Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་ཁ་བཀྲིན་རྩལ་བ།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་དང་། ཚོགས་མི་ཁག་གཅིག དེ་བཞིན་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་གྱི་མི་སྣ་བཅས་ལ་མཇལ་ཁ་བཀྲིན་མཛད་དེ་བཀའ་སློབ་རྩལ་གནང་ཡོད་པ། མ་ཟད་པོད་བདུན་ལས་གྲུབ་པའི་དཔེ་དེབ་ “Greatness of Spirit” ཞེས་པ་ཞིག་དབུ་འབྱེད་ཀྱིས། མགོན་པོ་༸གང་ཉིད་མཆོག་ལ་གཟེངས་རྟགས་དེ་ཉིད་འབུལ་བཞེས་མཛད་དེ་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་གནང་སོང་།

Ramon Magsaysay Audience with HHDL

སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་གཙོ་བོ་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དེས་མུ་སྟེགས་པ་དང་དེ་དུས་ཚན་རིག་པ་ལྷན་དུ་གོ་བསྡུར་གྱི་གོ་སྐབས་མང་པོ་བྱུང་ཡོད་པ་བཀའ་རྩལ་མཛད་སོང་བ་དང་འབྲེལ། ༸གང་ཉིད་མཆོག་ནང་པ་སངས་རྒྱས་པའི་ཐལ་འགྱུར་བའི་ལྟ་གྲུབ་རིག་པ་འཛིན་མཁན་ཞིག་ཡིན་པ་མ་ཟད།  ཤེས་ནས་དད་པ་ཐོབ་དགོས་པ་དེ་གལ་ཆེན་ཡིན་པ་དང་། ལྷག་པར་དུ་འཛམ་བུ་གླིང་འདིར་ཞི་བདེ་ཡོང་ཕྱིར་དུ་འཚེ་བ་མེད་པའི་ལྟ་གྲུབ་དེ་ཉིད་མེད་དུ་མི་རུང་བ་ཞིག་ཡིན་པས་ཚང་མས་དེར་འབད་བརྩོན་གནང་དགོས་གལ་ཡིན་པའི་བཀའ་རྩལ་མཛད་སོང་།

Ramon Magsaysay Audience with HHDL

མཇལ་ཁ་གྲུབ་མཚམས་སུ་གསར་འགོད་པས་ Ramon Magsaysay གཟེངས་རྟགས་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ Cheche Lazaro ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་༸གང་ཉིད་མཆོག་གི་ཞལ་བཞེས་བཟང་པོའི་འོག་ཚོགས་པའི་ཚོགས་བཅར་བ་ ༦༠ ལྷག་འདི་ག་བཞུགས་སྒར་དུ་མཇལ་ཁ་ཆེད་དུ་བཅར་བ་ཡིན་པ་འགྲེལ་བརྗོད་ཀྱིས། གོ་སྐབས་འདི་ནི་ཁོང་རྣམ་པས་རྩ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། མཇལ་ཁའི་སྐབས་མགོན་པོ་༸གང་ཉིད་མཆོག་ནས་ཉིན་ཞག་ཀུན་ཏུ་ཉམས་ལེན་མཛད་བཞིན་པའི་འཚེ་བ་མེད་པའི་ལྟ་གྲུབ་གལ་ཆེན་ཡིན་པ་ལུང་འདྲེན་གནང་སོང་།

Cheche Lazaro
Cheche Lazaro

ཚོགས་པས་ངོས་ནས་པར་སྐྲུན་ཞུས་པའི་པོད་བདུན་ལས་གྲུབ་པའི་དཔེ་དེབ་ Greatness of Spirit ཞེས་པ་འདི་ནི་ཚོགས་པའི་གཟེངས་རྟགས་བཞེས་མཁན་མི་སྣ་ ༣༤༨ ཀྱི་ལོ་རྒྱུས་དང་ཕྱག་ལས་སྐོར་ངོ་སྤྲོད་བྱས་པ་ཞིག་མགོན་པོ་༸གང་ཉིད་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་འབྲེལ། ཚོགས་པས་ཨེ་ཤི་ཡའི་ཁྱོན་ཡོངས་སུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་སོགས་སྒྲུབ་མཁན་གྱི་གཟེངས་སུ་ཐོན་པའི་མི་སྣ་བཅས་ལ་ཆེ་བསྟོད་ཀྱིས་གཟེངས་རྟགས་འབུལ་གྱི་ཡོད་པ་གསུངས་སོང་།

