Tibetan Royal Year of 2151 | Year of the Wood Dragon

འབྲས་ལྗོངས་སུ་ཆར་ཞོད་ཀྱི་གོད་ཆག་ཕོག་པར་ཐུགས་གསོ་དང་མཛད་འཆར་ལ་འགྱུར་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེར་སྤྲིན་འཐོར་དྲག་ཆར་བྱུང་ནས་ལྷོ་ནག་མཚོ་དང་ Teesta གཙང་པོ་ཆེས་ཆེར་འགས་པར་བརྟེན་མངའ་སྡེའི་ས་གནས་དུ་མའི་ནང་མི་རྒྱུ་ཟོག་གསུམ་བཅས་པར་གོད་ཆག་ཚབས་ཆེན་ཕོག་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

འབྲས་ལྗོངས་མངའ་སྡེ་ནང་གི་སྤྲིན་འཐོར་དྲག་ཆར་དང་ཆར་ཞོད་ཀྱི་གོད་ཆག་དེའི་ཁྲོད་ད་བར་ཤེས་རྟོགས་བྱུང་བར་མི་ ༡༤ ཡི་ཚེ་སྲོག་ཤོར་བ་དང་དེ་བཞིན་མི་ ༡༠༢ ལྷག་གར་སོང་ཆ་མེད་དུ་གྱུར་འདུག

ཁ་སང་ཕྱི་དྲོར་སྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་ནང་འབྱུང་བའི་གོད་ཆག་ཁྲོད་སྲོག་སྐྱོན་ཕོག་པ་རྣམས་ཀྱི་ལྟོས་བཅས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཚེ་སྲོག་ཤོར་བ་ཡོངས་ལ་ཐུགས་སྨོན་བཅས་མཛད་འདུག

འབྲས་ལྗོངས་མངའ་སྡེ་གཞུང་དང་དེ་བཞིན་འབྲེལ་ཡོད་ཚོགས་སྡེ་ཁག་གིས་ཆར་ཞོད་ཀྱི་གོད་ཆག་ཕོག་ཡུལ་ས་ཚིགས་དངོས་ལ་ཛ་དྲག་ཉེན་སྐྱོབ་དང་ངལ་སེལ་གྱི་ལས་གཞི་རྣམས་ཚགས་ཚུད་ངང་སྤེལ་བཞིན་ཡོད་པར་བསྔགས་བརྗོད་མཛད་འདུག་པ་དང། ལྷག་དོན་མངའ་སྡེའི་གཉུག་མར་གནས་པའི་མང་ཚོགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་རྒྱུའི་ཞལ་བཞེས་མཛད་པ་དང་སྦྲགས་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

ཐེངས་འདིའི་འབྲས་ལྗོངས་ཀྱི་དོན་རྐྱེན་ཁྲིད་འདིར་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་ཀྱང་འཕྲུལ་སྒྲ་བརྒྱུད་འབྲས་ལྗོངས་མངའ་སྡེར་འབྱུང་བའི་གོད་ཆག་ཕོག་པའི་ངལ་བ་ལས་གྲོལ་ཐབས་སུ་རྒྱ་གར་དབུས་གཞུང་ནས་ཉེར་མཁོའི་མཐུན་འགྱུར་ཇི་དགོས་གནང་ངེས་ཡིན་པའི་ཞལ་བཞེས་དང་སྦྲགས། མང་ཚོགས་ཀྱི་བདེ་འཇགས་ལ་ཐུགས་འཚབ་ཀྱི་རྣམ་པ་བསྟན་པ་དང་འབྲེལ་ནས་ཐུགས་སྨོན་གནང་འདུག 

དེ་མཚུངས་སུ་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ Droupadi Murmu མཆོག་གིས་འཕྲུལ་སྒྲ་སྟེང་སྤྲིན་འཐོར་དྲག་ཆར་གྱི་གོད་ཆག་ དབང་གིས་དམག་སྒར་ལ་གནོད་འཚེ་ཆེན་པོ་ཕོག་པར་མ་ཟད་དམག་མི་མི་ཉུང་བ་ཞིག་གར་སོང་ཆ་མེད་དུ་གྱུར་བར་ཐུགས་གསོ་གནང་འདུག

རྩ་བའི་ཟླ་བ་སྔོན་མའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang-Golay མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ནས་འདི་ལོའི་ཕྱི་ཟླ་ ༡༠ ནང་མགོན་པོ་༸གོང་ཉིད་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་བཀྲིན་མཛད་གནང་ཡོང་བའི་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཐུགས་དགྱེས་ཚོར་ཆེན་པོས་བཀའ་བཞེས་བཟང་པོ་སྨིན་སྩལ་ལྟར།

ཐོག་མའི་མཛད་འཆར་ཐུགས་གཏན་ཁེལ་བར་ཟླ་ ༡༠ ཚེས་ ༡༡ ཉིན་གྱི་སྔ་དྲོ་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་དུ་༸རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། དེ་བཞིན་ཕྱི་ཚེས་ ༡༥ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་སྩལ་གཏན་ཡོད་ཀྱང་། ཁ་སང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འབྲས་ལྗོངས་ཁུལ་གྱི་མཛད་འཆར་གྱི་དུས་ཚོད་ལ་འགྱུར་བ་ཕྲན་བུ་ཕྱིན་པ་ཡོངས་གྲགས་གནང་གསལ་ལ། ཟླ་བ་འདིའི་ཚེས་ ༡༧ ཉིན་གྱི་སྔ་དྲོ་སྒང་ཏོག་གི་དཔལ་འབྱོར་རྩེད་ཐང་དུ་༸རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ་དང་ཚེས་ ༡༨  ཉིན་གྱི་སྔ་དྲོ་ཐུགས་སྒྲུབ་ཡང་སྙིང་ཀུན་འདུས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། དེ་རྗེས་ཕྱི་ཚེས་ ༢༡ ཉིན་ནུབ་བྷེང་གྷལ་མངའ་སྡེའི་སཱ་ལུ་སྒར་དུ་རྟེན་གཞི་བྱས་པའི་གསང་ཆེན་དཔལ་ལྡན་སྲད་རྒྱད་གྲྭ་ཚང་དུ་སེམས་བསྐྱེད་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་བཅས་ཐུགས་གཏན་ཁེལ་འདུག འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་སོགས་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།