Tibetan Royal Year of 2151 | Year of the Wood Dragon

ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བདམས་ཐོན།

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཁ་སང་ཕྱི་ཚེས་ ༢༧ ཉིན་དབུ་འཛུགས་ཀྱིས་དེ་རིང་བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ International Buddhist Confederation འམ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་པ་དང་འབྲེལ། ཚོགས་ཆེན་ཐོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དེ་སྔའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་སྤྱི་མོས་ཐོག་བདམས་ཐོན་བྱུང་འདུག

རྒྱ་གར་དབུས་གཞུང་གི་གོ་སྒྲིག་འོག་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱལ་ཁབ་ ༢༠ ནས་ཚོགས་མི་ ༡༥༠ ལྷག་ཆེད་བཅར་གནང་འདུག་པ་དང་ཚོགས་འདུ་ཐོག་གཙོ་བོ་ལོ་གསུམ་རེའི་མཚམས་སུ་ཚོགས་པའི་རྒྱུན་ལས་གསར་བསྐོ་དང་འབྲེལ་ལས་དོན་གཉེར་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་གི་ཡོད་པ་ལྟར་ཐེངས་འདིའི་ཚོགས་འདུ་ཐོག་ཚོགས་པའི་དྲུང་ཆེ་དང་དྲུང་གཞོན། རྩིས་པ་དང་དངུལ་གཉེར་སོགས་བསྐོ་བཞག་གནང་ཡོད།

མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེར་བསྐོ་གཞག་གནང་བར་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་དགའ་སྤྲོའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཆེས་མཐོའི་ལྷན་ཚོགས་ཀྱི་གནང་སྒོ་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་འདུག

གཞི་རྩའི་དགའ་ལྡན་ཤར་རྩེའི་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ནི། ཕྱི་ལོ་ ༡༩༦༦ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་གར་ཤར་སྐུ་འཁྲུངས་པ་དང་ཆུང་དུས་བོད་གཞུང་གཏན་སློབ་ཏུ་འགྲིམས་ནས་ ༡༩༧༨ ལོར་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་སྟེ། ལོ་དྲུག་བསྟུད་མར་དགེ་ལུགས་རྒྱུགས་སྤྲོད་ཆེན་པོའི་ནང་ཨང་རིམ་དང་པོ་བཞེས་ཡོད། ༡༩༩༨ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་མ་ཟད་སྔགས་ཀྱི་དམ་འཇོག་རིམ་པ་གནང་།  ༢༠༠༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོར་བསྐོ་གཞག་མཛད་དེ་ལོ་ངོ་བརྒྱད་ལྷག་གི་རིང་གདན་སའི་མཁན་པོའི་ཐུགས་འགན་བཞེས། ༢༠༡༧ ལོར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པར་བདམས་ཐོན་བྱུང་དོན་བཞིན་ད་བར་ལོ་ངོ་དྲུག་ལྷག་གི་རིང་སྤྱི་ཁྱབ་དྲུང་ཆེ་གཞོན་པའི་ཐུགས་འགན་བཞེས་ཡོད་པ་རེད།

མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་ཨེ་ཤ་ཡའི་ནང་པའི་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཞོན་ཀྱི་ཐུགས་འགན་གཙོས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཕྱག་བསྟར་ངེས་སྟོན་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་གཅིག་ལྕོགས་ཀྱི་ཐུགས་འགན་བཞེས་པ་སོགས་བསྟན་པའི་ཞབས་འདེགས་རྒྱ་ཆེ་བཞེས་དང་བཞེས་མུས་ཡིན་པ་རེད། པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།