Tibetan Royal Year of 2150 | Year of the Water Rabbit

ཞི་ཅིན་ཕིང་གིས་བརྒྱུད་གཅིག་ལམ་གཅིག་གི་གནད་དོན་དང་འབྲེལ་ནུབ་ཕྱོགས་རྒྱལ་ཁབ་ལ་ཉེན་བརྡ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་པའི་སྡེ་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ནས་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས།
  • སྤྱི་འཐུས་སྐུ་ཚབ་ཚོགས་ཁག་གསུམ་རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་དོན་ཞུ་སྐུལ་གནང་བཞིན་པ།
  • སྲིད་སྐྱོང་མཆོག་གིས་ཡོ་རོབ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནའི་བོད་མིར་གསུང་བཤད།
  • རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་བརྒྱུད་བོད་ནག་སུབ་གཏོང་བཞིན་པར་འགོག་རྒོལ་གནང་དགོས་པའི་ཞུ་སྐུལ།
  • རྒྱ་ནག་གིས་རྒྱ་རིགས་བྱིས་པ་རྣམས་ལ་བཅིངས་གྲོལ་དམག་སྦྱོང་སྤྲོད་བཞིན་པར་མངོན་གསལ།

Wednesday 29/11/2023

  • Dalai Lama meets head of Himachal police officer and other ranks
  • Telo Rinpoche urges end to religious persecution in Tibet at IRFBA Ministerial in Prague
  • Tibetan MPs embark on advocacy programs in northern India
  • Sikyong Penpa Tsering addresses Tibetan community in Barcelona, Spain
  • China’s chief weapon in quashing identity of Tibetan people is not dystopian camps, but residential schools
  • In China, athletes as young as 7 in military training to ‘create iron army’

ཁ་སྔོན་ཕྱི་ཚེས་ ༡༨ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གཞུང་གིས་ཆེད་བཟོ་བྱེད་པའི་བརྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ཡོད་པ་དང་འབྲེལ། དེ་སྔ་དང་བསྡུར་ན་ཚོགས་ཆེན་དེའི་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་མང་པོ་ཞིག་མཉམ་ཞུགས་གནང་མེད་པ་མ་ཟད། ལས་གཞི་དེའི་ནང་མ་འཛུགས་ལ་བཀག་སྡོམ་སོགས་ཀྱི་གནད་དོན་འབྱུང་བཞིན་ཡོད་སྟབས། ཞི་ཅིན་ཕིང་གིས་ང་ཚོས་གནད་དོན་དེ་དག་གི་ཐོག་ལ་ཁ་གཏད་ནན་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

དེ་ཡང་དེ་སྔོན་ཕྱི་ལོ་ ༢༠༡༩ ལོར་ཚོགས་པའི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༣༧ གི་དབུ་འཁྲིད་བཅར་ཡོད་པ་དེ་ལྟར་ཡང་། ཁ་སྔོན་ཕྱི་ཚེས་ ༡༨ ཉིན་ཚོགས་པའི་དེ་འབྲེལ་ཚོགས་ཆེན་ཐེངས་ ༣ པའི་ཐོག་རྒྱལ་ཁབ་ ༢༣ གི་དབུ་འཁྲིད་མ་གཏོགས་བཅར་མེད་པ་རེད། ལྷག་པར་དུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཕལ་མོ་ཆེ་མཉམ་ཞུགས་གནང་མེད་སྟབས། ཞི་ཅིན་ཕིང་གི་དབུ་འབྱེད་མཛད་སྒོའི་གཏམ་བཤད་ནང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེའི་ནང་མ་འཛུགས་བཀག་སྡོམ་བཅས་ཀྱི་གནད་དོན་ལ་སྐྱོན་བརྗོད་ཙམ་མ་ཟད། རྒྱ་ནག་གི་ཡར་རྒྱས་དེ་བཞིན་མ་རྩ་ཞིག་ཏུ་ལྟ་དགོས་པ་ལས་ཉེན་ཁ་ཞིག་ཏུ་ལྟ་རྒྱུ་མེད་ལུགས་བཤད་འདུག

ད་དུང་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་དེ་འགོ་བཙུགས་ནས་ལོ་ངོ་ ༡༠ ཧྲིལ་པོ་འཁོར་བའི་དུས་སྐབས་དང་བསྟུན། འབྱུང་འགྱུར་ལས་འཆར་ངོ་སྤྲོད་ཀྱིས་བསྟོད་བསྔགས་དང་། ལས་གཞི་དེ་ཨེ་ཤི་ཡ་དང་། ཨ་ཕི་རི་ཀ ཡོ་རོབ་བཅས་ལ་འཛུགས་བསྐྲུན་ཡར་རྒྱས་དང་འབྲེལ་མཐུད་ནུས་སྟོབས་གོང་འཕེལ་སོགས་ཀྱི་དམིགས་ཡུལ་ལྡན་པ་ཞིག་ཆགས་ཀྱི་ཡོད་ལུགས་བཤད་དེ། འདི་ལོའི་ལས་འཆར་ནང་ཨ་སྒོར་དུང་ཕྱུར་ ༡༡ མ་ཟིན་ཙམ་འགྲོ་གྲོན་གཏང་རྒྱུ་ཡིན་ཞིང་། རྒྱ་ནག་གི་ཡར་རྒྱས་ལ་དོགས་ཟོན་དང་། རྒྱ་ནག་གི་དཔལ་འབྱོར་ལ་རྟེན་རྒྱུ་མེད་ཅེས་བཤད་རྒྱུ་དེ་ནི་རང་ཉིད་ཀྱི་ཡར་རྒྱས་ལ་གནོད་གཞི་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལས་དོན་ཡག་པོ་བྱས་ཚེ་རྒྱ་ནག་ཀྱང་དེ་བཞིན་བྱ་རྒྱུ་ཡིན་ལུགས། དེ་བཞིན་ནམ་ཞིག་རྒྱ་ནག་གི་ཡག་པོ་བྱས་ཚེ་འཛམ་གླིང་སྔར་ལྷག་ཡག་ཏུ་འགྲོ་རྒྱུ་ཡིན་ཚུལ་དང་ད་བར་རྒྱ་གཞུང་ལ་བཀལ་བའི་ཕྱོགས་གཅིག་ཁོ་ནའི་སྲིད་དོན་ཉེས་ཆད་སོགས་ལ་གདོང་ལེན་ནན་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

