒྲོན་འབུལ་ཞུས་དོན་ལྟར། ཁ་སང་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་རྒྱབ་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་མཛད་པའི་བཀའ་ཡིག་དེ་ནང་མོལ་ཚོགས་འདུ་གཙོ་སྐྱོང་གནང་མཁན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྒྲོལ་མ་ཚེ་རིང་ལགས། དེ་བཞིན་བར་བརྒལ་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་བཅས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་ཞུས་ཡོད་པ་དང་། དེ་རིང་སྔ་དྲོ་ཆུ་ཚོད་ ༩༌༣༠ ཐོག་ནང་མོལ་ཚོགས་འདུ་གཙོ་སྐྱོང་བ་རྣམས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་༸རྒྱལ་བའི་བཀའ་ཡིག་རིན་པོ་ཆེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་གདན་འདྲེན་ཞུས་རྗེས། བདམས་ཐོན་སྤྱི་འཐུས་རྣམ་ ༤༥ ཚང་འཛོམས་སར་བཀའ་ཡིག་དེ་ཞལ་འབྱེད་གནང་ཡོད།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་རིན་པོ་ཆེ་སྩལ་བ་དེའི་ནང་། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་སྐབས། མང་གཙོའི་ཀ་བ་གསུམ་གྱི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་བཅའ་ཁྲིམས་ཀྱི་ཚངས་ཐིག་ལས་མི་བརྒལ་བར་འདྲ་མཉམ་དྲང་བདེན་གྱིས་ཆབ་སྲིད་བསྐྱངས་ཏེ། ༸རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་ནམ་ཡང་མི་མངོན་པའི་གདེང་སྤོབས་གནང་ཡོད་པ་དེ་ལྟར་ཡང་། འདི་ལོའི་བྱུང་རིམ་དེའི་རྐྱེན་གྱིས་མགོན་པོ་༸གང་ཉིད་མཆོག་ཐུགས་ཕམ་བྱུང་བར་མ་ཟད།བོད་མི་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ་བ་དང་། ཐེངས་འདིའི་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས་ཞེས་བཀའ་སྩལ་འདུག

ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་མེད་རེ་ཡིན་མོད། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་ཞུ་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་གནང་མཛད་ཡོད་པ་རེད།

༸རྒྱལ་བའི་བཀའ་ཡིག་རིན་པོ་ཆེ་ཞལ་འབྱེད་གནང་གྲུབ་མཚམས་ཏེ་ཉིན་དགུང་ཚོུད་ ༡༢༌༣༠ ཐོག་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་གཙོ་སྐྱོང་གནང་མཁན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ལྷན་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། དཀའ་རྙོག་འདི་སེལ་ཐབས་ཐོག་གྲོས་བསྡུར་ཐག་གཅོད་གནང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་སྟོན་བཀའ་སློབ་གསོལ་འདེབས་ཞུ་རྒྱུ་དེ་བདམས་ཐོན་སྤྱི་འཐུས་རྣམས་ནས་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ཞིག་ཡིན་པ་སོགས་ནང་མོལ་ཚོགས་འདུའི་བརྒྱུད་རིམ་ཁག་འགྲེལ་བརྗོད་གནང་སོང་། ལྷག་པར་བདམས་ཐོན་སྤྱི་འཐུས་རྣམ་པས་མགོན་པོ་༸གང་ཉིད་མཆོག་གི་ཐུགས་རེ་དང་རྒྱ་ཆེའི་མི་མང་གི་ཡིད་ཆེས་དང་རེ་བ་ཇི་བཞིན་མ་འགྲུབ་པར་སྙིང་ནས་མཐོལ་བཤགས་དང་འབྲེལ། བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་བརྟན་པོ་སྙིང་བཅངས་ཀྱིས་མཐོལ་བཤགས་ཞུས་པ་དང་འབྲེལ། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདམས་ཐོན་སྤྱི་འཐུས་རྣམ་པ་སྤྱི་མོས་ཀྱིས་༸གོང་ས་མཆོག་གིས་སྩལ་བའི་ལམ་སྟོན་བཀའ་ཡིག་གི་དོན་ཚན་དང་པོ་སྟེ། ‘’སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།’’ ཞེས་ཕེབས་པ་ལྟར་དོན་ཚན་དང་པོའི་དགོངས་དོན་ཐོག་ཤར་བསྐྱོད་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།  གཞི་རྩའི་འདི་ལོའི་ཕྱི་ཟླ་ ༦ ཕྱི་ཚེས་ ༨ ཉིན་སྤྱི་འཐུས་གྲོས་ཚོགས་སུ་བདམས་ཐོན་བྱུང་བའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་དམ་འབུལ་གྱི་མཛད་རིམ་སྐབས་བདམས་ཐོན་སྤྱི་འཐུས་ ༢༡ ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༧ དགོངས་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་པ་དང་། བདམས་ཐོན་སྤྱི་འཐུས་ ༢༢ ནས་བར་བརྒལ་ཚོགས་གཙོས་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པའི་མདུན་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་མིན་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༤༧ པའི་དགོངས་དོན་ལྟར་དམ་འབུལ་ཞུ་མཁན་སྤྱི་འཐུས་ ༢༡ ལས་བྱུང་མེད་སྟབས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བཞིན་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ཚང་གི་མེད་སྐོར་གསུངས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་རྒྱུས་གཙོས་པའི་ལས་རིམ་ཁག་རྒྱུན་འཁྱོངས་མ་ཐུབ་པར་ཟླ་བ་བཞི་ཙམ་ཕྱིན་ཡོད་པ་དང་། དེ་རིང་བདམས་ཐོན་སྤྱི་འཐུས་རྣམས་པས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཇི་ལྟར་སྩལ་དོན་བཞིན་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་ཞུ་རྒྱུར་ཐུགས་གཏན་ཁེལ་ཡོད་པ་རེད།ཤེས་རྟོགས་བྱུང་བར་སང་ཕྱི་ཚེས་ ༨ ཉིན་བདམས་ཐོན་སྤྱི་འཐུས་རྣམས་ནས་བཅའ་ཁྲིམས་གདོངས་དོན་ལྟར་བར་བརྒལ་ཚོགས་གཙོའི་དྲུང་ནས་དམ་འབུལ་ཞུས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་འོས་འདེམས་ལས་རིམ་ཐོག་ཕེབས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།