Tibetan Royal Year of 2151 | Year of the Wood Dragon

བུ་ཆུང་ཚེ་རིང་ལགས་སུ་ Truman–Reagan རང་དབང་གི་གཟེངས་རྟགས་འབུལ་བཞེས།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཞོན་ཟུར་པ་དང་། ད་ལྟའི་ཆར་ལས་འགུལ་ཁང་དེ་ཉིད་ཀྱི་ཉམས་ཞིབ་སྡེ་ཚན་སྣེ་ཁྲིད་པའི་ཐུགས་འགན་བཞེས་བཞིན་པ་བུ་ཆུང་ཚེ་རིང་ལགས་སུ་ Truman–Reagan Medal of Freedom ཞེས་པའི་རང་དབང་གི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་དང་། ཁོང་གིས་སྐབས་དེར་གཟེངས་རྟགས་དེ་ཉིད་བརྒྱུད་ཁོང་སྒེར་ཙམ་མིན་པར། བོད་མི་མང་སྤྱིའི་སྙིང་སྟོབས་དང་འཐབ་རྩོད་ལ་ཆེས་བསྟོད་མཚོན་གྱི་ཡོད་པ་མ་ཟད། སྒོས་སུ་རྒྱ་ནག་གི་དབང་སྒྱུར་འོག་འདས་གྲོངས་སུ་གྱུར་བའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་གྱི་བློས་གཏོང་ལ་རྗེས་དྲན་ཞིག་ཀྱང་ཡིན་པ་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་འདུག

Truman–Reagan Medal of Freedom ཞེས་པའི་རང་དབང་གི་གཟེངས་རྟགས་དེ་ནི་ Victims of Communism Memorial Foundation ཞེས་ཨ་རིའི་རྒྱལ་ས་ Washington DC ནང་རྟེན་གཞི་བྱས་པའི་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་དྲན་རྟེན་ཚོགས་པས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ཁེ་ལས་མ་ཡིན་པའི་ཚོགས་པ་དེའི་ངོས་ནས་ལོ་ལྟར་རང་དབང་གི་རྒྱལ་ཁ་སྲུང་བརྩི་དང་། འཛམ་གླིང་དེ་བཞིན་དམར་ཤོག་རིང་ལུགས་ནས་ཐར་ཐབས་སླད་དུས་དྲན་དེ་གོ་སྒྲིག་ཞུས་ཀྱི་ཡོད་པ་དང་ཆབས་ཅིག ཞི་བདེ་དང་། རང་དབང་ཆེད་བློས་གཏོང་རྒྱ་ཆེ་གནང་མཁན་གང་ཟག་སོ་སོར་གཟེངས་རྟགས་དེ་བའི་ཕུལ་ཐོག་དམར་ཤོག་རིང་ལུགས་ཀྱི་གནོད་འཚེ་ཕོག་ཡུལ་མི་མང་ས་ཡ་ ༡༠༠ ལྷག་ཡོད་པ་རྣམས་ལ་རྗེས་དྲན་ཞུ་ཡི་ཡོད་པ་རེད།

རྒྱལ་ས་ Washington DC ནང་ཟླ་བ་འདིའི་ཚེས་ ༩ ཉིན་གོ་སྒྲིག་ཞུས་པའི་ཐེངས་འདིའི་མཛད་སྒོའི་ཐོག་ཚོགས་པ་དེའི་ངོས་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་པ་ལྕམ་སྐུ་ Paula Dobrainsky མཆོག་གི་ཕྱག་ནས་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་སུ་གཟེངས་རྟགས་དེ་འབུལ་བཞེས་གནང་ཡོད་པ་དང་། མཛད་སྒོར་ཨ་རིའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་གཙོས་ཚོགས་སྡེ་འདྲ་མིན་གྱི་སྐུ་ཚབ་ཁག་གཅིག་ལྷན་ཞུགས་གནང་ཡོད་པ་རེད།

བུ་ཆུང་ཚེ་རིང་ལགས་ཀྱིས་སྐབས་དེར། དུས་ཚིགས་དེའི་གོ་སྐབས་གཙོ་བཞེས་ཐོག་བོད་ནང་གི་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་རྗེས་དྲན་ཞུས་པ་དང་ཆབས་གཅིག ནང་པའི་ལྟ་གྲུབ་དང་ཚན་རིག་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གིས་ཕྱོགས་གང་སྤྱིའི་ཐད་ནས་འཛམ་གླིང་འདིར་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་སྙིང་རྗེ་ཁོ་ན་བསམ་སྟེ། བོད་མིར་རྒྱབ་སྐྱོར་གནང་རྒྱུ་མེད་པའི་ཞུ་སྐུལ་གནང་བ་དང་འབྲེལ། བོད་ཀྱི་ཐུན་མིན་རིག་གཞུང་འདི་རྒྱུན་གནས་ཐུབ་དང་མ་ཐུབ་ཅེས་པ་དེ་རྒྱལ་སྤྱིའི་ཁེ་ཕན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་པ་ནན་བརྗོད་གནང་འདུག

