Tibetan Royal Year of 2151 | Year of the Wood Dragon

ཨ་རི་བོད་ཁང་གི་འགན་འཛིན་གཙོས་ལས་བྱེད་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བ།

Tibetan News Headlines

  • Sikyong Penpa Tsering returns to Dharashala after receiving NED Democracy Award
  • Jamyang Tenzin completes Ladakh to Dharamshala cycle rally for Tibet
  • Tibetans protest Chinese premier Li Qiang’s visit to Australia
  • China’s anti-corruption watchdog investigates former Tibet party boss Wu Yingjie
  • APFA cup, football tournament for Tibetan aged 40 and above kicks off in Clement Town

རེས་གཟའ་ཟླ་བ། ༢༠༢༤།༠༦།༡༧

  • སྲིད་སྐྱོང་མཆོག་བཞུགས་སྒར་དུ་ཕེབས་འབྱོར།
  • འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
  • ཨོ་གླིང་བོད་མིས་རྒྱ་ནག་གི་སྲིད་བློན་ Li Qiang ལ་ཞི་རྒོལ།
  • བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་ཝུའུ་ཡིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ།
  • ཨ་ཕ་རྐང་སྤོལ་རྩེད་འགྲན་འགོ་འཛུགས།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ་ཨ་རིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་སྐུ་ཞབས་ Robert Thurman ལགས་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Robert Thurman ལགས་ནི་ལོ་མང་རིང་འབྲེལ་བ་ཡོད་པའི་བློ་ཐུབ་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པར་ངོ་སྤྲོད་མཛད་དེ་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། དེ་སྔ་མགོན་པོ་༸གང་ཉིད་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གཞུང་གི་ངོས་ནས་ངོས་བཞེས་གནང་མིན་གྱི་བློ་དོགས་རྐྱེན་གྱིས་འབྲུག་ཡུལ་དུ་བོད་མིའི་སྐུ་ཚབ་ཞིག་བཏང་བ་དང་། རིམ་པས་རྒྱ་གར་གྱི་ས་མཚམས་སུ་འབྱོར་སྐབས་ས་གནས་མི་མང་ཚོས་ཕེབས་བསུ་དང་རྒྱ་གར་དབུས་གཞུང་གིས་ཀྱང་མགོན་པོ་མཆོག་རྒྱ་གར་གྱི་སྐུ་མགྲོན་ཞིག་ལ་ངོས་བཞེས་གནང་སྟེ་ད་བར་ཐུགས་འཚབ་གང་མེད་པར་རྒྱ་གར་ནང་༸སྐུ་བཞུགས་མཛད་བཞིན་ཡོད་པ་སོགས་བཀའ་སྩལ་མཛད་འདུག༸གོང་ས་མཆོག་གིས་རྒྱ་གར་ནང་ལ་བོད་པའི་སློ་གྲྭ་དང་རིག་གཞུང་གི་བསྟི་གནས་ཁག་ཟུར་འཛུགས་གནང་བའི་བརྒྱུད་རིམ་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ད་ཆ་བསྟི་གནས་ཁག་དེ་དག་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ནང་ཆོས་ཀྱི་ལྟ་གྲུབ་སོགས་སློབ་གཉེར་འཐུས་ཚང་གནང་བཞིན་པ་དང་། བོད་མིས་མི་ཉམས་རྒྱུན་འཛིན་གནང་བཞིན་པའི་ནང་པའི་གཞུང་ལུགས་དང་ལྷག་པར་སེམས་ཁམས་རིག་པ་དང་འབྲེལ་བའི་རྣམ་གཞག་ཁག་ལ་དེང་ཆར་ཚན་རིག་མཁས་པ་ཚོས་ཀྱང་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་བཀའ་སྩལ་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་གཞི་རྩའི་རང་བཞིན་གཙོ་བོ་དེ་བྱམས་བརྩེ་ཡིན་པ་སོགས་བཀའ་འགྲེལ་དང་སྦྲགས། བྱམས་བརྩེ་དང་སེམས་པ་བཟང་པོ་གནང་རྒྱུ་སོགས་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་ཆོས་དང་མ་འབྲེལ་བའི་ཐོག་ནས་ཤེས་ཡོན་གྱི་ལམ་ལུགས་ནང་སློབ་ཁྲིད་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་རིང་མིན་རྒྱལ་ས་ལྡི་ལི་ནང་དུ་བཟང་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་བའི་མཛད་རིམ་ཞིག་གི་ཐོག་ལྷན་ཞུགས་མཛད་འཆར་ཡོད་པ་བཀའ་སྩལལ་འདུག

སྐབས་དེར་ཨ་རི་བོད་ཁང་གི་འགན་འཛིན་སྐུ་ཞབས་ Robert Thurman ལགས་ཀྱིས་བོད་ཁང་གི་ངོས་ནས་ད་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོང་འཕེལ་དང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་གནང་བའི་ལས་དོན་སྙན་སེང་ཞུས་པ་དང་འབྲེལ། ལོ་རྗེས་མའི་ཕྱི་ཟླ་ ༤ ནང་སླར་བཞུགས་སྒར་དུ་བཅར་ཏེ་བོད་མཐོ་སྒང་གི་ཁོང་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་ལས་རིམ་ཞིག་གནང་འཆར་ཡོད་པ་སོགས་ཞུས་སྐབས་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནད་དོན་འདི་ནི་ཚང་མས་དོ་སྣང་དང་ཡིད་གཟབ་གནང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པར་ལམ་སྟོན་མཛད་ཡོད། དེ་བཞིན་སྐུ་ཞབས་ཐར་མན་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་མ་འོངས་པར་དྲ་ཐོག་བརྒྱུད་དུས་འཁོར་དབང་ཆེན་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སྐབས་༸གོང་ས་མཆོག་གིས་དེ་འབྲེལ་ཆོ་ག་རྒྱས་པོ་ཡོད་པས་སླད་མར་བྱམས་བརྩེ་གཞི་རྩར་བཟུང་བའི་གཞན་ཕན་དང་གཞན་གཅེས་འཛིན་གྱི་བློ་བསྐྱེད་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྒོམ་སྒྲུབ་ཀྱི་མཛད་པ་ཁག་ཅིག་གི་ཐོག་ལ་དགོངས་པ་བཞེས་བཞིན་ཡོད་སྐོར་བཀའ་སྩལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།