རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་དུ་ཡུལ་སྐོར་སྐྲོ་འཆམ་པ་མང་རུ་བཏང་བའི་སླད་དུ་འཛུགས་བསྐྲུན་ལས་གཞི་འདྲ་མིན་སྤེལ་བཞིན་པའི་ཁྲོད། རྒྱ་གཞུང་གིས་དབྱེ་བའི་བོད་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་འམ་ཨིན་སྐད་ཐོག་ Shangri la གྲོང་ཁྱེར་ཞེས་པ་དེའི་ཉེ་འགྲམ་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་དོན་ཤུགས་ཆེ་རུ་བཏང་ཆེད་རྒྱ་ནག་གཞུང་གིས་ནཱ་པ་མཚོ་སྲུང་སྐྱོབ་ཁུལ་ཞེས་ཆ་བགོས་ཀྱིས་ས་ཁུལ་དེར་ཆུ་རགས་འཛུགས་བསྐྲུན་གྱིས་ནཱ་པ་མཚོ་ཞེས་པའི་མཚོ་གསར་པ་འཛུགས་བསྐྲུན་བྱས་ཏེ། རིམ་པས་ལོ་རེ་བཞིན་ཆུ་བཀག་སྟེ་མཚོ་དེ་རྒྱ་སྐྱེད་གཏོང་བཞིན་ཡོད་པ་ལྟར། ཉེ་ཆར་ཟླ་བ་འདིའི་ཚེས་ ༡༦ ཉིན་ས་ཁུལ་དེའི་བོད་མི་མང་ཚོགས་རྒྱ་སྐོར་ཙམ་ཞིག་ནཱ་པ་མཚོའི་ཆུ་འདྲེན་སྒོ་ཁར་འཛོམས་ཏེ་ས་གནས་འགོ་ཁྲིད་ལ་ཆུ་ཡུན་རིང་བཀག་སྡོམ་བྱས་པར་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་དེ་རིང་ X འམ་Twitter སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ས་གནས་མང་ཚོགས་ཀྱི་ངོ་རྒོལ་བྱེད་བཞིན་པའི་བརྙན་པར་ཞིག་ཕྱི་གྱར་བྱུང་འདུག་པའི་ནང་དུ། ས་གནས་བོད་མི་མང་ཚོགས་ཀྱི་སྲིད་གཞུང་ལ་ཆུ་བཀག་སྐྱིལ་བྱས་པ་དེས་ས་གནས་མང་ཚོགས་ཀྱི་ཟོག་སེམས་ཅན་རྣམས་འཚོ་ས་མེད་པ་ཆགས་པ་དང་། ཞིང་ཁ་ཚང་མ་ཆུས་འཁེངས་པ་སོགས་ཀྱི་དཀའ་ངལ་འཕྲད་ནས་ད་ཆ་ལོ་ ༢ ཙམ་འགྲོ་བཞིན་འདུག་པར་ས་གནས་མང་ཚོགས་ཀྱི་ཆུ་བཀག་སྐྱིལ་བྱས་པ་དེ་གློད་དགོས་པའི་ཞུ་འབོད་གནང་བཞིན་འདུག་པ་དང་། དེའང་རྒྱལ་ཁབ་གཞན་ནང་དུ་མང་ཚོགས་ཀྱི་ངོ་རྒོལ་སྐད་འབོད་དང་འབོད་ཚིག་སྒྲོག་པའི་ཐོག་ནས་མ་ཡིན་པར། སྲིད་གཞུང་ལ་ཐུགས་རྗེ་གཟིགས་རོགས་གནང་ཞེས་ཞི་བའི་ཞུ་འབོད་ཀྱི་ལས་འགུལ་སྤེལ་འདུག