བུ་ཆུང་ལགས་ཀྱིས་ད་དུང་ཁོང་ལྟ་བུ་མཚོན་ན་བོད་རང་བཙན་ཤོར་སྐབས་ཕྲུ་གུ་མ་འབྱར་ཞིག་ཡིན་སྟབས། རྒྱ་ནག་གི་གདུག་རྩུབ་འོག་མྱང་མྱོང་མེད་ཀྱང་། རྒྱ་ནག་གི་དབང་སྒྱུར་འོག་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་རྫོགས་ཀྱི་མི་རིགས་ཀྱི་ངོ་བོ་དང་བོད་མི་གཅིག་གི་འདུ་ཤེས་ལ་རྡོག་རོལ་ཤུགས་ཆེ་བཏང་བའི་ཁྲོད། ཁོང་ཡང་བོད་རིགས་སྤུན་ཟླ་གཞན་དང་གཅིག་མཚུངས་ལྟར་རྒྱ་ནག་དམར་ཤོག་གི་གནོད་འཚེ་ཕོག་ཡུལ་ཞིག་ཆགས་ཡོད་སྐོར་གསུངས་ཏེ། ད་རེས་ཚོགས་པའི་ངོས་ནས་ཁོང་ལ་གཟེངས་རྟགས་གནང་བ་དེའི་བརྒྱུད་རྒྱ་ནག་གི་དབང་སྒྱུར་འོག་ཚེ་སྲོག་ཤོར་བའི་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཙམ་གྱི་བློས་གཏོང་ལ་ཆེས་བསྟོད་དང་རྗེས་དྲན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག

མ་ཟད་ཁོང་གིས་དུས་ཚིགས་དེའི་ཐོག་ནས་མིའི་སྙིང་སྟོབས་ཞེས་པ་དེ་དུས་རྟག་ཏུ་གནས་རྒྱུ་ཡིན་སྟབས། བོད་ཅེས་པ་དེ་དུས་ནམ་ཡང་མེད་པར་འགྱུར་རྒྱུ་མིན་པ་དང་། འགྲོ་བ་མི་རྣམས་དུས་རྟག་ཏུ་བྲན་གཡོག་གི་ངོ་བོར་སྡོད་ཐུབ་རྒྱུ་མིན་སྟབས། དམར་ཤོག་རིང་ལུགས་ཟེར་བ་དེ་ལམ་ལྷོངས་ཡོང་རྒྱུ་མིན་པ་གསུངས་འདུག

རྩ་བའི་ Victims of Communism Memorial Foundation ཚོགས་པས་སྤེལ་བའི་སྤྱི་བསྒྲགས་ནང་། བུ་ཆུང་ཚེ་རིང་ལགས་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མཚོན་པར་བྱེད་མཁན་གྱི་གང་ཟག་ཅིག་དང་། རྒྱ་ནག་དམར་ཤོག་གཞུང་གི་དྲག་གནོན་ལ་འགོག་རྒོལ་བྱེད་མཁན་ཞིག་ཏུ་ངོས་འཛིན་དང་འབྲེལ། ཁོང་གིས་ད་བར་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ་ལས་རིམ་རིམ་པར་ཞུགས་ཡོད་པ་དང་། ལྷག་པར་གཙུག་ལག་སློབ་གཉེར་ཁང་དང་ཉམས་ཞིབ་ཁང་འདྲ་མིན་ནང་བོད་ཀྱི་གནད་དོན་ཐད་གསུང་བཤད་གནང་མྱོང་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་ཚན་པའི་ཐུགས་འགན་བཞེས་པའི་ཁྲོད་རྒྱ་ནག་གིས་བོད་མིར་དྲག་གནོན་དང་མི་རིགས་དབྱེ་འབྱེད། དེ་བཞིན་བོད་ཀྱི་ཁོར་ཡུག་རྩ་གཏོར་སོགས་ཀྱི་གནད་དོན་ལ་ཁ་བཤད་གཉིས་མེད་ཀྱི་བདེན་དཔང་ར་སྤྲོད་གནང་མཁན་ཞིག་ལ་འགྲེལ་བརྗོད་གནང་འདུག

པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།