བལ་བོད་ས་མཚམས་ཀྱི་ཆུ་ལོག་གོད་ཆགས་ཁྲོད་ད་བར་མི་གྲངས་ ༡༧༧ ལྷག་འདས་གྲོངས་དང་། མི་གྲངས་ ༡༥༠༠ ལྷག་གར་སོང་ཆ་མེད་དུ་གྱུར་འདུག་ལ། དེའི་ཁྲོད་ཉུང་མཐར་བོད་མི་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་ ༡༡ ཡོངས་རྫོགས་ཆུས་བསྣུབས་འདུག

དེ་ཡང་ཁ་སང་ཟླ་བ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོ་བལ་བོད་ས་མཚམས་སྐྱིད་གྲོང་ཁུལ་ནས་རྒྱུག་པའི་བོད་ཆུའམ་མ་གཙང་གཙང་པོར་ཆུ་ལོག་གི་གོད་ཆགས་ཚབས་ཆེ་བྱུང་བའི་རྐྱེན་གྱིས། གཙང་པོའི་ཆུ་རྒྱུན་དུ་གནས་པའི་ར་སུ་ཝ་ཏི་མུ་རི་དང་། ཤབ་རུ་བེ་སི། ནུ་བ་ཀོཊ། ཏི་རི་ཤུ་ལི་སོགས་སུ་མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཚབས་ཆེ་ཕོག་ཡོད་པ་དང་། ད་བར་ཤེས་རྟོགས་བྱུང་བར་གཞིགས་ན། ཆུ་ལོག་ཁྲོད་མི་གྲངས་ ༡༧༧ འདས་གྲོངས་དང་། ཡུལ་སྐོར་བ་འཚུད་པའི་མི་གྲངས་ ༡༥༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་ཡོད། བལ་ཡུལ་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨ་བི་ན་ར་ཡན་ཀ་ཕལ་གྱིས། ད་ལྟའི་ཆར་འཚོལ་ཞིབ་མུ་མཐུད་བྱེད་བཞིན་ཡོད་པ་དང་། འབྱུང་འགྱུར་རྐྱེན་འདས་འགྲོ་མཁན་གྱི་གྲངས་ཚད་འཕར་སྲིད་པ་རེད་གསུངས་འདུག
ཕྱོགས་མཚུངས་བལ་བོད་ས་མཚམས་ཀྱི་ཆུ་ལོག་གི་གོད་ཆགས་ཁྲོད་བོད་སྐྱིད་གྲོངས་ཁུལ་ལའང་གནོད་སྐྱོན་ཚབས་ཆེ་ཕོག་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་བར་མི་ ༣ འདས་གྲོངས་དང་། མི་གྲངས་ ༥༥༨ གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་སྤེལ་བ་ཙམ་ལས། ཞིབ་ཕྲའི་གནས་སྟངས་གསལ་ཁ་མི་འདུག

གཞན་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཆུ་ལོག་གོད་ཆགས་ཁྲོད་ར་སུ་ཝ་ཏི་མུ་རི་དང་། ཤབ་རུ་བེ་སིའི་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ལའང་གནོད་སྐྱོན་ཚབས་ཆེ་ཕོག་འདུག དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གྲངས་ཐོ་བཏོན་པ་ལྟར་ན། ཁུལ་དེར་བོད་མིའི་ཁ་འཐོར་འདུ་གནས་ལྔ་སྟེ། ༡) ར་སུ་ཝ་དགེ་རྒྱས་གླིང་གཞིས་ཆགས་ཀྱི་ཁྱིམ་ཚང་ ༡༡ ཆ་ཚང་ཆུས་བསྣུབས་ཏེ། དེར་གནས་སྡོད་བྱེད་མཁན་རྒན་རྒོན་གཉིས་ཀ་གར་སོང་ཆ་མེད་དང༌། ཤབ་རུ་ཁྲོམ་ཆ་ཚང་ཆུས་ཁྱེར་ཏེ་དེར་གནས་སྡོད་བྱེད་མཁན་ཁང་ཁྱིམ་ ༢ ལས་མི་ ༡ འདས་གྲོངས་དང་། ཁྱིམ་ཚང་གཞན་དེ་ནས་མི་གྲངས་ ༣ གར་སོང་ཆ་མེད། ༢) ཏི་མུ་རེ་ས་གནས་སུ་བོད་མིའི་ཁྱིམ་ཚང་ ༢ ལ་མི་གྲངས་ ༦ ཡོད་པ་གར་སོང་ཆ་མེད་གྱུར་འདུག
གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གསལ་བསྒྲགས་ནང་དུ། བལ་ཡུལ་གཞུང་གིས་བོད་མི་དྲུག་མྱུར་སྐྱོབ་གནང་ཡོད་པའི་གནས་ཚུལ་སྤེལ་འདུག
འདི་ག་གསར་ཁང་གིས་ར་སུ་ཝ་ཁུལ་དེར་གནས་སྡོད་ཉུང་མཐར་བོད་མི་ལྔ་ཆུས་ཁྱེར་ཏེ་རྐྱེན་ལམ་དུ་གྱུར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།
འདི་ག་རླུང་འཕྲིན་ཁང་གིས་ས་གནས་དེར་གནས་སྡོད་བྱེད་མཁན་བོད་མི་ཞིག་ལ་འབྲེལ་བ་ཞུ་དུས། མོ་རང་ཉིན་གཉིས་ཀྱི་སྔོན་ར་སུ་ཝ་ནས་ཀ་ཐ་མན་གྲུར་སླེབས་འདུག་ལ། མོས་བཤད་པ་ལྟར་ན། ཆུ་ལོག་ཁྲོད་མོ་རང་གི་གཅུང་མོའི་བཟའ་ཟླ་འཚུད་པའི་ནང་མི་ཡོངས་རྫོགས་ཆུས་ཁྱེར་ཟིན་འདུག་ལ། ད་ལྟའི་ཆར་ས་གནས་སུ་ཁ་པར་གྱི་བརྒྱུད་ལམ་ཆད་པའི་རྐྱེན་གྱིས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་མེད་པ་བརྗོད་བྱུང་།
ཆུ་ལོག་གོད་ཆགས་ནང་རྐྱེན་འདས་དང་། གར་སོང་ཆ་མེད་དུ་འགྲོ་མཁན་ཁྲོད་དུ་རྒྱ་གར་དང་། ཨ་རི། ཨོསྟྲེ་ལི་ཡ། ཨིན་ཡུལ། ཁེ་ན་ཊ་སོགས་ཀྱི་ཡུལ་སྐོར་བ་ ༦༠༠ ལྷག་ཡོད་སྐོར་བལ་ཡུལ་ཉེན་རྟོག་ལས་ཁུངས་ཀྱིས་བསྒྲགས་འདུག
བལ་བོད་ས་མཚམས་སུ་རང་བྱུང་གི་ཆག་སྒོ་བྱུང་བའི་རྗེས་སུ། རྒྱ་གར་དང་། ཨ་རི། རྒྱ་ནག མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་ངལ་སེལ་ལས་དོན་ཆེད་དགོས་ངེས་རྒྱབ་སྐྱོར་དང་། སྐྱོབ་གསོ་སྤྲོད་འདུག་ལ། རྒྱ་གར་གཞུང་གིས་བལ་ཡུལ་དུ་ངལ་སེལ་མཁོ་ཆས་དང་། སྨན། ཟས་རིགས་སོགས་མཁོ་གཏོང་གནང་ཟིན་འདུག