Ramon Magsaysay Audience with HHDL

ད་རེས་མཇལ་བཅར་བ་གཟེངས་རྟགས་དེ་ཉིད་བཞེས་མྱོང་མཁན་རྒྱ་གར་མི་སྣ་ཁོངས་སུ་གཞུང་ཞབས་ཟུར་པ་སྤྱི་ཚོགས་དང་བུད་མེད་རང་དབང་འཐབ་རྩོད་པ་སློབ་དཔོན་ཆེན་མོ་ལྕམ་སྐུ་ Aruna Roy ལགས་དང་། རྩོམ་པ་པོ་དང་འཐབ་རྩོད་པ་ TM Mishra ལགས། རྒྱ་གར་གཞི་རིམ་མི་མང་ཁྲོད་དབུལ་ཕོངས་རྣམས་ཀྱི་ནུས་པ་གོང་མཐོར་གཏོང་མཁན་གྱི་ཚོགས་པ་ Goonj ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ Anshu Gupta ལགས། དེ་བཞིན་རྒྱ་གར་གྲོང་གསེབ་པ་དབུལ་ཕོངས་ཆེད་དུ་ Solar Electric Light Company (SELCO) ཁེ་ལས་བརྒྱུད་མཐུན་འགྱུར་རོགས་རམ་གནང་མཁན་སྐུ་ཞབས་ Harish Hande ལགས་བཅས་ནས། དེ་རིང་༸གོང་ས་མཆོག་སྐུ་དངོས་མཇལ་ཁ་ཞུས་པའི་གོ་སྐབས་ཐོབ་པ་དེས་དམིགས་བསལ་གྱི་ཚོར་བ་ཞིག་བྱུང་སོང་ཞེས་དང་། མགོན་པོ་༸གང་ཉིད་མཆོག་ནི་འཇིག་རྟེན་འདིར་སོན་པོར་གནས་ཡོད་པའི་རླབས་ཆེན་གྱི་སྐྱེ་བོ་ཞིག་ཡིན་པ། ལྷག་པར་དུ་དེ་རིང་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་དང་འབྲེལ་ནས་བཀའ་སློབ་བཀའ་དྲིན་རྩལ་བ་དེས་ཁོང་རྣམས་ལ་མུ་མཐུད་སྤྱི་ཚོགས་ཞབས་འདེགས་བསྒྲུབ་རྒྱུའི་སེམས་ཤུགས་འཕར་མ་ཞིག་སྐྱེ་བྱུང་བ་གསལ་འདོན་གནང་སོང་།

གཞི་རྩའི་ Magsaysay ཞེས་པའི་གཟེངས་རྟགས་དེ་ནི་ Philippines ཡི་སྲིད་འཛིན་ཟུར་པ་སྐུ་ཞབས་ Ramon Magsaysay མཆོག་གི་མཚན་ཐོག་ཏུ་ཐོག་མར་ཕྱི་ལོ་ ༡༩༥༧ ལོར་གསར་འཛུགས་གནང་ཞིང་། གཟེངས་རྟགས་དེར་ཡོངས་གྲགས་སུ་ཨེ་ཤ་ཡའི་ནོ་སྦེལ་གཟེངས་རྟགས་ཞེས་ཞུ་སྲོལ་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་༸གོང་ས་མཆོག་ལ་གཟེངས་རྟགས་དེ་འབུལ་བཞེས་མཛད་སྐབས་༸སྐུའི་གཅེན་པོ་བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་ཆེད་ཕེབས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།