རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་བོད་རིག་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ།

Tibetan News Headlines

  • Snowland Forum 2026 Opens in Taipei to Examine China’s Ethnic-Unity Law
  • Tibetan Activist Begins Peace March from Amsterdam to UN in Geneva to Restore Independence
  • BTSM Launches 15th Tawang Tirth Yatra in Guwahati as Part of Tibet Awareness Campaign
  • Bicycle Rental and Tour Guide Initiative Launched in Kollegal Dhondenling to Boost Eco-Tourism
  • Tibetan Art Curriculum ‘Understanding Zo-Rigpa’ Launched in Dharamsala
  • Nepal PM Balendra Shah Arrives in New Delhi for First Bilateral Visit, Talks with Modi

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༢༣

  • འདི་ལོའི་གངས་ལྗོངས་གླེང་སྟེགས་ཐོག་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེར་ཐུན་མོང་གིས་གདོང་ལེན་གནང་ཕྱོགས་དང་འབྲེལ་བགྲོ་གླེང་།
  • བོད་རང་བཙན་སླར་གསོའི་ཆེད་དུ་གོམ་བགྲོད་ལས་འགུལ་འགོ་འཛུགས་གནང་འདུག
  • ཆོས་རིག་བཀའ་བློན་དབུ་བཞུགས་ཐོག་རྟ་དབང་གནས་སྐོར་ཐེངས་བཅོ་ལྔ་པ་དབུ་འཛུགས།
  • ཀོ་ལེ་གྷལ་དོན་ལྡན་གླིང་ནང་རྐང་འཁོར་གླ་གཡར་དང་ཡུལ་སྐོར་སྣེ་ཁྲིད་ཀྱི་ལས་གཞི་དབུ་འབྱེད།
  • བཟོ་རིག་པར་གོ་རྟོགས། མཐོང་རྒྱ་དང་གསར་གཏོད་ཀྱི་གདན་ཞུ། ཞེས་པའི་བཟོ་རིག་སྒྱུ་རྩལ་གྱི་བསླབ་གཞི་དཔེ་དེབ་ཅིག་དབུ་འབྱེད།
  • བལ་ཡུལ་གྱི་སྲིད་བློན་བྷ་ལེནྡྲ་ཤཱ་ཡི་རྒྱ་གར་དུ་ཐེངས་དང་པོའི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས།

རིང་མིན་བལ་ཡུལ་དུ་འཚོག་གཏན་ཁེལ་བའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་རྒྱ་ནག་གི་གནོན་ཤུགས་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཉམས་ཞིབ་པ་བཅར་རྒྱུ་ཕྱིན་འཐེན་བྱས་པའི་གནས་ཚུལ་ཐོན་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ཉམས་ཞིབ་པ་རྣམ་པ་སྔར་སྲོལ་བཞིན་ཞིབ་འཇུག་ཚོགས་འདུར་བཅར་གཏན་ཁེལ་ཡོད་པའི་སྐོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ཉམས་ཞིབ་པ་ཞིག་གིས་གསལ་བཤད་གནང་སོང་།

དེ་ཡང་འདི་ལོའི་ཟླ་བ་བརྒྱད་པའི་ནང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོག་གཏན་ཁེལ་བར། བལ་ཡུལ་གནས་འཁོད་རྒྱ་ནག་གི་གཞུང་ཚབ་ཀྱིས་ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་དང་། བོད་དོན་ཆབ་སྲིད་གླེང་སྲིད་པའི་བློ་འཚབ་བསྟན་ནས། བལ་ཡུལ་གཞུང་ནས་ཚོགས་འདུའི་བརྗོད་བྱར་བྱ་ར་སྟངས་འཛིན་དགོས་པའི་འབོད་སྐུལ་བྱས་པའི་རྗེས། བལ་ཡུལ་དང་རྒྱ་གར་གྱི་གསར་ཁང་ཁག་ཅིག་གི་ཐོག་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཉམས་ཞིབ་པ་གཞུང་འབྲེལ་ངོ་བོའི་ཐོག་ནས་གཏང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་ལུགས་ཀྱི་གནས་ཚུལ་ཐོན་ཡོད། འོན་ཀྱང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དེ་ལྟ་བུའི་ཐག་གཅོད་ཅིག་བྱས་མེད་པ་དང་། གཞུང་འབྲེལ་ཉམས་ཞིབ་པ་རྣམས་སྔར་སྲོལ་བཞིན་དུ་ཚོགས་འདུར་བཅར་གཏན་ཁེལ་ཡོད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཞིག་གིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་བྱུང་།

