Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་གྲོས་ཚོགས་སུ་ཕེབས་བསུ་ཞུས་པ།

Tibetan News Headlines

  • Tibetan leaders thank US Congress for ‘Resolve Tibet Act’ at special Capitol Hill reception
  • Jaishankar meets Chinese FM Wang in Laos, pushes for urgency in resolving LAC standoff
  • 25th Kargil Jijay Divas: Tibetan war veterans recount 1999 Kargil war
  • US lawmaker introduces bill to strengthen US-India security partnership
  • Cloudburst in Manali: Flash floods wreak havoc, no damages to Tibetan settlements

རེས་གཟའ་པ་སངས། ༢༠༢༤།༠༧།༢༦

  • བོད་དོན་ཁྲིམས་ཡིག་སླད་སྐུ་ལས་བསྐྱོན་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཚོགས་འདུག
  • རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྲིད་བློན་ཆེན་དབར་ས་མཚམས་ཀྱི་གནད་དོན་ཛ་དྲག་གི་སྒོ་ནས་གདོང་ལེན་བྱ་རྒྱུའི་མོས་མཐུན་བྱས་འདུག
  • ཀར་གྷིལ་དམག་འཁྲུག་ཁྲོད་རྒྱ་གར་ལ་རྒྱལ་ཁ་ཐོབ་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི།
  • ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་ཨ་རི་དང་རྒྱ་གར་གཉིས་དབར་རྒྱལ་སྲུང་ཐད་མཉམ་ལས་སྲ་བརྟན་གཏང་རྒྱུའི་ཁྲིམས་འཆར་ངོ་སྤྲོད།
  • Manali ཁུལ་དུ་ཆུ་ལོག་གི་དོན་རྐྱེན་བྱུང་ཡང་བོད་མིའི་གཞིས་ཆགས་ཡོད་སར་གནོད་འཚེ་གང་ཡང་བྱུང་མིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་རྒྱལ་ས་ Ottawa ནང་ཉིན་གྲངས་བཞིའི་རིང་གི་འཚམས་གཟིགས་གནང་བཞིན་པ་དང་བསྟུན། ཁ་ཉིན་ཚེས་ ༢༢ ཉིན་སྲིད་སྐྱོང་མཆོག་ལ་ཁེ་ན་ཌའི་གྲོས་ཚོགས་ནང་ཕེབས་བསུ་ཞུས་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་ཚེས་ ༢༢ ཉིན་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Greg Fergus མཆོག་དབུ་བཞུགས་ཐོག་གྲོས་ཚོགས་འཐུས་མི་ James Maloney ལགས་ཀྱིས་སྲིད་སྐྱོང་མཆོག་ཁེ་ན་ཌའི་གྲོས་ཚོགས་སུ་ཕེབས་བསུའི་གཏམ་བཤད་གནང་སྐབས་སྲིད་སྐྱོང་མཆོག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་སྐུ་ཚབ་རེད་ཅེས་ནན་བརྗོད་དང་འབྲེལ་གྲོས་ཚོགས་འཐུས་མི་རྣམས་ལ་ཁེ་ན་ཌར་གནས་བཞུགས་བོད་མིའི་ཁྱད་དུ་འཕགས་པའི་ཆོས་དང་རིག་གཞུང་སྐོར་སྙན་སེང་དང་། ཁེ་ན་ཌའི་ Etobicoke Lakeshore ས་གནས་སུ་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་རྒྱུ་དེ་ཡིན་སྐོར་ངོ་སྤྲོད་གནང་ཡོད། འཚེ་བ་མེད་པ་དང་ཞི་བདེ་ནི་འགྲོ་བ་མི་རིགས་ཡོངས་ཀྱི་མངོན་འདོད་ཡིན་པ་ལྟར་སྲིད་སྐྱོང་མཆོག་ནི་བོད་མིའི་འཚེ་མེད་ཞི་བདེའི་སྐུ་ཚབ་མཚོན་ཐུབ་ཀྱི་ཡོད་ཅེས་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་འཐབ་རྩོད་ཆེད་དུ་སྐུ་ལས་སྐྱོན་བཞིན་པར་ཡི་རང་བསྔགས་བརྗོད་དང་། ཁོང་རྣམས་བོད་མི་དང་མཉམ་ཡོད་ཅེས་གསུངས་འདུག

