Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་སྨན་ཁང་ཁག་གི་སྦྲུམ་མའི་སྡེ་ཚན་རྣམས་སྒོ་རྒྱག་བཞིན་པ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པའི་ཁྲོད་རྒྱ་ནག་གི་སྨན་ཁང་ཁག་གི་སྦྲུམ་མའི་སྡེ་ཚན་མང་དག་ཅིག་སྒོ་རྒྱག་དགོས་བྱུང་བཞིན་ཡོད་པ་རེད་འདུག

དེའང་ Al Jazeera གསར་ཤོག་ཐོག་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གཞུང་ནས་ཡུལ་དེའི་ནང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་འབོར་ཇེ་མང་གཏོང་ཕྱིར་ཕྲུ་གུ་བཙས་མཁན་ཚོར་ཁེ་ཕན་སྣ་མང་ཞིག་བསྐྲུན་ཡང་། འདས་པའི་ལོ་གཉིས་བསྟུད་མར་རྒྱ་ནག་ནང་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་བསྟུན། སྨན་ཁང་ཁག་གི་སྦྲུམ་མའི་སྡེ་ཚན་ནང་ནད་པ་ཡོང་མཁན་ཉུང་དྲགས་པའི་རྐྱེན་གྱིས་སྦྲུམ་མའི་སྡེ་ཚན་མང་པོ་ཞིག་སྒོ་རྒྱག་བཞིན་ཡོད་པ་རེད་འདུག

China Child Policy

རྒྱ་གཞུང་ངོས་ནས་ད་ལྟའི་ཆར་སྨན་ཁང་ཁག་གི་སྦྲུམ་མའི་ཚན་པ་ཁག་སྒོ་རྒྱག་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་པའི་ཁར། གནས་ཚུལ་དེ་འབྲེལ་མང་ཚོགས་ཀྱིས་སེམས་འཚབ་ཡོད་པའི་བསམ་ཚུལ་ཁག་སྤྱི་ཚོགས་དྲ་ལམ་དུ་བལྟ་ཀློག་མི་ཐུབ་པ་བཟོས་ཡོད་ཀྱང་། Al Jazeera གསར་ཤོག་གིས་བདུན་ཕྲག་འདིའི་ནང་གནས་ཚུལ་སྤེལ་བར་རྒྱ་ནག་གི་སྨན་ཁང་ཕལ་ཆེ་བ་ཞིག་ནས་སྦྲུམ་མའི་ཞབས་ཞུ་མཚམས་འཇོག་དང་ཚན་པ་ཁག་མུ་མཐུད་སྒོ་རྒྱག་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ནས་ ༢༠༢༡ བར་གྱི་དུས་ཡུན་ཁྲོད་རྒྱ་ནག་ནང་ཕྲུ་གུ་སྐྱེ་སའི་སྨན་ཁང་གྲངས་ ༨༠༧ ནས་ ༧༩༣ དུ་ཟགས་ཡོད་པ་མངོན་གསལ་གནང་འདུག

རྩ་བའི་རྒྱ་ནག་གཞུང་གིས་རྒྱ་ནག་སྤྱི་ཡོངས་ནང་མི་འབོར་ཤུགས་ཆེ་འཕེལ་བཞིན་པ་དེ་འགོག་སླད། དེ་སྔ་ཕྱི་ལོ་ ༡༩༨༠ ལོར་ one-child policy  ཞེས་འཆར་ལྡན་བུ་རྩའི་སྲིད་བྱུས་འོག་ཕྲུ་གུ་གཅིག་ལས་ལྷག་སྐྱེས་མི་ཆོག་པ་བཟོས་པ་ལྟར། དུས་དེ་ནས་བཟུང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་ཚད་དེ་ཉིད་མར་ཟགས་འདུག་ཅིང་། ཕྱིས་སུ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༥ ལོར་ཕྲུ་གུ་གཉིས་དང་ཕྱི་ལོ་ ༢༠༢༡ ལོར་ཕྲུ་གུ་གསུམ་སྐྱེས་ཆོག་པ་བཟོས་ཡོད་པ་དེ་ལྟར་ཡང་། རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་ཚད་མུ་མཐུད་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་རེད་འདུག

China Child Policy

གསར་ཤོག་ཐོག་ད་ལྟའི་ཆར་རྒྱ་ནག་ནང་ཕྲུ་གུ་སྐྱེ་འཕེལ་གྱི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཡུལ་དེའི་ནང་གཉེན་སྒྲིག་གི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་ཁར་བཟའ་ཚང་ཁ་བྲལ་གྱི་གྲངས་འབོར་མང་དུ་ཕྱིན་བཞིན་པ། དེ་བཞིན་མི་འབོར་ཕོན་ཆེ་ཞིག་གཉེན་སྒྲིག་མ་བྱེད་པར་ཁེར་རྐྱང་གི་མི་ཚེ་བསྐྱལ་རྒྱུའི་འདོད་པ་བྱེད་བཞིན་པ་ཙམ་མ་ཟད། མང་ཚོགས་ཕལ་ཆེ་བས་དཔལ་འབྱོར་གྱི་གནས་བབ་ལ་གཞིགས་ནས་ཕྲུ་གུ་སྐྱེ་རྒྱུ་མིན་པ་སོགས་ཀྱི་ཐག་གཅོད་བྱེད་བཞིན་པ་ཅེས་ཁོད་འདུག

གནད་དོན་དེ་དང་འབྲེལ་ University of Chinese Medicine  ཞེས་རྒྱ་ནག་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ Deng Yong དང་ Wang Chongyu གཉིས་ཀྱིས་ཟླ་བ་སྔོན་མར་ China Business news ཞེས་པའི་གསར་ཤོག་ཐོག་དཔྱད་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་རྒྱལ་ཡོངས་ནང་བུད་མེད་ནད་རིགས་ཚན་ཁག་གཙོས་པའི་མ་དང་བྱིས་པའི་ཚན་ཁག་གཉིས་མྱུར་དུ་སྒོ་རྒྱག་བཞིན་ཡོད་པ་དེར་བློ་འཚབ་ཆེས་ཆེར་བཏོན་པ་དང་སྦྲགས་ཏེ། ཚན་ཁག་དེ་དག་སྒོ་རྒྱག་བཞིན་པ་དེས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་ཀྱི་མཐུན་རྐྱེན་ལ་དོ་ཕོག་ཙམ་མ་ཟད་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་སློང་ངེས་ཡིན་པ་སོགས་ཀྱི་ཉེན་བརྡ་དྲག་པོ་བཏང་ཡོད་པ་རེད་འདུག

སྤྱིར་རྒྱ་ནག་གཞུང་གི་མི་འབོར་གྲངས་ཐོར་གཞིགས་ན། ཕྱི་ལོ་ ༢༠༢༣ ནང་རྒྱ་ནག་གི་མི་འབོར་སྤྱིའི་གྲངས་འབོར་དེ་ཉིད་ཐེར་འབུམ་ ༡.༤༠༩ ནས་ས་ཡ་གཉིས་ལྷག་ཙམ་ཟགས་པ་དང་། དེའང་དེ་སྔ་ཕྱི་ལོ་ ༢༠༢༢ ལོ་དང་བསྡུར་ན་ལྡབ་གཅིག་གིས་མང་བ་ཟགས་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོའི་ནང་རྒྱ་ནག་རྒྱལ་ཡོངས་སུ་ཕྲུ་གུ་སྐྱེས་པའི་གྲངས་འབོར་དེ་བརྒྱ་ཆ་ ༥.༧ གྱིས་མར་ཟགས་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།