Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་མིའི་བདེན་དོན་འཐབ་རྩོད་ལ་དངུལ་སྤྲད་ནས་བསླུ་ཁྲིད་བྱེད་ཐུབ་ཀྱི་མ་རེད།

Tibetan News Headlines

  • Tibet and the Himalayas: revisiting cross border trade through Uttarkashi
  • Feature : His Holiness the Dalai Lama’s speech to devotees from Himalayas

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༠

  • བོད་དང་ཧི་མཱ་ལ་ཡ། བོད་དང་ཚོང་ས་རོང་པ།
  • ཕྱི་ལོ་ ༢༠༡༢ ལོར་༸གོང་ས་མཆོག་གིས་ཧི་མ་ལ་ཡའི་ཆོས་ཞུ་བར་སྩལ་བའི་བཀའ་སློབ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ San Francisco གྲོང་ཁྱེར་དུ་ APEC ལྷན་ཚོགས་ཆེད་འབྱོར་ཡོད་པ་དང་བསྟུན། ཁ་སང་ཕྱི་དྲོར་ཁུལ་དེར་རྟེན་གཞིས་བྱས་པའི་ Hyatt Regency གསོལ་མགྲོན་ཁང་དུ་ཨ་རིའི་ཚོང་དོན་མི་སྣ་ཁག་གཅིག་དང་ཐུག་འཕྲད་སྐབས་མགྲོན་ཁང་མདུན་གྱི་ལྕགས་ཧྲེང་སྟེང་དུ་འཛེགས་ནས་ཚོུད་ལྔ་ཙམ་གྱི་རིང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚེ་ལྷ་ལགས་ཀྱིས་རྒྱ་གཞུང་གིས་བོད་མིའི་བདེན་དོན་འཐབ་རྩོད་ལ་དངུལ་སྤྲད་ནས་བསླུ་ཁྲིད་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དང་འབྲེལ། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་དུས་ནམ་ཡང་མ་བརྗེད་པ་གནང་སྟེ་ནུས་པ་མཉམ་སྤུངས་གནང་དགོས་པའི་སྐུལ་མ་གནང་སོང་།

ཨ་རིའི་ Hyatt Regency གསོལ་མགྲོན་ཁང་གི་གཡས་གཡོན་གང་སར་ཉེན་རྟོག་པས་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པར་ལྟོས་མེད་བོད་མི་གཙོ་བོར་གྱུར་པའི་ཤིན་ཅང་དང་ཧོང་ཀོང། ཐེ་ཝན་སོགས་ཀྱི་ལས་འགུལ་བ་མི་གྲངས་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་གནང་བའི་ཁྲོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚེ་ལྷ་ལགས་ཀྱིས་གསོལ་མགྲོན་ཁང་གི་མདུན་གྱི་ལྕགས་ཧྲེང་རིང་ཚད་ཕི་ཊི་ཉི་ཤུ་ཅན་ཞིག་གི་ཐོག་ཏུ་འཛེགས་ནས་ཚོུད་མང་པོའི་རིང་བོད་ཀྱི་རྒྱལ་དར་འཕྱར་བ་དང་བོད་ལ་རང་དབང་དགོས་ཞེས་འབོད་ཚིག་སྒྲོག་པར་བརྟེན་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གསར་ཁང་ཆེ་གྲས་ New York Times དང་ The San Francisco Chronicle སོགས་ཀྱི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

ངས་ལྕགས་ཧྲེང་སྟེང་དུ་འཛེགས་ནས་བོད་ལ་རང་དབང་དགོས་ཞེས་འབོད་ཚིག་བསྒྲགས་ཏེ་ལས་འགུལ་སྤེལ་སྐབས་འཕྲད་པའི་ངལ་བ་དེ་ལས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་དེ་ཆེས་ཛ་དྲག་པ་ཡོད་པ་དང་། རྒྱ་གཞུང་གིས་དྲག་གནོན་ཇི་ལྟར་བྱེད་ཀྱི་ཡོད་མེད་ལ་ལྟོས་མེད་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་སྐུ་ལུས་ཞུགས་འབུལ་གནང་གི་ཡོད་སྟབས། གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་ཀྱིས་བོད་མཐོང་མྱོང་མེད་པའི་ཁོང་ལྟ་བུར་བོད་དོན་ཆེད་དེ་ལྟར་གནང་བར་ཞུམ་པ་མེད་པའི་སེམས་ཤུགས་འཕར་མ་ཞིག་སྦྱིན་ཡོད་སྐོར་གསུངས་སོང་།

ཁོང་རང་ཉིད་ལྕགས་རིང་ཐོག་འཛེགས་སྐབས་སུའང་རྒྱ་གཞུང་ལ་དགའ་མོས་བྱེད་མཁན་གྱི་མི་སྣ་ཁག་གཅིག་གིས་ཁོང་གི་ཕྱག་ཏུ་ཡོད་པའི་བོད་ཀྱི་རྒྱལ་དར་རྒྱལ་དར་འཕྲོག་ཐབས་སོགས་བྱས་སོང་ཞེས་དང་།  ལྕགས་ཧྲེང་སྟེང་ནས་མར་བལྟ་སྐབས་བོད་མི་ལས་འགུལ་བ་དང་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་དབར་ཁྱད་པར་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་ཏེ། བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱ་གཞུང་གིས་དངུལ་སྤྲོད་ནས་ནམ་ཡང་བསླུ་ཁྲིད་བྱེད་ཐུབ་ཀྱི་མ་རེད་ཅེས་སེམས་ཚོར་དྲག་པོས་ངོ་སྤྲོད་གནང་ཡོད།

དེ་བཞིན་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དགོང་ཚིགས་ཐོག་སླེབས་པའི་ཨ་རིའི་ཚོང་དོན་མི་སྣ་ཁག་ལ་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་སྤེལ་བཞིན་ཡོད་པ་དྲན་སྐུལ་དང་། རྒྱ་ནག་དང་ལྷན་འཆར་ཅན་ལྟ་བུའི་འབྲེལ་བ་ཡོད་པ་མཚམས་འཇོག་དགོས་པའི་བརྡ་ལན་ཞིག་སྤྲོད་ཐབས་སུ་ཁོང་གིས་ལས་འགུལ་དེ་སྤེལ་བ་ཡིན་ཞེས་གསུངས་པ་དང་འབྲེལ། ཁྱད་པར་དུ་རྒྱལ་སྤྱིའི་ནང་བོད་དོན་ལ་གོ་རྟོགས་དང་སྒྲིལ་བསྒྲགས། དོ་སྣང་སྔར་ལྷག་ཡོང་ཆེད་སོགས་ལ་དམིགས་པ་ཡིན་ཞེས་གསུངས་ཡོད།

ལྷག་པར་ཚེ་ལྷ་རྫོགས་བཟང་ལགས་ཀྱིས་བཙོན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་རྣམས་དུས་ནམ་ཡང་མ་བརྗེད་པ་གནང་བའི་ཐོག་ནས་ནུས་པ་མཉམ་སྤུངས་གནང་དགོས་པའི་གཞེན་སྐུལ་བསྐྱར་ནན་གནང་སོང་། པར་ཁག AFP དང་། Aljazeera དང་། CNN

འབྲེལ་ཡོད་གསར་གནས།

གསར་གནས།