Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་གྲུབ་བྱུང་བ།

Tibetan News Headlines

  • Tibetan monk detained for WeChat post, writer severely ill after forced labour in prison
  • Tibetan netizens express concerns over ban and removal of Tibetan language post on Douyin
  • “India should revise Tibet policy on China occupation, make stance clear on Dalai Lama’s succession”: Indian diplomat
  • Postcard book titled ‘108 Exile Tibetan Visual Artists’ launched in Dharamshala 

རེས་གཟའ་མིག་དམར། ༢༠༢༤།༠༧།༠༢

  • རྒྱ་ནག་གི་ཁྲིམས་ལུགས་ལ་སྐྱོན་བརྗོད་བྱས་པར་སྙད་འདོགས་ཏེ་དགེ་འདུན་པ་ཞིག་འཛིན་བཟུང་།
  • རྒྱ་ནག་གི་ཐད་གཏོང་མཉེན་ཆས་ Douyin ནང་བོད་ཡིག་བཀག་སྡོམ་བྱས་པར་བོད་མི་ཚོས་སེམས་འཚབ་བྱེད་བཞིན་པ།
  • རྒྱ་གར་གྱི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དང་༸སྐུའི་ཡང་སྲིད་གནད་དོན་ཐོག་ལངས་ཕྱོགས་གསལ་པོ་བཟོ་དགོས།
  • ༸སྐུའི་ཡང་སྲིད་དེ་བཞིན་རང་དབང་ཡོད་སའི་ས་ཚིགས་ལས་རྒྱ་ནག་ལ་འཁྲུངས་ཀྱི་མེད་ཅེས་བཀའ་སྩལ་བ།
  • བཙན་བྱོལ་ནང་གི་རི་མོའི་སྒྱུ་རྩལ་བ་ ༡༠༨ གི་སྦྲག་ཡིག་ ༡༠༨ ཞེས་པའི་དཔེ་དེབ་གསར་པ་དབུ་འབྱེད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ Hospital of Special Surgery ནང་ཞབས་པུས་གཤག་བཅོས་ཀྱི་སྨན་བཅོས་ལེགས་གྲུབ་བྱུང་སྟེ། ཁ་ཉིན་ཕྱི་ཚེས་ ༢༩ ཉིན་སྨན་ཁང་ནས་ཕྱིར་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་བསྒྱུར་མཛད་ཡོད་པ་རེད།

༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸སྐུའི་ཞབས་པུས་ཀྱི་འཕྲོད་བཞེས་ལེགས་གྲུབ་དང་འབྲེལ་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། ཨ་རིར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཕྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་ཞབས་པུས་ཀྱི་སྨན་ཁང་རྩེ་ཕུད་ Hospital of special surgery ནང་༸སྐུའི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་གནང་སྟེ། ཞབས་པུས་སྨན་བཅོས་དེ་ཉིད་ལེགས་གྲུབ་བྱུང་ཡོད་སྐོར་གསུངས་པ་དང་སྦྲགས། ཕྱི་ཚེས་ ༢༩ ཉིན་མགོན་པོ་༸གང་ཉིད་མཆོག་སྨན་ཁང་ནས་ཕྱིར་ཨ་རིའི་གཞུང་གི་གྲ་སྒྲིག་ཞུས་པའི་༸རྒྱལ་བའི་བཞུགས་གནས་ Park Hyatt New York གསོལ་མགྲོན་ཁང་དུ་ཆིབས་ཐོན་མཛད་རྒྱུ་ཡིན་པ་ཙམ་མ་ཟད། སྨན་ཁང་དེའི་སྨན་པ་དང་འབྲེལ་ཡོད་ལས་བྱེད་ཚོས་ལྷག་བསམ་རྣམ་དག་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་སྤྱི་ཡོངས་ཀྱི་ཐོག་ལ་ཧུར་ཐག་གནང་གི་ཡོད་སྟབས། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ལ་ཐུགས་བློ་བདེ་བོ་གནང་རོགས་ཞེས་གསུངས་འདུག

ཕྱོགས་མཚུངས་ Hospital of special surgery སྨན་ཁང་གིས་དྲ་གནས་ཐོག་༸སྐུའི་ཞབས་པུས་སྨན་བཅོས་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། ཕྱི་ཚེས་ ༢༨ ཉིན་གྱི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་ལེགས་འགྲུབ་བྱུང་སྟེ། ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོར་མགོན་པོ་༸གང་ཉིད་མཆོག་སྨན་ཁང་ནས་ཕྱིར་བཞུགས་གནས་གསོལ་མགྲོན་ཁང་དུ་ཆིབས་ཐོན་མཛད་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་བླ་སྨན་པ་དང་༸དགའ་ལྡན་ཕོ་བྲང་ཡིག་ཚང་ལྷན་དུ་འབྲེལ་ལམ་ཡག་པོ་ཡོད་སྐོར་གསུངས་པ་མ་ཟད། ད་ལེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་༸སྐུའི་ཞབས་པུས་སྨན་བཅོས་སླད་དུ་སྨན་ཁང་འདིར་ཆིབས་བསྒྱུར་མཛད་པར་བཀའ་དྲིན་ཆེ་ཞེས་ཞུས་འདུག

རྩ་བའི་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༸སྐུའི་ཞབས་པུས་བརྗེ་འགྱུར་གྱི་གཤག་བཅོས་དེ་ཉིད་ལེགས་གྲུབ་བྱུང་བའི་གསལ་བསྒྲགས་སྤེལ་བ་དང་བསྟུན། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གི་གཙོས་གནད་ཡོད་མི་སྣ་མང་པོས་མགོན་པོ་༸གང་ཉིད་མཆོག་གི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་བར་དགའ་བསུའི་འཚམས་འདྲི་གནང་དང་གནང་མུས་ཡིན་པ་རེད།

ལྕམ་སྐུ་ Uzra Zeya མཆོག་གིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ X ཐོག་མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་གང་མྱུར་དྲག་སྐྱེད་ཡོང་བའི་ཐུགས་རེ་གནང་ཡོད་པ་དང་། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བར་དགའ་བསུའི་འཚམས་འདྲི་གནང་བ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྩེ་དང་མཛད་སྤྱོད་བཟང་པོ་ལས་འཛམ་གླིང་ནང་འོད་ཟེར་ཁྱབ་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་སྐུའི་འཕྲོད་བཞེས་བཟང་པོ་དང་མུ་མཐུད་མཛད་རྗེས་སྐྱོང་ཐུབ་པའི་སྨོན་འདུན་ཞུས་འདུག

གཞི་རྩའི་ད་ལྟའི་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་གཞུང་གི་གྲ་སྒྲིག་ཞུས་པའི་༸རྒྱལ་བའི་བཞུགས་གནས་ Park Hyatt New York གསོལ་མགྲོན་ཁང་དུ་༸སྐུ་ངལ་གསོ་བཞུགས་མཛད་མུས་ཡིན་པ་དང་། ལྷག་པར་ད་ཐེངས་༸གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱང་པ་དེ་ནི་ལོ་བདུན་ནང་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་སྟབས། ཁུལ་དེར་ཡོད་པའི་ས་གནས་བོད་མི་ཚོས་ཐུགས་ཚོར་ཆེན་པོས་༧གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཕྱག་བསྐོར་གནང་དང་གནང་མུས་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།