བལ་ཡུལ་གྱི་གསར་ཁང་ Nepalkhabar གྱིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་ཐོག་རྒྱ་ནག་གི་གནོན་ཤུགས་དང་། ཚོགས་འདུར་བར་ཆད་མི་ཡོང་བའི་ཆེད་དུ་བལ་ཡུལ་དུ་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་ཉམས་ཞིབ་པ་གཞུང་འབྲེལ་ངོ་བོའི་ཐོག་ནས་གཏང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་། དེ་སྔོན་དེབ་སྐྱེལ་བྱས་ཟིན་པའི་ཉམས་ཞིབ་པ་རྣམས་སྒེར་གྱི་ངོ་བོའི་ཐོག་ནས་ཚོགས་འདུར་བཅར་འཐུས་ཚུལ་སྐོར་གནས་ཚུལ་སྤེལ་འདུག

བོད་མིའི་སྒྲིག་འཛུགས་ནས་བོད་རིག་པའི་ཚོགས་འདུའི་ནང་གཞུང་འབྲེལ་ཉམས་ཞིབ་པ་གཏང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཚོགས་འདུར་བོད་རིགས་ཉམས་ཞིབ་པ་གཞན་གང་མང་བཅར་ཐུབ་ཐབས་སུ་དམིགས་ཏེ། བོད་རིགས་ཚོགས་བཅར་བ་མི་གྲངས་ ༢༥ ལ་ལམ་གྲོན་དང་ཁང་གླའི་ཆེད་ཧིན་སྒོར་ ༥༠,༠༠༠ རེ་གནང་རྒྱུུའི་གསལ་བསྒྲགས་དེ་སྔོན་ནས་སྤེལ་ཟིན་ཡོད།  

རྒྱ་ནག་གཞུང་ནས་བལ་ཡུལ་དུ་ཚོགས་གཏན་ཁེལ་བའི་བོད་རིག་པའི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གི་བཤད་ཚུལ་དང་མི་མཐུན་པའི་ལོ་རྒྱུས་དང་། སྤྱི་ཚོགས་ཆབ་སྲིད་ཀྱི་གནད་དོན་གླེང་སློང་བྱ་རྒྱུར་བཀག་སྡོམ་བྱ་རྒྱུའི་ཆེད། ཚོགས་འདུ་དེར་བློ་འཚབ་ཡོད་སྐོར་གྱི་ཉེན་བརྡ་སྔོན་ཚུད་ནས་བཏང་བ་ཞིག་ཡིན་པ་དང་། ལྷག་པར་དུ་༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་གནད་དོན་དེ་རྒྱལ་སྤྱིའི་སྟེང་གླེང་གཞི་གལ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་སྟབས། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཚོགས་འདུའི་ནང་དུའང་སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་གླེང་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པས་འགྲེལ་བརྗོད་གནང་གི་འདུག

རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་གལ་གནད་ཆེ་མཐོང་དང་། ཚོགས་བཅར་བའི་གྲངས་འབོར་མང་དུ་འགྲོ་བཞིན་པར་མཐོང་ནས། དེ་ལ་གདོང་ལེན་བྱ་རྒྱུར་ཕྱི་ལོ་ ༡༩༨༦ ཟླ་བ་ ༥ ཚེས་ ༢༠ ཉིན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཞེས་པ་ཞིག་པེ་ཅིང་དུ་གསར་འཛུགས་བྱས་ཏེ། ད་བར་རྒྱལ་སྤྱི་རྒྱལ་ནང་དུ་རྒྱ་ནག་གཞུང་གི་བཤད་ཚུལ་དང་མཐུན་པའི་བོད་ཀྱི་ལོ་རྒྱུས་རིག་གནས་ཁྱབ་སྤེལ་དྲིལ་བསྒྲགས་བྱ་རྒྱུར། ཚོགས་འདུ་ཆེ་ཆུང་རིམ་པ་མི་འདྲ་བ་མང་དག་བསྐོང་ཚོགས་བྱས་ཡོད། ཉེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ནང་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་ཞེས་པ་བསྐོང་ཚོགས་བྱས་ཡོད་པ་དང་། སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་དབྱིན་སྐད་ཐོག་བོད་ཀྱི་སྐད་དོད་དུ། Tibet  མ་ཡིན་པར་ Xizang ཞེས་འབོད་འགོ་བཙུགས་དགོས་པའི་གྲོས་འགོ་བཏོན་ཡོད་པ་དང་། གྲོས་འགོ་དེ་གཞིར་བཟུང་ཕྱིས་སུ་རྒྱ་ནག་གཞུང་གིས་གཞུང་འབྲེལ་ཡིག་ཆ་ཁག་དང་གསར་ཁང་སོགས་སུ་ཨིན་སྐད་ཐོག་བོད་ཀྱི་སྐད་དོད་དུ་ Xizang ཞེས་འབྲི་འགོ་བཙུགས་པ་དང་སྦྲགས། མིང་བརྡ་དེ་ཉིད་བོད་རང་ལྗོངས་ཟེར་བ་ཁོ་ན་ལས་མདོ་སྟོད་སྨད་གཉིས་ལ་འཇུག་གི་མེད་ལུགས་ཀྱི་མིང་བརྡའི་ཆབ་སྲིད་བརྩེ་འགོ་བཙུགས།

