འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་ཁག་གཅིག་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གསར་པར་ཐུགས་འཚབ་དང་འབྲེལ་དེས་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་ཐོབ་ཐང་ལ་སྔར་ལྷག་གནོད་སྐྱོན་ཤུགས་ཆེན་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག

དེའང་ཟླ་བ་འདིའི་ཚེས་ ༡༦ ཉིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་མི་སྣ་དང་དམིགས་བསལ་ཚོགས་ཆུང་བཅས་ཀྱིས་རྒྱ་ནག་གཞུང་གིས་ཉེ་ཆར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་ཐད་ཐུགས་འཚབ་ཀྱིས་རྒྱ་གཞུང་ལ་འདྲི་རྩད་ཀྱིས་མཉམ་འབྲེལ་ཞུ་ཡིག་ཞིག་བཏང་སྟེ། ཁྲིམས་ཡིག་དེས་རྒྱ་ནག་ནང་མི་རིགས་སྣ་མང་རང་བཞིན་ལས་རྒྱལ་ཁབ་ཀྱི་ངོ་བོ་གཅིག་གྱུར་ལ་གལ་ཆེར་འཛིན་པའི་རྒྱ་ཆེ་བའི་སྲིད་བྱུས་ཀྱི་འགྱུར་བ་ཞིག་མཚོན་གྱི་ཡོད་པ་མ་ཟད། ཁྲིམས་ཡིག་འདིའི་བརྒྱུད་བོད་རིགས་དང་། ཡུ་གུར་བ། སོག་རིགས་བཅས་ཀྱི་གྲངས་ཉུང་མི་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཞིག་ཡིན་པར་ནན་བརྗོད་གནང་འདུག
དེ་དོན་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་གཏན་འབེབས་གནང་བའི་མཉམ་འབྲེལ་ཞུ་ཡིག་དེའི་ནང་། རྒྱ་གཞུང་གིས་ཉེ་ལམ་ཟླ་ ༣ པའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཅེས་པ་གཏན་འབེབས་ཀྱིས་ཁྲིམས་ཡིག་འདི་ཉིད་རིང་མིན་ཟླ་ ༧ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པར་ཐུགས་འཚབ་ཀྱི་རྣམ་པ་གསལ་སྟོན་དང་སྦྲགས། ཁྲིམས་ཡིག་དེས་རྒྱ་སྐད་དེ་སློབ་ཁྲིད་ཀྱི་སྐད་ཡིག་གཙོ་བོར་བཟོས་ནས་སློབ་གྲྭ་ཁག་ཏུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་ཚད་ཉུང་དུ་གཏོང་རྒྱུ་མ་ཟད། སྐད་ཡིག་གི་སྣ་མང་རང་བཞིན་ལ་གནོད་སྐྱོན་དང་གཞོན་སྐྱེས་ཚོའི་ཁྲོད་དུ་རིག་གཞུང་གི་ངོ་བོ་ཉམས་དམས་སུ་གཏོང་སྲིད་པའི་ཉེན་བརྡ་བཏང་འདུག
དེ་བཞིན་ཁྲིམས་ཡིག་དེས་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་འོག་ཆོས་དད་རང་དབང་ལ་དམ་དྲག་དང་། མི་རིགས་འདྲེས་སྡོད་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་མིང་ཐོག་ནས་མི་རིགས་སོ་སོའི་རང་དབང་གི་འཚོ་བ་དང་སྒྲིག་འཛུགས་ལ་ཐེ་བྱུས་བྱེད་བཞིན་ཡོད་ལ། ལྷག་པར་དུ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས་སེམས་འཚབ་བྱེད་གཞིའི་གནད་དོན་གཙོ་བོ་ཞིག་ནི་ཁྲིམས་ཡིག་དེའི་གསལ་ཁ་མེད་པའི་ཐ་སྙད་བཀོལ་སྟངས་དེ་ཡིན་ཞིང་། དེའི་ནང་དུ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་རིགས་ལ་བཀག་སྡོམ་བྱེད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་གནང་སྟེ། དེ་འདྲའི་གསལ་ཁ་མེད་པའི་ཚིག་སྦྱོར་གྱིས་དབང་འཛིན་པ་ཚོར་དྲང་བདེན་མ་ཡིན་པའམ་རང་འདོད་ལྟར་འགྲེལ་བཤད་བྱས་ཏེ་བསམ་བློའི་རང་དབང་དང་། ཤེས་ཡོན་གྱི་ལས་དོན། རིག་གཞུང་གི་བྱེད་སྒོ་བཅས་ལ་དམ་དྲག་བྱེད་པའི་གོ་སྐབས་སྤྲོད་སྲིད་པ་བརྗོད་འདུག