མ་ཟད་རྒྱ་གཞུང་གི་ངོས་ནས་ལས་གཞི་དེའི་བརྒྱུད་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་སྒོར་མོ་དུང་ཕྱུར་མང་པོའི་དཔལ་འབྱོར་རྒྱབ་རྟེན་བྱ་རྒྱུ་ཡིན་པ་སོགས་ཁས་ལེན་བྱས་ཏེ། དེ་ནི་མདུན་བསྐྱོད་ཀྱི་ལམ་ཁ་ནོར་མེད་པ་ཞིག་ལུགས་བཤད་འདུག

རྩ་བའི་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ཟེར་བའི་དེ་ནི་ཕྱི་ལོ་ ༢༠༡༣ ལོར་ཞི་ཅིང་ཕིན་གྱི་སྲིད་བྱུས་འོག་ནས་འགོ་ཚུགས་པ་ཞིག་ཡིན་པ་དང་། དེ་སྔ་དར་གོས་འགྲུལ་ལམ་མམ་ Silk Road ཞེས་པ་ལྟར་ལས་གཞི་དེའི་བརྒྱུད་ནས་ཨེ་ཤི་ཡ་དང་། ཨ་ཕི་རི་ཀ དེ་བཞིན་ཡོ་རོབ་བཅས་སུ་བརྒྱུད་ལམ་གཅིག་གི་ཐོག་ནས་ཚོང་འབྲེལ་སོགས་དང་འབྲེལ་བ་ཡོད་པ་མ་ཟད། དེའི་ནང་རྒྱལ་ཁབ་ ༡༥༠ ལྷག་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་མཉམ་ཞུགས་ཡོད་པ་ཞིག་ཆགས་ཀྱི་ཡོད་པ་རེད།

འོན་ཀྱང་ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་མཚོན་པའི་ལས་གཞི་གཞན་ཁག་དང་འབྲེལ་ནས་བུ་ལོན་འོག་ཚུད་དེ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་པ་མངོན་གསལ་ཡིན་ཞིང་། ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༩ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྟོབས་ཆེན་རྒྱལ་ཁབ་ ༢༠ G20 ལྷན་ཚོགས་ཐོག་ Italy སྲིད་བློན་ལྕམ་སྐུ་ Giorgia Meloni མཆོག་གིས་རྒྱ་ནག་གི་སྲིད་བློན་ Li Quang དང་ལྷན་དུ་ཟུར་ཚོགས་གནང་སྟེ། Italy ངོས་ནས་རྒྱ་ནག་གི་བརྒྱུད་གཅིག་ལམ་གཅིག་ལས་ཁེ་དབང་མེད་པར་གསུངས་ཏེ་ཕྱིར་འཐེན་བྱ་རྒྱུ་འཆར་གཞི་ཡོད་སྐོར་བརྗོད་ཡོད།

གནད་དོན་དེ་དང་འབྲེལ་ནས་ཁ་སྔོན་ཕྱི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་ཀྱི་བཅར་འདྲི་ལས་རིམ་ཞིག་གི་ཐོག ད་ལྟའི་ཆར་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཡོད་པའི་རྒྱལ་ཁབ་མང་པོ་ཞིག་བུ་ལོན་ཚད་མེད་འོག་ཚུད་ཡོད་པ་དང་། ད་དུང་རྒྱལ་ཁབ་མང་པོས་རྒྱ་ནག་གི་རྒྱབ་ལྗོངས་དམིགས་ཡུལ་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། རྒྱ་ནག་གིས་རྒྱལ་སྤྱིའི་ལམ་ལུགས་གསར་པ་བཟོ་ཐབས་བྱེད་བཞིན་པའི་སྲིད་བྱུས་འོག་ཚུད་རྒྱུ་མེད་ཅེས་ནན་བརྗོད་གནང་ཡོད།

གཞི་རྩའི་ཕྱི་ལོ་ ༢༠༡༧ ལོར་ཚོགས་པའི་བརྒྱུད་གཅིག་ལམ་གཅིག་གི་ཚོགས་ཆེན་དེའི་ཐོག་རྒྱལ་ཁབ་ ༣༠ གི་དབུ་ཁྲིད་བཅར་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཁབ་ ༣༧ གི་དབུ་ཁྲིད་བཅར་ཡོད་པ་དེ་ལྟར་ཡང་། ཐེངས་འདིའི་ཚོགས་ཆེན་ཐོག་ཨུ་རུ་སུའི་སྲིད་བློན་པུ་ཊིིན་གཙོས་པའི་ཨིན་ཌོ་ནི་ཤི་ཡ་དང་། པ་ཀིས་ཏན། ཨི་ཇིབཊ་སོགས་རྒྱལ་ཁབ་ ༢༣ གི་དབུ་ཁྲིད་བཅར་ཡོད་པ་རེད། མདོར་ན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་མཉམ་ཞུགས་བྱེད་བབ་ལ་གཞིགས་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གིས་ཆེད་བཟོ་བྱེད་པའི་བརྒྱུད་གཅིག་ལམ་གཅིག་གི་ལས་གཞི་སོགས་ལ་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཀྱི་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།