ཆུ་ལོག་གི་གོད་ཆགས་བྱུང་རྐྱེན་གཙོ་བོ་གང་ཡིན་སྐོར་ད་ལྟ་རྩད་གཅོད་བྱེད་མུས་ཡིན་ནའང་། སྔོན་འགྲོའི་ཞིབ་འཇུག་ལྟར་ན། ཁུལ་དེ་རུ་སྐར་མ་ཁ་ཤས་སྔོན་ས་ཡོམ་བྱུང་བ་དེས་རྐྱེན་བྱས་ཏེ། འཁྱགས་རོམ་གས་ཆག་ཤོར་ནས་ཆུ་རུད་བྱུང་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་ནའང་། ཨ་རིའི་ས་གཤིས་ཉམས་ཞིབ་སྡེ་ཚན་(U.S. Geological Survey)གྱིས་ཁུལ་དེར་བྱུང་བའི་འགུལ་ཚད་ ༤་༤ ཅན་གྱི་གཡོ་འགུལ་དེ། འཁྱགས་རོམ་གས་ཆག་བྱུང་བའི་རྐྱེན་གྱིས་ས་འགུལ་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

Planet Labs ཉམས་ཞིབ་ཚོགས་པའི་བཏོན་པའི་ཟུང་སྐར་པར་རིས་ལ་གཞི་བཞག་ནས། བལ་ཡུལ་རྒྱལ་ཡོངས་ཛ་དྲག་ཉེན་སྲུང་སྡེ་ཚན་(The National Disaster Risk Reduction and Management Authority of Nepal)གྱིས་ར་སུ་ཝའི་ས་མཚམས་ཀྱི་བྱང་ཕྱོགས་ཀི་ལོ་མི་ཊར་ ༢༠ མཚམས་སུ་འཁྱགས་པ་དང་བྲག་རྡོ་རུད་པ་ལ་བརྟེན་ནས། ཞིག་རོས་ཁེངས་པའི་ཆུ་ལོག་གི་གོད་ཆགས་དེ་ཉིད་བྱུང་ཡོད་སྲིད་པར་བརྗོད་འདུག་ལ། དེ་བཞིན་ཆེད་མཁས་པ་ཁག་ཅིག་གིས་ཟུང་སྐར་པར་རིས་དེ་ལ་བལྟས་ནས། ས་མཐོའིའཁྱགས་རོམ་གྱི་སྨད་ཕྱོགས་ཀྱི་ཆ་ཤས་དུམ་བུ་གང་འཚམ་ཞིག་གས་ཆག་ཤོར་ནས། གཤམ་འོག་ཡུལ་གཤོང་དུ་ས་དང་རྡོ་འཁྱེར་བཞིན་རུད་པ་ལ་བརྟེེན་ནས་ཆུ་ལོག་དེ་བྱུང་ཡོད་སྲིད་པའི་ཚོད་དཔག་གནང་གི་འདུག
གང་ལྟར་ཡང་། ད་བར་རྒྱུ་རྐྱེན་གང་ལ་བརྟེན་ནས་འཁྱགས་རོམ་གས་ཆག་ཤོར་བ་གསལ་པོ་ཤེས་རྟོགས་བྱུང་མེད།
རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་གོད་ཆགས་ཕོག་ཡུལ་དུ་མྱུར་སྐྱོབ་དང་། ངལ་སེལ་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་སྐོར་བཤད་པ་ཙམ་ལས། དེ་ཉིད་ཀྱི་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་གསལ་བཤད་བྱས་མེད། རྒྱ་ནག་གི་གཞུང་འབྲེལ་གསར་ཁང་གིས་གོད་ཆགས་དེ་འདམ་རུད་ཡིན་པར་འགྲེལ་བརྗོད་བྱས་ཡོད།
གཞི་རྩའི་བལ་བོད་ས་མཚམས་སྐྱིད་གྲོངས་ཁུལ་དུ་སྔ་ལོ་ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ནང་ལ་ཡང་ཆུ་ལོག་གི་གོད་ཆགས་བྱུང་ནས་མི་གྲངས་ ༩ རྐྱེན་འདས་དང་། མིི་གྲངས་ ༢༤ གར་སོང་ཆ་མེད་དུ་གྱུུར་བ་མ་ཚད། བལ་བོད་མཛའ་འབྲེལ་གྱི་ཟམ་པའང་ཆུས་ཁྱེར་ཡོད། སྔ་ལོའི་ཆུ་ལོག་གི་བྱུང་རྐྱེན་གཙོ་བོ་དེ་འཁྱགས་རོམ་བཞུར་བའི་མཚོ་ལུད་པ་ལ་བརྟེན་ནས་ཡིན་པར་བསྒྲགས་ཡོད།།




