Tibetan Royal Year of 2151 | Year of the Wood Dragon

ཨོ་སི་ཊོ་ལི་ཡ་ནང་བོད་རིག་སློབ་མ་ཞིག་ལ་མངའ་སྡེའི་རིམ་པ་གཉིས་པའི་བློན་ཆེན་བྱ་དགའ་ཐོབ་པ།

Tibetan News Headlines

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་གཉིས་དང་གླེང་མོལ། 

Sunday 21/04/2024

  • Continuing Tradition: Meet the second Generation Tibetan Farmers in Mainpat Phendeyling

ཨོ་སི་ཊོ་ལི་ཡ་ནང་རྟེན་གཞི་བྱས་པའི་སིཌ་ནི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་གི་འཛིན་རིམ་དྲུག་པའི་སློབ་མ་བསྟན་འཛིན་ཚེ་བརྟན་ལགས་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་ཡིག་རྒྱུགས་རྩེ་སོན་གྱི་མངའ་སྡེའི་རིམ་པ་གཉིས་པའི་བློན་ཆེན་གྱི་བྱ་དགའ་ཐོབ་འདུག

དེ་ཡང་ཉེ་ཆར་ཟླ་ ༡༠ ཚེས་ ༢༩ རེས་གཟའ་ཟླ་བའི་ཉིན་ཨོ་སི་ཊོ་ལི་ཡའི་སིཌ་ནིའི་གྲོང་ཁྱེར་དུ་ཡོད་པའི་ New South Wales གཙུག་ལག་སློབ་གྲྭ་ཆེན་མོའི་ Sir John Clancy ཚོགས་ཁང་ཆེན་མོར་ལོ་ན་བཅུ་བཞིར་སོན་པའི་བོུ་བསྟན་འཛིན་ཚེ་བརྟན་ལགས་སུ་བོད་ཀྱི་སྐད་ཡིག་སློབ་གཉེར་སྦྱང་འབྲས་རྩེ་སོན་གྱི་ཡུལ་དེའི་རིམ་པ་གཉིས་པའི་བྱ་དགའ་ཐོབ་འདུག་པ་དང། དེའང་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ Rob Stokes མཆོག་དབུ་བཞུགས་ཐོག་ New South Wales མངའ་སྡེའི་མི་རིགས་སྐད་ཡིག་སློབ་གྲྭའི་རྒྱུན་ལས་ལྕམ་ Hilary Hughes མཆོག་གི་ཕྱག་ནས་བཞེས་གནང་འདུགམཛད་སྒོའི་ཐོག་རིག་གནས་སྐྱེད་ཚལ་ཁང་གི་འཛིན་རིམ་གསུམ་པའི་བོུ་ཕུན་ཚོགས་སྒྲོལ་མ་ལགས་སུ་ཕུལ་བྱུང་སློབ་མའི་གཟེངས་རྟགས་ཀྱང་ཐོབ་འདུག

རྩ་བའི་ཕི་ལོ་ ༡༩༧༨ ལོར་གསར་འཛུགས་གནང་བའི་ New South Wales མངའ་སྡེའི་མི་རིགས་སྐད་ཡིག་སློབ་གྲྭའམ་གཟའ་མཇུག་སློབ་གྲྭ་དེའི་ནང་རིག་གནས་སྐྱེད་ཚལ་ཁང་གིས་གཙོས་པའི་འདི་ལོ་བར་སྐད་ཡིག་ ༦༢ ཐོག་གཟའ་འཇུག་སློབ་གྲྭ་ཁྱོན་ ༥༦༡ དང་ལོ་འདིའི་ནང་སློབ་མ་ ༣༦༠༨༨ ཡོད་པ་དང་དང་བླངས་དགེ་རྒན་ ༢༩༢༥ ཡོད་པ་རེད། བློན་ཆེན་གྱི་བྱ་དགའ་དེ་ནི་གཟའ་མཇུག་སློབ་གྲྭ་སོ་སོས་རང་ཁོངས་སློབ་མའི་ནང་ནས་ལོ་འཁོར་ཡིག་རྒྱུགས་དང་འཛིན་གྲྭར་བཅར་ཐོ། སྤྱོད་ལམ། རིག་རྩལ་འགྲན་ཚོགས་སུ་འཛུལ་ཞུགས་ཀྱི་སྤུས་ཚད་བཅས་གཙོ་བཟུང་གིས་བྱ་དགའི་འོས་མི་གཉིས་རེ་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་འབུལ་གནང་གི་ཡོད་པ་དང། ཤེས་རིག་ལས་ཁུངས་ཀྱིས་འོས་མི་དེ་དག་གི་གནས་སྟངས་ལ་ཞིབ་དཔྱད་ཀྱིས་རྩེ་ཕུད་སློབ་མ་ ༡༠ དྲག་འདེམས་ཐོག་བློན་ཆེན་བྱ་དགའ་རིམ་པ་དང་པོར་འོས་འདེམས་དང་གཞན་རྣམས་བྱ་དགའ་རིམ་པ་གཉིས་པ་དང་གསུམ་པའི་བྱ་དགའ་གནང་གི་ཡོད་པ་རེད།ད་རེས་བོད་ཕྲུག་ལ་བྱ་དགའ་ཐོབ་པ་དེ་ནི་ཨོ་སི་ཊོ་ལི་ཡའི་ལོ་རྒྱུས་ནང་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་ནས་བློན་ཆེན་གི་བྱ་དགའ་ཐོབ་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།

