Tibetan Royal Year of 2151 | Year of the Wood Dragon

བོད་སྐད་ཐོག་རྩོམ་སྒྱུར་གནང་བའི་གྲངས་འབོར་དང་མཐུན་པའི་སྐད་ཡིག་གཞན་མེད།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཁ་སང་ཚེས་ ༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་། བོད་པའི་སློབ་གྲྭ་ཁག་གི་སློབ་མ་གཙོས་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ལྷག་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་བསྩལ་ཡོད་པ་མ་ཟད། སྐབས་དེར་༸གོང་ས་མཆོག་གིས་བོད་རིགས་སློབ་མ་ཚོར་བོད་ཀྱི་སྐད་ཡིག་གཉིས་ཀྱི་གལ་གནད་ཐོག་བཀའ་ནན་མཛད་ཡོད་པ་ལྟར། དེ་རིང་ཟླ་ ༦ ཚེས་ ༤ ཉིན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་ནས་བཀའ་ཆོས་བསྐྱར་བཤད་མ་བསྩལ་བའི་གོང་དུ་ད་ལྟའི་འཇིག་རྟེན་འདིའི་ཐོག་རྩོམ་ཡིག་མང་ཤོས་ཡོད་པ་ནི་བོད་སྐད་ཁོ་ན་ཡིན་པ་མ་ཟད། བོད་སྐད་ཐོག་རྩོམ་སྒྱུར་ཇི་ཙམ་གནང་བའི་གྲངས་འབོར་དང་མཐུན་པའི་སྐད་ཡིག་གཞན་མེད་ཅེས་བཀའ་བསྩལ་སོང་།༸སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་གིས་རྒྱ་གར་ལ་མཚོན་ན་མི་འབོར་གྱི་ཆ་ནས་ཧ་ཅང་མང་བ་ཞིག་དང་ཡུལ་དེར་སྐད་ཡིག་བྱུང་ནས་ལོ་ངོ་ ༦༠༠༠ ཡས་མས་ཤིག་ཆགས་ཀྱི་ཡོད་ཀྱང་རྩོམ་རིག་གི་གྲངས་འབོར་དེ་ཉུང་ཉུང་ཞིག་ལས་མེད་པ་རེད། བོད་པའི་སྐད་ཡིག་དེ་བྱུང་ནས་ལོ་ངོ་ ༡༤༠༠ མན་ཙམ་ལས་ཕྱིན་མེད་པ་དང་། དུས་ཡུན་དེའི་ནང་མི་འབོར་གྱི་ཆ་ནས་ས་ཡ་དྲུག་ལས་མང་བ་ཞིག་བྱུང་མེད་པ་རེད། འོན་ཀྱང་ཡིག་ཐོག་ཏུ་ཡོད་པའི་རྩོམ་ཡིག་གི་འབོར་དེ་དཀར་ཆག་རིག་པའི་ལམ་ནས་པོ་ཏིར་བགྲང་ཚེ་པོ་ཏི་ཁྲི་ ༧ ནས་ ༨ བར་ཆགས་ཀྱི་ཡོད་སྟབས་བོད་མི་རིགས་འདི་འཛམ་གླིང་གི་མི་རིགས་མང་པོའི་དཀྱིལ་ནས་བསམ་གྱིས་མི་ཁྱབ་པའི་མཁས་པའི་འབྱུང་ཁུངས་ཤིག་ཡིན་པར་བཀའ་བསྩལ་སོང་།  ད་དུང་རིན་པོ་ཆེ་མཆོག་གིས་བློ་འཚབ་བྱེད་དགོས་པ་ཞིག་ལ་ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ སོང་བའི་རིང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ནས་སློབ་མཐར་སོན་པའི་སློབ་ཕྲུག་གི་གྲངས་འབོར་དེ་གྲངས་ལས་འདས་པ་ཞིག་བྱུང་ཡོད་ཀྱང་། སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ཐོག་ལ་མཁས་པ་ཇི་ཙམ་སློབ་མཐར་སོན་ཡོད་མེད་ཀྱི་གྲངས་འབོར་ལ་གཞིགས་ན་ཆེས་དཀོན་པོའི་གནས་སྟངས་ཆགས་ཡོད་པར་བཀའ་བསྩལ་འབྲེལ། སྤྱིར་བོད་པའི་སྤྱི་ཚོགས་ནང་ PhD ཞེས་འབུམ་རམས་པ་ཐོན་མཁན་མི་ཉུང་བ་ཞིག་ཡོད་ནའང་། དེ་ནི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་ཞིག་གི་ཐོག་ནས་ཐོན་པ་ཞིག་མ་གཏོགས་སྐྱེ་བོ་དེའི་རྣམ་དཔྱོད་ཀྱི་རྩལ་དེ་སྔོན་བྱོན་མཁས་པ་དང་མཉམ་པའི་མཁས་པའི་བྱ་བ་གསུམ་ལ་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དཀོན་གནས་ཡིན་སྟབས། ད་ལྟའི་མི་རབས་འདིའི་ནང་བོད་ཀྱི་ནང་དོན་རིག་པ་དང་རིག་གཞུང་གི་ཐོག་མཁས་པ་ཞིག་ངེས་པར་དུ་ཐོན་མི་དགོས་པ་དང་། དེ་ལས་དེང་རབས་ཀྱི་རིག་གཞུང་དང་། ཚན་རིག འཕྲུལ་ལས་སོགས་ཀྱི་ཐོག་ལག་རྗེས་ཆེན་པོ་འཇོག་ཐུབ་མཁན་གྱི་མཁས་པའི་དབང་པོ་ཞིག་ཐོན་དགོས་གལ་ཡིན་པར་ལམ་སྟོན་བསྩལ་ཡོད།༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱས་སྲལ་ལག་ལེན་སོ་བདུན་མ་འདི་གཞུང་ཚན་ཆུང་ཆུང་ཞིག་ཡིན་ཀྱང་། བརྗོད་བྱའི་དོན་དེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་ཡོད་པའི་བརྗོད་བྱ་རྒྱ་ཆེ་བ་དང་གཏིང་ཟབ་ཡོད་པར་ངོ་སྤྲོད་གནང་བ་དང་ཆབས་ཅིག།འཇིག་རྟེན་འདིའི་ནང་སྐད་ཡིག་གཅིག་ནས་གཞན་ལ་སྒྲ་སྒྱུར་གྱི་ཕྱག་ལས་གནང་མཁན་མང་དག་ཅིག་བྱུང་ཡོད་ནའང་། སྒྲ་སྒྱུར་གྱི་རིག་པའི་རྣམ་གཞག་གི་གཞུང་ལུགས་བརྩམས་པ་དེ་བོད་པ་ལ་མ་གཏོགས་བྱུང་མེད་པ་མ་ཟད། ལྷག་པར་དུ་བོད་ཀྱི་བསྟན་བཅོས་ལ་ཆ་མཚོན་ན་ས་བཅད་དཀྲམ་ནས་གསུང་སྲོལ་ཡོད་པ་དེ་རྒྱབ་ཁབ་སུ་ལའང་མེད་པའི་བོད་ཀྱི་ཐུན་མིན་གསར་གཏོད་ཅིག་ཡིན་སྐོར་བཀའ་ནན་བསྩལ་སོང་།རྩ་བའི་ཕྱི་ལོ་ ༢༠༠༧ ནས་བཟུང་ངྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ལོ་ལྟར་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཏེ་བཞུགས་སྒར་དུ་བོད་རིགས་གཞོན་སྐྱེས་ཚོར་ཉིན་གསུམ་གྱི་རིང་ནང་ཆོས་ངོ་སྤྲོད་མཛད་ཀྱི་ཡོད་ནའང་། མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཀྱི་རྐྱེན་པས་འདི་ལོའི་ནང་ཆོས་ངོ་སྤྲོད་ཐེངས་ ༡༣ ཐོག་ཉིན་གཅིག་གི་རིང་ནང་ཆོས་ངོ་སྤྲོད་མཛད་ཡོད་པ་རེད། མཛད་འཆར་ལྟར་ན་སང་ཕྱི་ཚེས་ ༥  ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྫོང་དཀར་ཆོས་སྡེ་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།