Tibetan Royal Year of 2151 | Year of the Wood Dragon

འདས་ལོར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།

Tibetan News Headlines

  • Dalai Lama gives audience to Himalayan Buddhists from Rolwa Ling
  • One household and One file: Surveillance ramped up after anti-dam protests
  • GCM Gold Cup Final and Green Book debacle
  • Taiwan’s parliament passes bill pushing pro-China changes
  • East Turkistan government in exile calls on US to pass Uyghur Policy Act
  • Any attempt to intimidate individuals or communities in the UK will not be tolerated: UK to China

རེས་གཟའ་ལྷག་པ། ༢༠༢༤།༠༥།༢༩

  • ༸གོང་ས་མཆོག་གིས་བལ་ཡུལ་རོལ་བ་གླིང་ཁུལ་གྱི་བོད་རིགས་ཁག་གཅིག་ལ་མཇལ་ཁ་སྩལ་བ།
  • རྒྱ་གཞུང་གིས་སྤྱི་ཚོགས་དབང་སྒྱུར་ཇེ་ཤུགས་ཆེ་རུ་གཏོང་ཐབས་སུ་ཁྱིམ་ཚང་གཅིག་དང་ཡིག་ཆ་གཅིག་ཅེས་པའི་སྲིད་བྱུས་ལག་བསྟར།
  • ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དང་དཔྱ་ཁྲལ་ལག་དེབ་ཀྱི་དཀའ་རྙོག
  • ཐེ་ཝན་གྲོས་ཚོགས་སུ་ཁྲིམས་གཞི་གསར་པ་གཏན་འབེབས།
  • ཨ་རིར་ཡུ་གུར་ཁྲིམས་འཆར་གཏན་འབེབས་དགོས་པའི་ཞུ་སྐུལ།
  • དབྱིན་ཡུལ་ནང་གི་མི་སེར་ལ་རྒྱ་ནག་གིས་སུན་གཙེར་བྱས་པ་དེར་བཟོད་སྲན་རྩ་བ་ནས་བྱ་རྒྱུ་མིན་གསུངས་འདུག

ཁ་སང་ཨ་རི་ཕྱི་སྲིད་ལས་ཁུངས་ཀྱིས་འཛམ་གླིང་ནང་གི་རྒྱལ་ཁབ་དང་ཡུལ་ལུང་འདྲ་མིན་ ༢༠༠ ལྷག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་ཡོད་པའི་ནང་། འདས་པའི་ཕྱི་ལོ་ ༢༠༢༣ ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་གསུངས་འདུག

ཁ་སང་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བརྒྱུད་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken མཆོག་གིས། འདས་པའི་ཕྱི་ལོ་ ༢༠༢༣ ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལོ་འཁོར་སྙན་མཐོ་འདོན་སྤེལ་གནང་བའི་ནང་གསལ། བོད་གི་གནས་སྟངས་དང་འབྲེལ་བའི་སྡེ་ཚན་ནང་འདས་ལོར་བོད་ནང་དུ་བཙན་དབང་གིས་གར་སོང་ཆ་མེད་གྱུར་བའི་གནད་དོན་དང་། གདུག་རྩུབ་མནར་གཅོད། གང་བྱུང་འཛིན་བཟུང་བཙོན་འཇུག སྲོག་ལ་ཉེན་ཁ་ཡོད་པའི་བཙོན་ཁང་གི་གནས་སྟངས། རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན། དྲ་རྒྱའི་ལྟ་སྲུང་དམ་དྲག་དང་། མང་ཚོགས་ཀྱི་གཞི་རྩའི་རང་དབང་རྩིས་མེད་རྡོག་རོལ། གསར་འགོད་རང་དབང་ལ་དམ་དྲག སྤྱི་དམངས་ཚོགས་པ་ཁག་གི་ཐོག་ལ་དམ་དྲག མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག སྲིད་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དང་ཉེས་ཆད་གཅོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་མུ་མཐུད་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་གནས་སྟངས་དེ་དག་ལ་ངོས་ལེན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་གྱི་དཔོན་རིགས་རྣམས་ལ་ཉེས་ཆེད་བཀལ་བ་སོགས་གང་ཡང་བྱས་མེད་པ་མངོན་གསལ་གནང་འདུག