གཞི་རྩའི་སིཌ་ནི་བོད་རིགས་མཐུན་ཚོགས་རིག་གནས་སྐྱེད་ཚལ་ཁང་དེ་ཕྱི་ལོ་ ༡༩༩༧ ཟླ་ ༩ པའི་ནང་ཁྱིམ་ཚང་གི་བོད་སྐད་བོད་ཡིག་སློབ་གྲྭའི་ངོ་བོ་ཙམ་ནས་རིམ་བཞིན་ཡར་རྒྱས་སོང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིག་གནས་སྐྱེད་ཚལ་ཁང་ཞེས་མཚན་གསོལ་མཛད་པ་ཞིག་དང། ཕྱི་ལོ་ ༢༠༡༣ ལོར་མངའ་སྡེའི་ཤེས་རིག་ལས་ཁུངས་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭར་དེབ་སྐྱེལ་ཞུས་རྗེས་སློབ་གྲྭར་མངའ་སྡེ་གཞུང་གི་ངོས་ནས་མི་རིགས་གཞན་ཁག་དང་གཅིག་མཚུངས་ཀྱི་མཐུན་རྐྱེན་གནང་རྒྱུ་དབུ་འཛུགས་གནང་ཡོད་པ་རེད་འདུག

སློབ་གྲྭར་ད་ལྟའི་ཆར་བོད་རིག་སློབ་མ་གྲངས་ ༩༠ དང་། དང་བླངས་དགེ་རྒན་དང་ལས་བྱེད་ ༢༠ ཡོད་པ་མ་ཟད་སློབ་གྲྭའི་འཛིན་སྐྱོང་གི་སྒྲིག་གཞི་དང་ཤེས་ཡོན་གྱི་སྲིད་བྱུས་རྣམས་ས་གནས་མངའ་སྡེ་གཞུང་གི་མི་རིགས་སྣ་མང་སྐད་ཡིག་སློབ་གྲྭའི་ལམ་སྟོན་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཉིས་ཟུང་འབྲེལ་ཐོག་ནས་འགྲོ་བཞིན་པ་དང་འབྲེལ། རེས་གཟའ་སྤེན་པ་ནམ་ཡིན་ལ་དང་བླངས་དགེ་རྒན་ཚོས་སློབ་ཕྲུག་ཚོར་བོད་ཀྱི་སྐད་དང་རིག་གཞུང་། ལོ་རྒྱུས། ནང་ཆོས། དེ་བཞིན་རྐང་བྲོ་གླུ་གཞས་བཅས་སློབ་ཁྲིད་གནང་བཞིན་ཡོད་པ་དང། དེར་ས་གནས་བོད་རིགས་མཐུན་ཚོགས་དང་ཕ་མ་ཚོས་སློབ་མའི་འགྲིམ་འགྲུལ་དང་། བདེ་འཇགས། མཐུན་རྐྱེན་བཅས་ཀྱི་ཐད་མཐུན་འགྱུར་ཞབས་འདེགས་གནང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།