ཉེ་ལམ་རྒྱ་ནག་ཕྱི་སྲིད་ལས་ཁུངས་གཙོས་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Jai Shankar གཉིས་མཎི་ལར་གཟའ་ལྷག་པའི་ཉིན་མཇལ་འཕྲད་བྱུང་སྐབས་སྐུ་ཞབས་ Jai Shankar མཆོག་གིས་རྒྱ་གར་གྱིས་བོད་དང་ཐའེ་ཝན་གཉིས་ཀྱི་གནད་དོན་གཙོས་རྒྱ་ནག་གི་ས་ཁོངས་བདག་དབང་ལ་གུས་བརྩི་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་ཀྱང་། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Randhir Jaiswal ལགས་ཀྱིས་གནད་དོན་དེར་རྒྱུས་མངའ་ཡོད་པའི་མི་སྣ་ཚོས་སྐུ་ཞབས་ Jai Shankar མཆོག་གིས་དེ་འདྲའི་སྐད་ཆ་གང་ཡང་གསུངས་མེད་ཅེས་ཐེར་འདོན་གནང་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༡༩ ཉིན་ནས་དབུ་འཛུགས་ཀྱིས་ཉིན་དྲུག་རིང་ Philippines གྱི་གྲོང་ཁྱེར་ Manila ནང་ ASEAN ཞེས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་བཅུའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་འཚོགས་ཡོད་པ་དང་བསྟུན། ཕྱི་ཚེས་ ༢༢ ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ Subrahmanyam Jaishankar མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi དང་ཟུར་དུ་ཐུག་འཕྲད་གནང་ཡོད་པ་དང་། དེ་འབྲེལ་རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་གཏམ་སྤེལ་བའི་ནང་། སྐུ་ཞབས་ Jai Shankar མཆོག་གིས་རྒྱ་གར་གྱིས་བོད་དང་ཐའེ་ཝན་གཉིས་ཀྱི་གནད་དོན་གཙོས་རྒྱ་ནག་གི་ས་ཁོངས་བདག་དབང་ལ་གུས་བརྩི་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་ཚུལ་བསྒྲགས་ཡོད་ཀྱང་། འདི་ཚེས་ ༢༤ ཉིན་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Randhir Jaiswal ལགས་ཀྱིས་གནད་དོན་དེར་རྒྱུས་མངའ་ཡོད་པའི་མི་སྣ་ཚོས་སྐུ་ཞབས་ Jai Shankar མཆོག་གིས་དེ་འདྲའི་སྐད་ཆ་གང་ཡང་གསུངས་མེད་པ་དང་ཆབས་ཅིག རྒྱ་གར་ཕྱོགས་ཀྱིས་ད་དབར་རྒྱ་ནག་གི་ས་ཁོངས་བདག་དབང་ལ་འགལ་འཛོལ་བྱས་མེད་པ་དེ་ལྟར་ཡང་། ཕྱི་ལོ་ ༡༩༦༣ ལོ་ནས་བཟུང་རྒྱ་གཞུང་གིས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་སའི་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་དུ་དམག་སྒར་གསར་རྒྱག་གཙོས་འཛུགས་སྐྲུན་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་ཐེར་འདོན་དང་སྦྲགས། ས་ཁོངས་བདག་དབང་ལ་གུས་བརྩི་དང་ཕྱོགས་གཉིས་ཀྱིས་ས་མཚམས་སུ་ཞི་བདེ་ལྷིང་འཇགས་རྒྱུན་འཁྱོངས་ཐད་གླེང་སློང་འོས་མཚམས་དགོས་ན། དེ་ནི་རྒྱ་གར་གྱིས་གླེང་སློང་དགོས་པ་དང་འོས་པ་རེད་ཅེས་གསུངས་འདུག
མ་ཟད། རྒྱ་ནག་གིས་ལོ་ཤས་ནས་རྒྱ་དཀར་ནག་གཉིས་དབར་རྩོད་རྙོག་ཡོད་སའི་ལ་དྭགས་དང་ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་ས་མཚམས་ས་ཁུལ་དང་འབྲས་ལྗོངས། དེ་བཞིན་ Uttrakhand བཅས་སུ་ཆགས་པའི་འཕགས་བོད་ས་མཚམས་ས་ཁུལ་དུ་གྲོང་ཚོ་གསར་རྒྱག་གི་ལས་གཞི་ཙམ་མ་ཟད། དམག་སྒར་དང་ཟམ་ཆེན་གསར་འཛུགས་སོགས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་བཞིན་པར་རྒྱ་གར་གཞུང་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ཅེས་བསྐྱར་ནན་གནང་འདུག
དེ་བཞིན་ཕྱོགས་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་ཁྲོད་གཙོ་བོ་ཕྱོགས་གཉིས་དབར་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་གང་ཐུབ་ཅི་ཐུབ་ཀྱིས་མྱུར་དུ་སེལ་རྒྱུ་དང་། མཐའ་མཚམས་སུ་དམག་དཔུང་ཕོན་ཆེ་དཔུང་འཇོག་བྱས་པ་གང་མགྱོགས་ཕྱིར་འཐེན་བྱ་རྒྱུའི་ཐད་མཉམ་ལས་བྱ་རྒྱུ། དེ་བཞིན་ཕྱོགས་གཉིས་དབར་ཚོང་འབྲེལ་དམ་གཟབ་གཏང་རྒྱུ་སོགས་ཀྱི་ཐག་གཅོད་བྱས་ཡོད་པ་ཐེར་འདོན་གནང་འདུག
གཞི་རྩའི་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་བསྒྲགས་གཏམ་ནང་དུ། རྒྱ་གར་གྱི་དབུ་ཁྲིད་ཚོས་གསུངས་མེད་པའི་གནད་དོན་ཁག་གཅིག་རྫུན་བཟོ་བྱས་ནས་སྤེལ་བ་ད་རེས་ཐེངས་དང་པོ་ཆགས་ཀྱི་མེད་པ་དང་། དེའང་དེ་སྔ་རྒྱ་གར་གྱི་བདེ་འཇགས་སློབ་སྟོན་པ་ཟུར་པ་ Ajit Doval ལགས་ཀྱིས་རྒྱ་ནག་གི་འགོ་ཁྲིད་ཐུག་འཕྲད་དང་འབྲེལ་རྒྱ་ནག་གིས་འདི་ལྟ་བུའི་བསྒྲགས་གཏམ་རྫུན་བཟོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།