སྙན་ཐོའི་ནང་ད་དུང་། ༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དང་ནང་མི་སྐུ་འཁོར་གཙོས་པའི་རོང་བོ་གངས་དཀར་ལགས་དང་། དཀར་མ་བསམ་གྲུབ་ལགས་བཅས་ཀྱི་གནད་དོན་ལུང་འདྲེན་བརྒྱུད་ནས་བོད་ནང་གང་བྱུང་འཛིན་བཟུང་དང་གར་སོང་ཆ་མེད་ཀྱི་གནད་དོན་འབུར་བཏོན་གནང་བ་མ་ཟད། རྒྱ་གཞུང་གིས་བཙོན་ཁང་ནང་དམར་བསད་བཏང་བའི་བོད་མི་ཆབ་སྲིད་བཙོན་པ་ཕན་བདེ་རྒྱལ་མཚན་ལགས་ཀྱི་གནད་དོན་དང་སྦྲགས། རྒྱ་ཡི་བཙོན་ཁང་ནང་བོད་མིར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ། དེ་བཞིན་བཙོན་ཁང་ནང་དུ་ཞལ་ལག་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མེད་པའི་རྐྱེན་གྱིས་བཙོན་གྲོལ་ཐོབ་པ་ཁག་གཅིག་རིང་པོར་མ་སོང་བར་འདས་གྲོངས་སུ་གྱུར་བའི་གནད་དོན་སོགས་གསལ་བཏོན་གནང་འདུག

དེ་བཞིན་སྲིད་གཞུང་གི་ངོས་ནས་མང་ཚོགས་ཀྱི་བསམ་བློའི་རང་དབང་ལ་དམ་དྲག་ཁྲོད། སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་རྣམ་པ་ཅི་རིགས་ལ་རྒྱལ་ཁབ་ལ་གྱེན་ལོག་བྱས་པ་དང་གསང་བ་ཕྱི་གྱར་བྱས་པ། སྤྱི་ཚོགས་བརྟན་ལྷིང་དཀྲུག་པ་སོགས་ཀྱི་ཉེས་འཛུགས་འདྲ་མིན་བཀལ་ནས་གང་བྱུང་འཛིན་བཟུང་བཙོན་འཇུག་དང་། བོད་མི་རྣམས་ལ་དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་མ་སྤྲད་པ་སོགས་ཐེར་སྟོན་གནང་འདུག

ལྷག་པར་འདས་པའི་ལོ་དེའི་ནང་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་གསང་ཉུལ་སོགས་ཀྱི་བརྒྱུད་ལྟ་སྲུང་དམ་དྲག་དང་དྲ་རྒྱའི་ཇབ་རྒོལ་བྱས་པ་དང་། བོད་ནང་གི་ནང་མི་ཉེ་འབྲེལ་རྣམས་ཀྱི་ཐོབ་ཐང་འཕྲོག་པ། ལས་གནས་ནས་ཕྱིར་འབུད་གཏང་རྒྱུའི་རྡིག་ར་སྐུལ་བ་སོགས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པ་མ་ཟད། བལ་ཡུལ་སོགས་རྒྱལ་ཁབ་གཞན་གྱི་གཞུང་འཛིན་ལ་གནོན་ཤུགས་སྤྲད་པའི་བརྒྱུད་ནས་བོད་མིར་དྲག་གནོན་དང་། བོད་མི་ལས་འགུལ་བའི་ནང་མི་ཉེ་འབྲེལ་རྣམས་ལ་མཉམ་འདུས་ཀྱི་ཉེས་ཆད་བཀལ་བ་སོགས་མངོན་གསལ་གནང་འདུག

ཕྱོགས་མཚུངས་སྔ་ལོ་བོད་ནང་དུ་རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཁྲོད་མདོ་སྨད་རེབ་གོང་ཁུལ་བོད་པའི་གྲོང་ཚོ་བརྒྱད་ཀྱི་ས་ཆ་བཙན་འཕྲོག་བྱས་ཏེ། བོད་མི་རྣམས་བཙན་དབང་གིས་གཞིས་སྤོས་བྱེད་དུ་བཅུག་པ་དང་། གུན་གསབ་ཚུལ་མཐུན་མ་སྤྲད་པ། སྐད་ཡིག་གི་དམ་དྲག ཕྱིར་བསྐྱོད་ལག་ཁྱེར་མ་སྤྲད་པར་ཕྱིའི་རྒྱལ་ཁབ་ནང་དུ་བསྐྱོད་རྒྱུ་ཙམ་མ་ཟད། བོད་ཀྱི་ཞིང་ཆེན་གཞན་ནང་བསྐྱོད་རྒྱུར་དམ་དྲག་སོགས་འདས་ལོར་བོད་ནང་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏང་རྒྱུ་ལས་ལྡོག་སྟེ་ཆེས་དམ་དྲག་ཀྱི་སྲིད་བྱུས་ལག་བསྟར་བྱས་ཡོད་པ་མངོན་གསལ་གནང་འདུག

