ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་དང་ Jeff Merkley ལགས་གཉིས་ནས་ Tibet Atrocities Determination Act ཞེས་རྒྱ་ནག་གིས་བོད་ནང་བཙན་གནོན་ཇེ་ཤུགས་ཆེ་རུ་གཏོང་བཞིན་པར་ངོས་འཛིན་གྱིས་ཁྲིམས་འཆར་ཞིག་ཆེད་འདོན་གནང་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Rick Scott ལགས་ཀྱི་དྲྭ་གནས་ཐོག་གནས་ཚུལ་ཐོན་གསལ་ལྟར་ན། Tibet Atrocities Determination Act ཞེས་བོད་ནང་བཙན་གནོན་ངོས་འཛིན་གྱིས་ཁྲིམས་འཆར་དེ་བཞིན་ཁ་སང་ཕྱི་ཚེས་ ༢༩ སྟེ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོར་རྗེས་དྲན་གྱི་ཉིན་མོ་ཞེས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྲུང་བརྩི་ཞུ་བཞིན་པའི་དུས་ཚིགས་དང་བསྟུན་ནས་ཆེད་འདོན་གནང་བ་ཞིག་རེད་འདུག་ལ། ཁྲིམས་འཆར་དེས་ཨ་རིའི་ཕྱི་སྲིད་བློན་ཆེན་མཆོག་ལ་འབྱུང་འགྱུར་ལོ་གཅིག་ནང་ཚུད་རྒྱ་ནག་གིས་བོད་ནང་བཙན་གནོན་གྱི་བྱ་སྤྱོད་དེ་དག་མི་རིགས་སྡེབ་གསོད་ཀྱིས་རྩ་མེད་གཏོང་ཐབས་དང་ཡང་ན་འགྲོ་བ་མིར་གཉའ་གནོན་གྱིས་ཁྲིམས་ཐོག་ནག་ཉེས་ཤིག་གི་མཚན་ཉིད་ཚང་གི་ཡོད་མེད་ཐད་ངོས་འཛིན་ཇི་ལྟར་གནང་གི་ཡོད་སྐོར་བཀའ་ལན་འདོན་སྤེལ་གནང་དགོས་ཀྱི་ཡོད་པ་རེད་འདུག
ཁྲིམས་འཆར་ཆེད་འདོན་གནང་བ་དེའི་ནང་སྐུ་ཞབས་ Rick Scott ལགས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་མི་རིགས་སྡེབ་གསོད་ཀྱིས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་མངོན་གསལ་དང་འབྲེལ། དེ་ནི་ཟློག་ཐབས་མེད་པའི་དངོས་ཡོད་གནས་སྟངས་ཤིག་ཡིན་པ་དང་། རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་ཐོག་གཉའ་གནོན་གྱི་སྲིད་བྱུས་ནང་འཐབ་ཇུས་ལྡན་པའི་དམར་གསོད་དང་མནར་གཅོད་བཏང་བ། བཙན་གྱིས་བུ་བཙའ་འགོག་པ་དང་གནས་སྤོས་བྱས་པ། སྲིད་གཞུང་གི་བཀོད་སྒྲིག་འོག་བཙན་ཁྲིད་བྱས་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ནག་ཉེས་གཞན་མང་དག་ཅིག་ཡོད་པ་གསུངས་ཏེ། འདི་ནི་ངན་སེམས་ཀྱིས་ཀུན་ནས་སློང་བའི་རྒྱ་ནག་སྲིད་གཞུང་གི་དུས་རྒྱུན་གྱི་བྱ་སྤྱོད་ཅིག་རེད་ལ། དུས་མཚུངས་སུ་རྒྱ་ནག་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་བཞིན་པ་དང་། ཡེ་ཤུའི་ཆོས་ལུགས་ཐོག་དྲག་གནོན། མ་ཟད་ཁོང་གི་གྲོགས་པོ་ཇི་མི་ལེ་ཡི་ལྟ་བུའི་ཆབ་སྲིད་བཙོན་པ་ཚོ་བཙོན་ཁང་དུ་བཅུག་བཞིན་ཡོད་སྟབས། ཁྲག་སྦྱོར་འདི་མཚམས་འཇོག་དགོས་པ་དང་། རྒྱ་ནག་ནས་བཙན་གནོན་དེ་དག་ཚང་མའི་ཐད་འགན་འཁུར་བླང་དུ་འཇུག་དགོས་པ་གསུངས་འདུག
དེ་བཞིན་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ཀྱིས། རྒྱ་ནག་གིས་བོད་མིར་མུ་མཐུད་ནས་དྲག་རྒོལ་བྱེད་བཞིན་པའི་ཐོག བོད་ཀྱི་རིག་གཞུང་རྩ་མེད་གཏོང་བ་དང་། ཕྲུ་གུ་རང་གི་ནང་མི་ནས་ཁ་བྲལ་གཏོང་བ། ལྟ་སྲུང་དང་བཙོན་འཇུག་བྱེད་པ། མནར་གཅོད་གཏོང་བ་སོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་བཞིན་པའི་སྐབས་སུ་ཨ་རི་ངོས་ནས་ཁ་ཁུ་སིམ་པོར་སྡོད་ཐུབ་ཐབས་མེད་ལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལ་ལྟོས་མེད་བོད་མིའི་གཞི་རྩའི་རང་དབང་ལ་སྣང་མེད་བྱེད་མུས་ཡིན་ཀྱང་། ང་ཚོས་རྒྱ་ནག་གི་ནག་ཉེས་འདི་དག་སྣང་མེད་དུ་མི་འཇོག་པའི་ཐག་གཅོད་གསལ་པོ་ཞིག་གནང་དགོས་གལ་ཡིན་པ་གསུངས་འདུག
རྩ་བའི་ Tibet Atrocities Determination Act ཞེས་པའི་ཁྲིམས་འཆར་འདི་ནི། རྒྱ་ནག་གིས་བོད་ནང་བཙན་གནོན་བྱེད་བཞིན་པའི་ཐོག་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཞིབ་འཇུག་དགོས་པའི་སྐུལ་མ་ལྟ་བུ་ཞིག་ཆགས་ཀྱི་ཡོད་ལ། ད་ལྟའི་ཆར་རྒྱ་ནག་ཐོག་ཞིབ་འཇུག་གི་སྐུལ་མ་དེ་ཁྲིམས་འཆར་ངོ་བོའི་ཐོག་ནས་གྲོས་ཚོགས་ནང་ཆེད་འདོན་གནང་ཡོད་ཀྱང་། གལ་ཏེ་ཁྲིམས་འཆར་དེ་གྲོས་ཚོགས་ཀྱི་ཚོགས་ཆུང་ནས་གྲོས་བསྡུར་གྱིས། གྲོས་ཚོགས་གོང་འོག་གཉིས་ནང་བགྲོ་གླེང་བརྒྱུད་མཐར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ན། གཏན་འབེབས་ཁྲིམས་ཡིག་དེའི་བརྒྱུད་བོད་ནང་རྒྱ་ནག་གིས་བཙན་གནོན་ལ་ཨ་རིའི་སྲིད་གཞུང་ནས་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་ཀྱི་ཡོད་པ་རེད།




