Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་ཤྲཱི་ལངྐར་ཕེབས་རྒྱུར་རྒྱ་ནག་གིས་འགོག་རྐྱེན་བཟོ་ཡི་ཡོད་པ་གསུངས་འདུག

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཤྲཱི་ལངྐའི་ནང་པའི་ཆོས་དཔོན་ Waskaduwe Mahindawansa Mahanayake Thero ཝ་ས་ཀ་དུ་བེ་མ་ཧིནྡྷ་བཾ་ས་ན་ཡ་ཀ་ཐེ་རོ་མཆོག་གིས་ང་ཚོའི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤྲཱི་ལངྐ་ནང་གདན་འདྲེན་ཞུས་ཡོད་ཀྱང་དེར་རྒྱ་ནག་གིས་འགོག་རྐྱེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་གནང་འདུག

དེའང་ཟླ་བ་འདིའི་ཕྱི་ཚེས་ ༤ ཉིན་ཤྲཱི་ལངྐའི་ Raja Guru Shri Subuti Mahavihara རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་རཱ་ཞེས་པའི་དགོན་པའི་གནས་བརྟན་ Waskaduwe Mahindawansa ཝ་ས་ཀ་དུ་བེ་མ་ཧིནྡྷ་བཾ་ས་ན་ཡ་ཀ་ཐེ་རོ་མཆོག་གིས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་སྤྱིའི་བདེ་རྩ་དང་། ལྷག་དོན་སངས་རྒྱས་ཀྱི་བསྟན་པར་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་སླད་སྟོན་པ་ཐུབ་པ་དབང་པོའི་རིང་བསྲེལ་ཞིག་འབུལ་ལམ་ཞུས་ཡོད་པ་དང་བསྟུན།  Wion གསར་ཁང་གིས་མགོན་པོ་༸གང་ཉིད་མཆོག་ལ་རིང་བསྲེལ་འབུལ་མཁན་ཤྲཱི་ལངྐའི་དགོན་པ་དེའི་གནས་བརྟན་ལགས་་སུ་གནད་དོན་དེས་རྒྱ་ནག་ལ་ཁོང་ཁྲོ་སློང་སྲིད་ཀྱི་མ་རེད་དམ་ཞེས་བཅར་དྲི་ཞུ་སྐབས། ཁོང་གིས་དེ་སྔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཤྲཱི་ལངྐར་གདན་འདྲེན་ཞུས་ཀྱང་དེར་རྒྱ་ནག་གིས་འགོག་རྐྱེན་བཟོས་ཡོད་པ་དང་། ང་ཚོས་ངོས་ནས་༸གོང་ས་མཆོག་ནང་པའི་དབུ་ཁྲིད་ལ་ངོས་འཛིན་གྱིས་གུས་བཀུར་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེར་འདོད་མོས་མེད་པར་ཤྲཱི་ལངྐའི་གཞུང་ལ་དེ་འབྲེལ་གནོན་ཤུགས་སྤྲད་ཡོད་པ་གསུངས་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གཞུང་གི་འདི་ལྟ་བུའི་གནོན་ཤུགས་ལ་ང་ཚོས་འདོད་མོས་རྩ་བ་ནས་མེད་པ་དང་།  ང་ཚོར་༸གོང་ས་མཆོག་མཆོག་ཤྲཱི་ལངྐར་གདན་འདྲེན་ཞུ་རྒྱུའི་རང་དབང་ཡོད་ལ་མགོན་པོ་༸གང་ཉིད་མཆོག་ལའང་དེ་འབྲེལ་རང་དབང་ཡོད་ཅེས་གསུངས་པ་དང་འབྲེལ། མ་འོངས་པར་༸གོང་ས་མཆོག་ཤྲཱི་ལངྐར་ཆིབས་བསྒྱུར་བསྐྱངས་ཐུབ་ཚེ་ང་ཚོ་ཧ་ཅང་དགའ་པོ་བྱུང་ངེས་ཡིན་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱུན་དུ་ནང་པ་སངས་རྒྱས་པའི་ཆོས་གསུང་མཁན་གྱི་ནང་པའི་དབུ་ཁྲིད་ཞིག་ཡིན་དུས་ཤྲཱི་ལངྐར་ཆིབས་བསྒྱུར་སྐྱངས་ན་དཀའ་ངལ་ག་རེ་ཡོད་དམ་ཞེས་ནན་བརྗོད་གནང་འདུག