ཁ་སང་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Anthony Blinken མཆོག་གིས་རྒྱ་ནག་ཅེས་ལོགས་སུ་མིང་འདོན་བྱས་མེད་ཀྱང་། ཁོང་གིས་ཐེངས་འདིའི་སྙན་ཐོའི་ནང་དུ། འགྲོ་བ་མིའི་ཪིགས་ཀྱི་མུན་ནག་ཀྱི་དུས་སྐབས་སུ་ངོས་འཛིན་ཆོག་པའི་གདུག་རྩུབ་ཀྱི་གནད་དོན་ཁག་གཅིག་འཁོད་ཡོད་པའི་ཁོངས་སུ། Sudan གྱི་དྲག་དམག་དང་མྱུར་སྐྱོབ་དཔུང་སྡེ་གཉིས་ཀས་དམག་འཁྲུག་གི་སྒྲིག་གཞི་ལས་བརྒལ་བའི་ནག་ཉེས་བསགས་པ་དང་། དེ་བཞིན་སྦར་མ་ནང་གི་ Rohingya དང་ཤར་ཏུར་ཀིས་ཐན་ནང་གི་ Uyghur མི་རིགས་རྩ་གཏོར་སོགས་ལ་ཨ་རིའི་ངོས་ནས་འབྲེལ་ཡོད་གཞུང་འཛིན་རྣམས་དང་ལྷན་དུ་གནད་དོན་དེ་དག་ཐོག་སེམས་འཚབ་དང་འབྲེལ་ནས་ཐད་དཀར་གླེང་སློང་གནང་རྒྱུ་ཡིན་པ་གསུངས་འདུག

རྩ་བའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ Blinken མཆོག་སང་ཚེས་ ༢༤ ནས་ ༢༦ བར་རྒྱ་ནག་ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གི་ཡོད་པ་དང་། ཁ་སང་ཨ་རིའི་ནང་དུ་རྟེན་གཞི་བྱས་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ནང་དུ་ཡོད་པའི་དེ་གའི་ཚོགས་མི་སྟོང་ཕྲག་ ༥༠ ཙམ་གྱི་ཚབ་ཞུས་ཏེ་སྐུ་ཞབས་ Blinken མཆོག་གི་མཚན་ཐོག་ལ་ཕྱག་བྲིས་ཤིག་ཕུལ་བའི་བརྒྱུད། ཐེངས་འདིའི་རྒྱ་ནག་ཕྱོགས་བསྐྱོད་ཐོག་སྐུ་ཞབས་ Blinken མཆོག་ནས་རྒྱ་ནག་འགོ་ཁྲིད་ལྷན་དུ་ནང་མོལ་དང་གསར་འགོད་ལྷན་ཚོགས་བཅས་ཕྱི་ནང་གཉིས་ཀའི་ཐོག་བོད་ཀྱི་གནད་དོན་ངེས་པར་དུ་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ཕྱག་བྲིས་དེའི་ནང་ད་དུང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་འགོ་ཁྲིད་ལྷན་དུ་མཇལ་མོལ་ཁྲོད། འདི་ལོ་དགུང་ལོ་གསུམ་ཅུ་སོ་ལྔར་སོན་བཞིན་པའི་༸ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་སྐོར་གླེང་སློང་གནང་སྟེ། ཁོང་མགྱོགས་མྱུར་གློད་བཀྲོལ་དགོས་པ་དང་། ཁོང་གི་གཟུགས་གཞིའི་གནས་སྟངས་ཡག་པོ་ཡོད་པའི་དཔང་རྟགས་ཁུངས་སྐྱེལ་དགོས་པ། ཁོང་ལ་རང་དགོན་དུ་ཕྱིར་ཞབས་སོར་འཁོད་བཅུག་དགོས་སྐོར། བོད་པའི་བྱིས་པ་ས་ཡ་གཅིག་ཙམ་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ། གཏན་འཇགས་སློབ་གྲྭའི་ནང་བཞག་པའི་གནད་དོན། ལྷག་དོན་༸རྒྱལ་བའི་ཡང་སྲིད་འདེམས་ཕྱོགས་ཀྱི་གནད་དོན་དེ་བཞིན་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ཡིན་པར་དེའི་བདག་དབང་ཡོངས་རྫོགས་༸གོང་ས་མཆོག་དང་མགོན་པོ་༸གང་ཉིད་ཀྱི་རྗེས་འབྲང་པ་ཁོ་ནར་ཡོད་པ་ནན་བརྗོད་གནང་དགོས་པ་གསུངས་འདུག

མ་ཟད་དྲུང་ཆེ་མཆོག་གི་ངོས་ནས་རྒྱ་ནག་འགོ་ཁྲིད་རྣམས་ལ་བོད་མིའི་འགོ་ཁྲིད་དང་ལྷན་དུ་གྲོས་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་དགོས་པའི་སྐུལ་མ་སྤེལ་དགོས་ཤིང་། རྒྱ་གཞུང་གིས་དེར་ངོས་ལེན་མེད་པའི་རྣམ་པར་གདོང་ལེན་གྲ་སྒྲིག་གནང་ནས་ཕེབས་དགོས་པའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།