Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་མཐུན་ཚོགས་ནས་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་དང་ཆབ་སྲིད་བཙོན་པ་གློད་བཀྲོལ་དགོས་པའི་ཞུ་སྐུལ།

Tibetan News Headlines

  • NED honors Sikyong Penpa Tsering and Tibet Action Institute with Democracy awards
  • Dalai Lama congratulates Mexico’s President-Elect Claudia Sheinbaum
  • US lawmakers to meet Dalai Lama on India trip next week
  • Tibetans protest Chinese premiere visit to New Zealand
  • US expands Russia sanctions, targeting entities in China
  • DIASPORA: Geshe Lobsang Gyaltsen, Former TCV Staff and Registrar of Dalai Lama College

རེས་གཟའ་པ་སངས། ༢༠༢༤།༠༦།༡༤

  • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་དོན་ལས་འགུལ་ལྟེ་གནས་ཁང་ལ་ཨ་རིའི་མང་གཙོའི་གཟེངས་རྟགས་འབུལ་བཞེས་གནང་བ།
  • ༸གོང་ས་མཆོག་གིས་མེཀ་སི་ཀོའི་བདམས་ཐོན་སྲིད་འཛིན་མཆོག་ལ་འཚམས་འདྲི་མཛད་པ།
  • ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ།
  • རྒྱ་ནག་གི་སྲིད་བློན་ལ་ནིའུ་ཛི་ལེནྜ་བོད་མིས་ཞི་རྒོལ་དང་གྲོས་ཚོགས་འཐུས་མི་གཙོས་གསར་འགོད་པས་དྲི་རྩད།
  • ཨ་རིས་རྒྱ་ནག་དམིགས་འབེན་དུ་བཟུང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་བ།
  • བཙན་བྱོལ་བོད་མིའི་གནས་སྟངས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་འཛིན་སྐྱོང་འགན་འཛིན་ཟུར་པ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་སུ་བཅར་འདྲི།

ཡོ་རོབ་མཐུན་ཚོགས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་དང་འབྲེལ། བྱ་བྲལ་རིན་པོ་ཆེ་གཙོས་བོད་མིའི་ཆབ་སྲིད་བཙོན་པ་ཁག་གཅིག་མིང་འདོན་གྱིས་ཁོང་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ་གསུངས་འདུག

ཟླ་བ་འདིའི་ཚེས་༢༠ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༥༥ ཐོག་ཡོ་རོབ་མཐུན་ཚོགས་ནས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དེའི་ནང་། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་སྤྱི་དང་། ལྷག་པར་བོད་པའི་ཕྲུ་གུ་རྣམས་བཙན་གནོན་གྱིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་བཅའ་སྡོད་སློབ་གྲྭར་བཙན་བཀག་བྱེད་པ། དེ་བཞིན་བོད་མིའི་རིགས་རྫས་ཆོག་མཆན་མེད་པར་བསྡུ་རུབ་བྱེད་པ་སོགས་ཀྱི་གནད་དོན་མངོན་གསལ་གནང་བ་དང་སྦྲགས། བྱ་བྲལ་རིན་པོ་ཆེ་དང་། ཨ་ཉག་སེང་སྒྲ སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། བཀྲ་ཤིས་རྡོ་རྗེ། སེམས་སྐྱིད་སྒྲོལ་མ་སོགས་བོད་མིའི་ཆབ་སྲིད་བཙོན་པ་ཁག་གཅིག་མིང་འདོན་གྱིས། ཁོང་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་དགོས་པའི་འབོད་སྐུལ་ཞུས་འདུག

ཡོ་རོབ་མཐུན་ཚོགས་ནས་ད་དུང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ། གསར་འགོད་པ་དང་རྩོམ་པ་པོ་སོགས་ལ་དམ་དྲག་དང་བསུན་གཙེར། དེ་བཞིན་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རིགས་བྱེད་བཞིན་པ་མ་ཟད། ཁྲིམས་འགལ་གྱིས་མང་ཚོགས་གང་བྱུང་འཛིན་བཟུང་དང་བཙན་གནོན། དེ་བཞིན་གར་སོང་ཆ་མེད་དུ་གཏོང་བ་སོགས་ཀྱི་ངན་སྤྱོད་མངོན་གསལ་གྱིས་སྐྱོན་བརྗོད་ནན་པོ་གནང་བ་དང་འབྲེལ། རྒྱ་ནག་ངོས་ནས་རྒྱལ་སྤྱིའི་ཁྲིམས་ཀྱི་འབྲུ་དོན་དང་ཁྲིམས་ཀྱི་དབང་སྒྱུར་ལ་གུས་བརྩི་ཞུ་དགོས་པའི་ཞུ་སྐུལ་དང་། ཡོ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་ནང་གི་དེ་ལྟ་བུའི་གནས་སྟངས་ལ་མུ་མཐུད་ཞིབ་འཇུག་ཟབ་མོ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་འདུག

སུད་སི་ཇི་ཎི་ཝ་གྲོང་ཁྱེར་དུ་འཚོག་བཞིན་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་དེའི་ཐོག་གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནི་སྡེ་ཚན་གྱི་འགན་འཛིན་  Kai Muller ལགས་ཀྱིས་ཀྱང་གཏམ་བཤད་སྤེལ་བའི་ནང་། དེ་སྔ་རྒྱ་ནག་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་བཞི་པའི་སྐབས་ཨ་རི་གཙོས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བྱེད་བཞིན་པའི་གནད་དོན་ཐེར་འདོན་གྱིས་སྐྱོན་འཛུགས་བྱས་པར་དགའ་བསུ་ཞུས་པ་དང་། ལྷག་པར་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་སྐད་ཡིག རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་མངོན་གསལ་གྱིས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་མུ་མཐུད་དོ་སྣང་ཆེ་བཞེས་ཀྱིས་གཏམ་བཤད་ཙམ་ཞིག་མ་ཡིན་པར་ལག་བསྟར་གཙོ་འཛིན་བྱ་དགོས་གལ་ནན་བརྗོད་གནང་འདུག

དེ་བཞིན་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་ཕུན་ཚོགས་སྟོབས་རྒྱལ་ལགས་ཀྱིས། ཚོགས་དུས་དེའི་ཐོག་གཏམ་བཤད་སྤེལ་འདུག་པ་དང་། ཁོང་གིས་སྐབས་དེར་རྒྱ་གཞུང་གིས་བོད་ནང་བོད་མི་རིགས་ཀྱི་ངོ་བོ་ཡོངས་རྫོགས་རྩ་མེད་གཏོང་བཞིན་པ་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་ལ་དོ་ཕོག་ཤུགས་ཆེ་བཏང་བའི་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཁག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་པ་མ་ཟད། རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ངོས་ནས་རྒྱ་ནག་ལ་གནོན་ཤུགས་བརྒྱུད་མགོན་པོ་སྐྱིད་ལགས་ལྟ་བུ་རྒྱ་གཞུང་ལ་ཞི་བའི་སྒོ་ནས་ངོ་རྒོལ་གནང་མཁན་རྣམས་ཁྲིམས་འགལ་བཀག་ཉར་དང་དྲག་གནོན་སོགས་བྱ་རྒྱུའི་ལས་དོན་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།