ནཱ་པ་མཚོའི་གནས་སྟངས་དང་འབྲེལ་བའི་བརྙན་ཐུང་ཕྱི་གྱར་བྱུང་བའི་ནང་དུ། ས་གནས་ཀྱི་རྒྱ་ལམ་ཡོངས་རྫོགས་ཆུའི་ཁེངས་ཏེ་མོ་ཊ་ཆེ་བ་རྣམས་ཆུ་ཕི་ཊི་ ༤ ཙམ་དང་། རྐང་ཐང་སྐྱོད་མཁན་རྣམས་ཆུ་རྐེད་པ་བར་དུ་སྣུབ་ནས་ས་ཚིགས་གཅིག་ནས་གཅིག་ལ་འགྲུལ་བཞུད་བྱེད་བཞིན་པ། དེ་བཞིན་བྱིས་པ་རྣམས་ཕ་མས་ཕྲག་པའི་ཐོག་སྐྱེལ་ནས་འགྲོ་དགོས་འཁེལ་བཞིན་པ་སོགས་མང་ཚོགས་ཀྱི་འགྲོ་སྡོད་སྤྱོད་གསུམ་ལ་དཀའ་ངལ་ངོ་མ་འཕྲད་བཞིན་པ་མངོན་རྒྱུ་འདུག ས་གནས་མང་ཚོགས་ཀྱི་གསུང་ཡག་ལ་ས་གནས་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ཆུ་ཚད་ལས་བརྒལ་བ་བཀག་པའི་རྐྱེན་གྱིས་ས་གནས་ཀྱི་རྒྱ་ལམ་དང་རྩ་ཐང་སོགས་ཡོངས་རྫོགས་ཆུའི་ནང་སྣུབ་སྟེ་ལོ་ ༢ ཙམ་འགྲོ་བཞིན་ཡོད་པ་རེད་འདུག ཡིན་ནའང་ས་གནས་སྲིད་གཞུང་གིས་ཆུའི་སྤུས་ཚད་བརྟག་སྤྱད་སླད་དུ་ཆུ་ཡུན་རིང་བཀག་སྐྱིལ་བྱས་ཡིན་ཚུལ་བརྗོད་ཡོད་འདུག་ཀྱང་། འབྲེལ་ཡོད་ས་གནས་མང་ཚོགས་ཀྱིས་གསུང་ན་ས་གནས་སྲིད་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་མང་རུ་གཏང་རྒྱུའི་ཆེད་དུ་ཆུ་རྒྱུན་རིང་ཚད་ལས་བརྒལ་བ་བཀག་སྐྱིལ་བྱས་ཡོད་པ་གསུང་བཞིན་འདུག

འདི་གའི་གསར་འགོད་པས་ Google Earth དྲྭ་གནས་ཐོག་ས་ཁུལ་དེའི་ལོ་རེ་བཞིན་འདྲ་པར་ལ་ཞིབ་འཇུག་བྱེད་སྐབས། ད་ལྟ་ནཱ་པ་མཚོ་ཡོད་སའི་ས་ཁུལ་དུ་དེ་སྔ་རྒྱུག་ཆུ་ཆུང་ཆུང་ཞིག་ལས་མེད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༡༤ ཡས་མས་ནས་ས་ཁུལ་དེར་ཆུ་རགས་རྒྱག་སྟེ་ཆུ་གསོག་རྒྱུ་འགོ་བཙུགས་པ་དང་། རྗེས་སུ་རིམ་པས་ནཱ་པ་མཚོ་ཞེས་གསར་བསྐྲུན་བྱས་པ་མ་ཟད། ལོ་རེ་བཞིན་མཚོ་དེ་ཆེ་རུ་བཏང་བའི་ཁྲོད་ད་ལྟའི་ཆར་ཉུང་མཐར་སྤྱི་ལེ་ ༡༥ ཙམ་གྱི་ས་ཁུལ་དུ་ཁྱབ་ཡོད་པ་མངོན་རྒྱུ་འདུག
སྤྱི་ཚོགས་དྲྭ་ལམ་ཐོག་དེའི་སྐོར་གནས་ཚུལ་སྤེལ་མཁན་མང་དག་ཅིག་ཡོད་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་ཡུན་ནན་བདེ་ཆེན་ཁུལ་དུ་ཡུལ་སྐོར་སྤྲོ་འཆམ་རྒྱ་སྐྱེད་གཏང་རྒྱུའི་སླད་དུ་བོད་མིའི་འཚོ་རྟེན་མེད་པ་བཟོས་ཏེ་ས་གནས་གཞན་ལ་གཞིས་སྤོ་མ་བྱས་ཀ་མེད་བཟོ་བཞིན་པ་དང་། ས་གནས་བོད་མིའི་འཚོ་བ་དང་རིག་གཞུང་རྣམས་རྩ་རླགས་ཀྱི་མཚམས་སུ་བསྐྱལ་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་འདུག དེའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་ཡོད།