རྒྱ་ནག་གཞུང་གིས་ཁ་གཏད་དུ་ངོས་འཛིན་བྱེད་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་བདུན་པ་རྒྱ་ནག་གི་ཉེ་འགྲམ་བལ་ཡུལ་ནང་འཚོག་གཏན་འཁེལ་བར། རྒྱ་ནག་གཞུང་བློ་གཟོད་མ་བདེ་བར་འགྱུར་ཡོད་པ་དང་། ལྷག་པར་དུ་འདི་ལོའི་འགོ་སྟོད་དུ་བལ་ཡུལ་ནང་དམར་ཤོག་སྲིད་གཞུང་གི་དབང་ཆ་ཤོར་རྗེས། བལ་ཡུལ་དམར་ཤོག་སྲིད་དོན་ཚོགས་པ་ཁག་དང་། རྒྱ་ནག་གཞུང་གིས་བལ་ཡུལ་ནང་གི་བོད་མི་དང་། བོད་དོན་དང་འབྲེལ་བའི་ལས་འགུལ་ཚང་མར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཡོད་ལུགས་ཀྱི་སྒྲོ་འདོགས་ཁྱོག་བཤད་བྱེད་མཁན་མང་དུ་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་རིག་གནས་དང་འབྲེལ་བའི་མཁས་པའི་ཞིབ་འཇུག་ཚོགས་འདུ་ལའང་ཆབ་སྲིད་ཀྱི་གནད་འགག་ཡོད་ལུགས་བཤད་ནས་དེ་ལ་བར་ཆད་གཏོང་རྩིས་བྱེད་ཀྱི་ཡོད།

ཉེ་སྔོན་ཟླ་བ་ ༧ ཚེས་ ༦ ཉིན་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་རྣམ་རྒྱལ་འབྲིང་རིམ་སློབ་གྲྭར་གཞུང་འབྲེལ་གྱི་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་པར། རྒྱ་ནག་དང་བློ་ཐག་ཉེ་བའི་ཆབ་སྲིད་པ་དང་། སྤྱི་ཚོགས་དྲ་རྒྱའི་འགྲེལ་བརྗོད་པ་མང་པོས་དེ་ཉིད་རྒྱ་ནག་གཅིག་གི་སྲིད་བྱུས་དང་འགལ་ལུགས་བརྗོད་ནས། དོན་རྐྱེན་དེར་སྐྱོན་བརྗོད་དང་བལ་ཡུལ་ས་ཐོག་ཏུ་རྒྱ་ནག་ལ་གནོད་པའི་ལས་འགུལ་སྤེལ་མི་ཆོག་པའི་སྐོར་གླེང་སློང་བྱེད་མཁན་མང་པོ་བྱུང་ཡོད། དོན་དངོས་འཁྲུངས་སྐར་སྲུང་བརྩིའི་སྐབས་ཆོས་ཕྱོགས་ཀྱི་བྱ་བ་དང་། མགོན་པོ་མཆོག་གི་སྐུའི་མཛད་འཕྲིན་ལ་ཆེ་བསྟོད་ཞུས་པ་ཙམ་ལས། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་གང་ཡང་བརྩམ་མེད་པ་འབྲེལ་ཡོད་ཚོགས་མི་ཞིག་ནས་འདི་ག་གསར་ཁང་ལ་གསལ་བཤད་གནང་བྱུང་།

བལ་ཡུལ་དུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་གནད་དོན་དེ་བལ་ཡུལ་དུ་ཆབ་སྲིད་ཀྱི་གླེང་གཞི་ཆེན་པོར་གྱུར་བའི་རྗེས། ཟླ་བ་ ༧ ཚེས་ ༡༠ བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ཐོག་ཤར་སྐྱོད་བྱ་རྒྱུ་དང་། བལ་ཡུལ་ས་ཐོག་ཏུ་རྒྱ་ནག་ལ་གནོད་པའི་ལས་འགུལ་རིགས་སྤེལ་མི་ཆོག་པའི་གསལ་བསྒྲགས་བྱས་ཡོད།

བལ་ཡུལ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བར་གྱི་གཞུང་འབྲེལ་གྱི་འབྲེལ་བ་ཕྱི་ལོ་ ༡༩༥༥ འགོ་བཙུགས་པ་དང་། དེ་རྗེས་རིམ་པས་རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་དེ་རྒྱག་གི་ཆ་ཤས་སུ་ཁས་བླངས་ཏེ། རྒྱ་ནག་གཅིག་ཅེས་པའི་སྲིད་བྱུས་དེ་ཁས་ལེན་བྱས་ཡོད་པ་རེད།།

འབྲེལ་ཡོད་གསར་གནས།

གསར་གནས།