རྩ་བའི་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཁེ་ན་ཌ་ནང་གི་འཚམས་གཟིགས་ཁྲོད་ཡུལ་དེའི་ Block Quebec ཆབ་སྲིད་ཚོགས་པའི་དབུ་ཁྲིད་ François Blanchet ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག དེ་བཞིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཁེ་ན་ཌའི་ཁྲིམས་ལུགས་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་སྐུ་ཞབས་ Arif Virani མཆོག་གཙོས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་གྲོས་ཚོགས་འཐུས་མི་ Garnett Genuis ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།

ཁ་ཉིན་ཁེ་ན་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཙོ་བོར་གྱུར་པའི་བྱང་ཨ་རིའི་སྐུ་ཚབ་དོན་ཁང་དང་ Canada Tibet Committee ཞེས་ཁེ་ན་ཌ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་སྲིད་སྐྱོང་མཆོག་ལ་ཕེབས་སྟོན་མཛད་སྒོ་ཞིག་གོ་སྒྲིག་གནང་བའི་ཐོག་ཁེ་ན་ཌའི་ཁྲིམས་ལུགས་བློན་ཆེན་དང་ཁྲིམས་རྩོད་པ་ཆེན་མོ་སྐུ་ཞབས་ Arif Virani མཆོག་དང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Greg Fergus ལགས། དེ་བཞིན་བློན་ཆེན་གཞན་ ༣ གཙོས་ཁྱོན་བློན་ཆེན་དང་གྲོས་ཚོགས་འཐུས་མི་བཅས་གནད་ཡོད་མི་སྣ་ཁྱོན་ ༢༦ མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ Arif Virani མཆོག་གིས་སྲིད་སྐྱོང་མཆོག་ངོ་སྤྲོད་གནང་བ་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད། དེ་བཞིན་ཁེ་ན་ཌའི་ངོས་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་རང་དབང་ལ་རྒྱབ་སྐྱོར་ཡོད་པ་སོགས་གཏམ་བཤད་གནང་འདུག

ལས་རིམ་དེའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཁེ་ན་ཌའི་གནད་ཡོད་མི་སྣ་རྣམས་ལ་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་ལེགས་པོ་ཡོད་པའི་སྙན་སེང་དང་འབྲེལ། རྒྱ་ནག་གི་ངོས་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱས་དང་བྱེད་བཞིན་ཡོད་པ་གཙོས་བོད་ནང་གི་ཛ་དྲག་གནས་སྟངས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཕྱོགས་བཅས་ཀྱི་སྐོར་ལ་སྙན་སེང་ཞུས་པར་མ་ཟད། ཁེ་ན་ཌ་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱས་པ་གཙོས་བོད་དོན་འཐབ་རྩོད་ལ་འཁྱོག་བཤད་དྲིལ་བསྒྲགས་བྱས་ཁག་ལ་གདོང་ལེན་གནང་ཕྱིར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་སོགས་གསུངས་འདུག

གསར་འགོད་པས་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་སྐབས་ལྷན་བཅར་ཞུས་པའི་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུུབ་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་སྲིད་སྐྱོང་མཆོག་ནས་ཁྱོན་གྲོས་ཚོགས་འཐུས་མི་ ༣༢ དང་བློན་ཆེན་ ༤ དེ་བཞིན་ཕྱི་སྲིད་ལས་ཁུངས་ཀྱི་ཆབ་སྲིད་ཚན་པ་དང་རྒྱལ་སྤྱིའི་རོགས་སྐྱོར་ཚན་པ་བཅས་ཀྱི་གནད་ཡོད་མི་སྣ་ཁག་དང་ལྷན་དུ་མཇལ་འཕྲད་གནང་བའི་ཁྲོད། གཙོ་བོ་ཁེ་ན་ཌའི་ངོས་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་གནང་ཕྱོགས་དང་མ་འོངས་པའི་ལས་དོན་སྐོར། ལྷག་པར་ཁྱིམ་མཚེས་རྒྱལ་ཁབ་ཨ་རི་ལྟར་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་རྒྱུ་བཅས་ཀྱི་སྐོར་ལ་གླེང་སླེང་ལྷུག་པོ་གནང་ཡོད་པ་སོགས་གསུངས་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་མཛད་རིམ་ཁག་བསྐྱངས་ཟིན་རྗེས་ཨ་རི་དང་ཡོ་རོབ་ཁུལ་ས་གནས་ཁག་བཞིར་བོད་རིགས་མང་ཚོགས་དང་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།