མ་ཟད་བཅར་འདྲི་ལས་རིམ་དེའི་ཐོག་གཞན་རིང་བསྲེལ་དེའི་རྒྱབ་ལྗོངས་དང་གལ་གནད། དེ་བཞིན་རྒྱ་གར་དང་ཤྲཱི་ལངྐའི་འབྲེལ་ལམ་བཅས་ཀྱི་ཐོག་བཀའ་འདྲི་ཞུས་པར་ཁོང་གིས། ད་རེས་ཁོང་བཞུགས་སྒར་དུ་ཕེབས་པ་ཐེངས་དང་པོ་ཡིན་ནའང་། ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཚིགས་ཤིག་ཆགས་ཡོད་པ་དང་། ལྷག་པར་ཤྲཱི་ལངྐའི་ཆོས་དང་རིག་གཞུང་རྣམས་རྒྱ་གར་དང་འབྲེལ་བ་ཡོད་སྟབས། རྒྱ་གར་ནི་ང་ཚོའི་བུ་སྤུན་རྒན་པ་ལྟ་བུ་ཡིན་པ་མ་ཟད། གནད་དོན་དེའི་བརྒྱུད་ནས་རྒྱལ་ཁབ་ཕན་ཚུན་བར་འབྲེལ་ལམ་གོང་མཐོར་བཏང་དགོས་གལ་ཡིན་པ་སོགས་གསུངས་འདུག

རྩ་བའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་འདི་བཞིན་ཤྲཱི་ལངྐའི་དགེ་འདུན་པ་ཡོངས་རྫོགས་ཀྱི་ཚབ་ཞུས་ཏེ་ཕྱི་ལོ་ ༢༠༡༧ ལོར་འབུལ་ལམ་ཞུ་རྒྱུ་ཐག་གཅོད་བྱུང་ཡོད་པ་དང་། རིང་བསྲེལ་འདི་ནི་དེ་སྔོན་རྒྱ་གར་ཨིན་ཇིའི་འོག་ཏུ་ཡོད་པ་སྐབས། གནའ་རྫས་རྟོག་ཞིབ་པས་སངས་རྒྱས་བཅོམ་ལྡན་འདས་སྐུ་བལྟམས་སའི་གནས་མཆོག་སེར་སྐྱའི་གྲོང་ནས་རྙེད་སོན་བྱུང་སྟེ། ཕྱི་ལོ་ ༡༨༩༨ ལོར་ཨིན་ཇིའི་གཞུང་ཚབ་མི་སྣ་ཝིལ་ཡམ་པེ་པེ་ William C Peppé གིས་ཤྲཱི་ལངྐའི་གནས་བརྟན་ Waskaduwe Subhuthi Mahanayake Thero ཝ་ས་ཀ་དུ་བེ་སུ་བྷུ་ཏི་མཧཱ་ནཱ་ཡ་ཀེ་ཐེ་རོ་མཆོག་ལ་ཕུལ་ཏེ། ད་ལྟའི་བར་དུ་ The Raja Guru Shri Subuti Mahavihara Monastery of Sri Lanka རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་རྟེན་གཙོར་བཞུགས་སུ་གསོལ་བ་ཞིག་ཡིན་པ་རེད།

གཞི་རྩའི་ཤྲཱི་ལངྐའི་བླ་ཆེན་དང་དགེ་འདུན་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་གདན་འདྲེན་ཞུ་ཐབས་ལན་མང་བྱས་ཀྱང་། ཤྲཱི་ལངྐའི་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་རྒྱ་ནག་ལ་བསྟུན་ཤས་ཆེ་བར་རྒྱ་གཞུང་གི་དེ་འབྲེལ་གནོན་ཤུགས་ཇེ་ཆེར་སྤྲད་དང་སྤྲོད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།