Tibetan Royal Year of 2151 | Year of the Wood Dragon

བོད་དཀར་མཛེས་ཁུལ་དུ་བོད་ཡིག་འཛིན་གྲྭ་མེད་པ་བཟོས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་ཡིག་འཛིན་གྲྭ་མེད་པ་བཟོས་ཏེ་རྒྱ་ཡིག་རྐྱང་པ་སློབ་ཁྲིད་བྱེད་དགོས་པའི་བཙན་བཀའ་བཏང་བར་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་མཐར་ཕྱིན་སློབ་མ་ཚོས་ དཀར་མཛེས་ཁུལ་དུ་ཡིག་རྒྱུགས་གཏོང་འཐུས་མེད་པ་བཟོས་འདུག

འདི་ལོའི་ཟླ་ ༦ ནང་རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་གྱི་བོད་ཡིག་སློབ་འབྲིང་ཁག་ལྔ་ནང་སློབ་འགོ་འཛུགས་སྐབས་བོད་ཡིག་སློབ་ཁྲིད་མཚམས་འཇོག་དགོས་པའི་བཙན་བཀའ་བཏང་ཡོད་པ་ལྟར། ཉེ་ལམ་ཕྱི་ཟླ་ ༩ ནང་སློབ་འོག་འཛུགས་སྐབས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མར་བོད་ཡིག་སློབ་ཁྲིད་བྱ་རྒྱུ་མེད་པ་བཟོས་ཏེ་རྒྱ་ཡིག་རྐྱང་པ་སློབ་ཁྲིད་བྱེད་དགོས་པའི་བཙན་བཀའ་བཏང་བར་མ་ཟད། དཀར་མཛེས་ཁུལ་གྱི་མཐར་ཕྱིན་མཐོ་རིམ་སློབ་མ་ཚོའི་ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་གི་ཡིག་རྒྱུགས་དེ་རྔ་བ་ཁུལ་གྱི་མི་རིགས་མཐོ་རིམ་སློབ་འབྲིང་དུ་གཏང་དགོས་པ་ལས་དཀར་མཛེས་ཁུལ་དུ་ཡིག་རྒྱུགས་གཏང་འཐུས་མེད་པ་བཟོས་འདུག

རླུང་འཕྲིན་ཁང་ནས་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་དཀར་མཛེས་ཁུལ་དུ་བོད་ཡིག་འཛིན་གྲྭ་མཚམས་འཇོག་བྱ་རྒྱུ་དེ་ ༢༠༢༠ འཆར་གཞི་ཞིག་ད་ཆ་དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། སྲིད་བྱུས་ལག་བསྟར་བྱས་པའི་ཁྲོད་བོད་དགེ་ཡིན་པ་གང་ཞིག་རྒྱ་སྐད་ལེགས་པར་ཤེས་མཁན་རྣམས་རྒྱ་ཡིག་དགེ་རྒན་དུ་བསྐོ་གཞག་དང་རྒྱ་ཡིག་ཡག་པོ་མི་ཤེས་མཁན་རྣམས་རྔ་བར་བོད་དགེའི་ལས་ཀ་འཚོལ་བཞིན་པ། དེ་བཞིན་གཞན་ཁག་གཅིག་ཚོང་ཙག་ཙིག་གཉེར་ཐབས་གནང་བཞིན་ཡོད་པ་ཤེས་རྟོགས་བྱུང་བ་གསུངས་སོང་།

རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་མཚམས་འཇོག་བྱས་པ་ཙམ་མིན་པར་རྔ་བ་ཁུལ་དུ་གསར་ཞུགས་སློབ་མ་ཚོར་རྒྱ་ཡིག་ཁོ་ན་སློབ་ཁྲིད་བྱས་པར་མ་ཟད། མཛོད་དགེ་ཁུལ་དུའང་ཕྱི་ལོ་ ༢༠༢༡ རྗེས་གསར་ཞུགས་སློབ་མ་རྣམས་ལ་རྒྱ་ཡིག་འཛིན་གྲྭ་ཁོ་ན་ལས་བོད་ཡིག་འཛིན་གྲྭ་མེད་པར་བཟོས་ཟིན་པའི་གནས་སྟངས་ཆགས་ཡོད་པ་གསུངས་སོང་། 

པདྨ་ལགས་ཀྱིས་ད་དུང་རྒྱ་ནག་གིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་ཡར་རྒྱས་དང་བསམ་བློ་ཡར་རྒྱས། དཔལ་འབྱོར་ཡར་རྒྱས་འགྲོ་བར་རྒྱ་སྐད་རྒྱ་ཡིག་ལ་བརྟེན་དགོས་པ་ལས་བོད་སྐད་བོད་ཡིག་ཐོག་ནས་ཡར་རྒྱས་འགྲོ་རྒྱུ་མེད་པར་བཤད་ཀྱི་ཡོད་པ་ལྟར། བོད་ཀྱི་ས་ཁུལ་ཁག་ཏུ་བོད་ཡིག་འཛིན་གྲྭ་མེད་པ་བཟོ་རྒྱུའི་སྲིད་བྱུས་དེ་དོན་དམ་ལ་བོད་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ཤིག་ཡིན་པར་གསུངས་ཡོད།

གཞི་རྩའི་རྒྱ་ནག་གཞུང་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་བོད་མིར་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་མི་སྤྱོད་ལས་འདས་པའི་གནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་དེ་ལྟར་ཡང་། ཉེ་བའི་ལོ་ཤས་ནང་ཞི་ཅིན་ཕིང་གིས་བོད་ཡོངས་རྫོགས་རྒྱ་བསྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པའི་ཁྲོད་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭར་བོད་ཕྲུག་བྱིས་པ་ལོ་ན་ ༤ ནས་ ༡༨ བར་ཁྱོན་ས་ཡ་གཅིག་ལྷག་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་ཡོད་པར་མ་ཟད། འདི་ལོའི་ཕྱི་ཟླ་ལྔ་པ་ནང་ཇི་ནི་ཝར་བསྐོང་ཚོགས་གནང་བའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༡༥ ཐོག་བཅའ་སྡོད་སློབ་གྲྭའི་སྲིད་བྱུས་དངོས་སུ་མཐོང་ཐོས་མྱོང་གསུམ་ཡོད་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་ཕྲུག་རྣམས་རང་གི་ཕ་མ་གཙོས་ནང་མི་རྣམས་དང་ཁ་བྲལ་བཏང་བའི་བྱེད་བབ་དེས་བོད་ཕྲུག་རྣམས་བཙན་དབང་གིས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་བཅས་པར་རྒྱུས་མངའ་གང་ཡང་མེད་པ་བཟོ་ཐབས་ཤིག་ཡིན་པར་འགྲེལ་བརྗོད་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།