Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩༌༣༠ ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ཀམ་པུ་ཊར་སྡེ་ཚན་གྱི་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་སྐྲུན་ཞུས་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔེ་དེབ་གསར་པ་དབུ་འབྱེད་དང་འབྲེལ་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་འཆད་ཁྲིད་མུན་སེལ་སྒྲོན་མེ་ཞེས་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་སྐྱར་ཞིབ་ཞེས་པའི་དམིགས་བསལ་འཆད་ཁྲིད་ལེ་ཚན་ཞིག་དབུ་འཛུགས་གནང་སོང་།

ཤོག་ལྷེ་ ༢༧༢ ཅན་གྱི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་གནང་བའི་དཔེ་དེབ་ནང་འབུམ་རམས་པ་མཁན་པོ་ཀུན་དགའ་ཤེས་རབ་ལགས་དང་འབུམ་རམས་པ་རྭ་གཉན་ཐར། བློ་བཟང་རྒྱལ་མཚན། བསོད་ནམས་རྒྱལ་མཚན། སྨན་ཤེར་བློ་གྲོས། གཙང་ཕྲུག་སྟོབས། ཨ་འབྲུག་དཀོན་མཆོག དགེ་བཤེས་ཁྲི་གཡུང་དྲུང། དེ་བཞིན་བསོད་ནམས་རྡོ་རྗེ་ལགས་བཅས་ཀྱིས་བོད་དུ་སྤྲུལ་སྐུའི་ལམ་ལུགས་དར་ཁྱབ་བྱུང་ཚུལ་དང་ངོས་འཛིན་བྱེད་ཚུལ། སྐུ་ཕྲེང་གཅིག་ལ་ཡང་སྲིད་གཉིས་བྱུང་བའི་རྒྱབ་ལྗོངས་དང་མཇུག་འབྲས། གསེར་འབུམ་དཀྲུག་འདོན་གྱི་སྔ་ཕྱིའི་བརྒྱུད་རིམ། གནའ་བོའི་བོད་ཀྱི་ཕྱག་སྲོལ་ལྟར་སྨན་རིའི་ཁྲི་འཛིན་རྟགས་སྒྲིལ་སྐོར་གྱི་ཐོག་མའི་སྙན་ཞུ་སོགས་ཀྱི་བརྗོད་གཞི་ཐོག་དཔྱད་རྩོམ་སྤེལ་བ་ཞིག་ཡིན་པ་རེད།

རླུང་འཕྲིན་ཁང་གིས་ཕྱག་དེབ་འདིའི་རྩོམ་སྒྲིག་པ་ཚེ་རིང་བསམ་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཕྱག་དེབ་ནང་ཆོས་བརྒྱུད་སོ་སོའི་ཡང་སྲིང་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞུས་པ་ལས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་རྩོམ་པོ་སོ་སོའི་ཡང་སྲིད་སྐོར་གྱི་བཞེངས་ཕྱོགས་དེ་ངོས་ལེན་ཡོད་པ་ཞིག་མིན་པར་ངོ་སྤྲོད་དང་སྦྲགས། ཕྱག་དེབ་དེ་འདོན་སྤེལ་གནང་དོན་ནི་རྒྱ་ནག་གིས་སྤྲུལ་སྐུའི་ཡང་སྲིད་དང་ལྷག་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་བདག་དབང་སྐོར་འདྲ་མིན་བརྗོད་བཞིན་པའི་དུས་སྐབས་འདིར་བཙན་བྱོལ་བོད་མིའི་ཤེས་ཡོན་ཅན་རྣམས་ཀྱིས་ཆོས་བརྒྱུད་སོ་སོའི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དགོངས་ཚུལ་གསལ་བའི་དཔེ་དེབ་འདོན་སྤེལ་གནང་ཐུབ་ཚེ་ཁྱོན་ཡོངས་ནས་དོ་སྣང་ཡོང་ཐབས་ལ་དམིགས་པ་ཞིག་ཡིན་པར་གསུངས་སོང་།

དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་འདས་པའི་ལོ་རྒྱུས་སུ་བོད་ཀྱི་བླ་ཆེན་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་རྒྱ་ནག་གཞུང་གི་བཏང་འཛིན་འོག་ཏུ་ཡོང་རྒྱུའི་ཐབས་བརྒྱ་བྱུས་སྟོང་བྱ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་མཆོག་གིས་དབུས་པའི་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་གནང་རྒྱུ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་ཀུན་སློང་ཆེན་པོ་ཞིག་གི་ཐོག་ནས་སྤྲུལ་སྐུའི་ཡང་སྲིད་དེ་སྤྱོད་ཐབས་ཤིག་ཆགས་ཡོད་སྟབས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འདོན་སྤེལ་ཞུས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ནང་གཙོ་བོ་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་སོ་སོའི་ལུགས་སུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ཞིབ་འཇུག་གིས་མངོན་གསལ་གནང་ཡོད་སྐོར་གསལ་བཤད་གནང་ཡོད།

འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ནང་། ས་རཱ་མཐོ་རིམ་སློབ་སློབ་གཉེར་ཁང་གི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས་༸རྒྱལ་མཆོག་བཅུ་གསུམ་པ་ཐེངས་གཉིས་ཉེན་ཡོལ་དུ་ཕེབས་པའི་བརྒྱུད་རིམ་སྐོར་དང་། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ནས་སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོ་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་སྐོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་འབུམ་རམས་པ་གཉན་ཐར་ལགས་ནས་གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་ཀྱི་དགེ་ལུགས་པའི་དགོན་སྡེ་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་སྐོར་བཅས་འཆད་ཁྲིད་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།