Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག

Tibetan News Headlines

  • Thank you for your prayers on my birthday, I am recovering well: Dalai Lama
  • Dharamsala commemorates 89th birthday of the Dalai Lama, Sikkim CM graces the event
  • Wishes for the Dalai Lama; Prayers for his swift recovery as he turns 89
  • Dalai Lama congratulates UK’s new Prime Minister

རེས་གཟའ་སྤེན་པ། ༢༠༢༤།༠༧།༠༦

  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་༸གང་ཉིད་ཀྱི་སྐུ་ཁམས་གསལ་ཐང་ཡིན་པའི་གསུང་འཕྲིན་བསྩལ་འདུག
  • ༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་བོད་དོན་བདེན་པའི་འཐབ་རྩོད་བཅས་ལ་ནུས་པ་གང་ཡོད་འདོན་ཐབས་ཞུ་དགོས་ཞེས་གསུངས་སོང་།
  • ༸གོང་ས་མཆོག་གིས་དབྱིན་ཡུལ་གྱི་ སྲིད་བློན་གྱི་གསར་པ་ Keir Starmer མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག
  • ༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡོང་བའི་སྨོན་འདུན།

སྐུའི་བླ་སྨན་པ་རྣམ་པ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ ༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༣ ཨ་རིའི་ཉིན་རྒྱབ་སྐུའི་ཕྱི་ལུགས་ཀྱི་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་བོད་ལུགས་ཀྱི་སྐུ་བཅར་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་རྣམས་གཉིས་དབུ་བཞུགས་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ཀྱི་གནས་སྟངས་ཐད་དྲ་ལམ་བརྒྱུད་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་འདུག

དེའི་ནང་ཕྱི་ལུགས་ཀྱི་སྐུ་བཅར་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས། ཁ་སང་ནི་༸རྒྱལ་བ་རིན་པོ་ཆེའི་སྐུའི་ཞབས་པུས་གཤག་གཅོད་གནང་ནས་སྐུ་ངལ་གསོ་བཞུགས་མཛད་པའི་ཉིན་གྲངས་ལྔ་པ་དེ་ཆགས་ཀྱི་ཡོད་པ་དང་འབྲེལ། སྨན་ཁང་གི་སྨན་པ་རྣམས་ནས་ཞིབ་འཇུག་གནང་སྐབས། ཞབས་པུས་དྲག་སྐྱེད་ཙམ་དུ་མ་ཟད། སྤྱི་བཏང་གི་དྲག་སྐྱེད་ཡུན་ཚད་ལས་མྱུར་བ་ཡོད་སྐོར་གསུང་གི་ཡོད་པ་འགྲེལ་བརྗོད་དང་། ཚང་མས་སེམས་འཚབ་བྱ་ཡུལ་ཞིག་ནི་སྙུང་ཟུག་ཆེ་ཆུང་གང་འདྲ་ཡོད་མེད་ཡིན་སྟབས། སྙུང་ཟུག་ནི་ཧ་ལས་པའི་ཉུང་ཉུང་དང་། ཞབས་གོམ་ཡང་བསྐྱོན་གནང་མཛད་ཀྱི་ཡོད་ཅིང་ཉིན་རེའི་བཞིན་ཡར་རྒྱས་འགྲོ་མུས་ཡིན་པ་གསུངས་སོང་།

ཁོང་གི་མུ་མཐུད་འཆར་གཞི་གཞིར་བཟུང་ཉིན་ཤས་རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནེའུ་ཡོག་གྲོང་འཁྱེར་ནས་ས་ཁུལ་གུ་ཡངས་བ་དང་། ཁ་རླུང་གཙང་བ། ཡུལ་ལྗོངས་ཡག་པོ་ཡོད་ས་ཞིག་ཏུ་༸སྐུ་ངལ་གསོ་བར་གདན་འདྲེན་ཞུ་རྒྱུ་ཡིན་པ་དང་། ལྷག་པར་བོད་ཕྱི་ནང་གཉིས་ཀྱི་ནང་བོད་མི་ཡོངས་རྫོགས་ཀྱི་སེམས་འཚབ་ཆེན་པོ་གནང་བཞིན་ཡོད་པར་བརྟེན། ༸སྐུའི་འཕྲོད་བཞེས་སླད་དུ་རྩ་བ་ཉིད་ནས་ཐུགས་ཁྲལ་གནང་མི་དགོས་པ་གསུངས་འདུག

དེ་བཞིན་བོད་ལུགས་ཀྱི་སྐུ་བཅར་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས། ༸སྐུའི་ཞབས་པུས་ཀྱི་སྨན་བཅོས་དེ་ཧ་ལས་པའི་ལམ་ལྷོངས་ཡག་པོ་བྱུང་སོང་བ་དང་། བོད་ལུགས་ལྟར་སྐུ་ལུས་ཀྱི་རྩ་དང་ཆུའི་ཐོག་ནས་སྐུ་བཅར་ཞུས་ཏེ་བརྟག་དཔྱད་ཞུས་སྐབས། ༸སྐུ་ཁམས་གསལ་ཐང་དང་། ཞབས་པུས་ཀྱི་དང་སྐྱེད་དེའང་ཡར་ངོས་ཟླ་བཞིན་བཟང་དུ་ཕེབས་ནས་ཞབས་གོམ་བསྐྱོན་པ་སོགས་དཔེ་ཡག་པོ་བྱུང་སོང་བ་མ་ཟད། ཕྱག་རྩ་གཟིགས་པའི་སྐབས་སུ་འཕར་སྟངས་དང་འཕར་གཞི། ཆེ་ཆུང་དང་དྲག་ཐལ་རྣམས་ཆ་སྙོམ་དང་དཔེ་ཡག་པོ་འདུག་ཅེས་དང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལོ་ལ་ཐུགས་ཁྲལ་གནང་མི་དགོས་པར་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་སོང་།

གཞི་རྩའི་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ Hospital for Special Surgery སྨན་ཁང་དུ་༸ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤག་གཅོད་ཀྱི་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་མགོན་པོ་༸གང་ཉིད་མཆོག་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་དེ་སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།