མ་ཟད་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དེ་དག་གིས་ཁྲིམས་ཡིག་དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་ཐོག་ཁས་ལེན་བྱས་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་གྲོས་མཐུན་དང་བྱིས་པའི་ཐོབ་ཐང་སྐོར་གྱི་ཆིངས་ཡིག་སོགས་དང་འགལ་ཡོད་པ་མངོན་གསལ་དང་སྦྲགས། ཁྲིམས་ཡིག་དེས་རྒྱ་ནག་ནང་མི་རིགས་སྣ་མང་རང་བཞིན་ལས་རྒྱལ་ཁབ་ཀྱི་ངོ་བོ་གཅིག་གྱུར་ལ་གལ་ཆེར་འཛིན་པའི་རྒྱ་ཆེ་བའི་སྲིད་བྱུས་ཀྱི་འགྱུར་བ་ཞིག་མཚོན་གྱི་ཡོད་ཅིང་། ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ནང་རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་ཐོག་ཁྲིམས་ཡོད་བཞིན་དུ་ཁྲིམས་ཡིག་འདིའི་བརྒྱུད་བོད་གཙོས་ཡུ་གུར་དང་སོག་པོ་བཅས་ཀྱི་གྲངས་ཉུང་མི་རིགས་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཞིག་ཡིན་པ་གསུངས་འདུག
གོང་ཞུས་ཡི་གེ་དེ་དང་འབྲེལ་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་དུས་ཐོག་བསྒྲགས་གཏམ་སྤེལ་བ་དེར་དགའ་བསུ་ཞུས་པ་དང་སྦྲགས། ཁྲིམས་ཡིག་དེ་ནི་མི་རིགས་རྩ་མེད་བཟོ་བའི་བཙན་ཤེད་ཀྱི་བྱེད་ཐབས་ཤིག་ཡིན་པར་བརྗོད་དེ། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་ལག་བསྟར་མི་བྱེད་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པའི་བསྐྱར་བཅོས་བྱེད་དགོས་པའི་རེ་སྐུལ་བཏོན་འདུག
སྤྱིར་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་དང་འབྲེལ་ནས་རྒྱ་ནག་གཞུང་ལ་འདྲི་རྩད་ཀྱིས་ཡི་གེ་དེ་ཟླ་ ༤ ཚེས་ ༡༦ ཉིན་བཏང་ཟིན་ཡང་ཡིག་འབྲེལ་དེ་གཟའ་འཁོར་གཅིག་རྗེས་སུ་དྲྭ་རྒྱའི་ཐོག་སྤེལ་བ་ཞིག་ཆགས་ཀྱི་འདུག་པ་དང་། ཡི་གེ་དེར་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རིག་གཞུང་ཐོབ་ཐང་ཐད་ཀྱི་དམིགས་བསལ་ཆེད་མཁས་པ་ལྕམ་སྐུ་ Alexandra Xanthaki ལགས་དང་ཡར་རྒྱས་ཐོབ་ཐང་གི་དམིགས་བསལ་ཆེད་མཁས་པ་ Surya Deva ལགས། ཤེས་ཡོན་ཐོབ་ཐང་གི་དམིགས་བསལ་ཆེད་མཁས་པ་ Farida Shaheed ལགས། དེ་བཞིན་བསམ་ཚུལ་དང་སྨྲ་བརྗོད་རང་དབང་ཐོབ་ཐང་གི་དམིགས་བསལ་ཆེད་མཁས་པ་ཨི་རི་ནི་ཁཱན་ Irene Khan ལགས་དང་། གྲངས་ཉུང་མི་རིགས་གནད་དོན་ཐོག་དམིགས་བསལ་ཆེད་མཁས་པ་ Nicolas Levrat ལགས། གཞན་ཡང་ཆོས་དད་རང་དབང་གི་དམིགས་བསལ་ཆེད་མཁས་པ་ Nazila Ghanea ལགས་དང་། ཞི་བདེའི་འདུ་འཛོམས་རང་དབང་གི་དམིགས་བསལ་ཆེད་མཁས་པ་ཇི་ན་རོ་མེ་རོ་ Gina Romero ལགས། འོས་འཚམ་གྱི་སྡོད་ཁང་དང་དབྱེ་འབྱེད་མེད་པའི་ཐོབ་ཐང་གི་དམིགས་བསལ་ཆེད་མཁས་པ་ Balakrishnan Rajagopal ལགས་བཅས་ཀྱིས་མཚན་རྟགས་བཀོད་འདུག




