Tibetan Royal Year of 2151 | Year of the Wood Dragon

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་པར་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ཐུགས་འཚབ་ཆེན་པོ་གནང་པ།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་ནང་གི་སྒེར་གཉེར་སློབ་གྲྭ་སྙན་གྲགས་ཡོད་པ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པར་སློབ་ཕྲུག་རྣམས་ཚོར་ཤུགས་ཆེན་པོས་མིག་ཆུ་གཏོང་བཞིན་པ་མངོན་གྱི་འདུག་པ་མ་ཟད། སློབ་གྲྭ་དེ་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ཕྲལ་གཞིེས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་བློ་ཕམ་དང་། སྐྱོན་བརྗོད། སྐྱོ་གདུང་སོགས་ཀྱི་ཁེངས་ནས་མཆན་འདྲ་མིན་བཀོད་བཞིན་འདུག

Tibetan private school in Golog forced to shut down

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཕྱི་ལོ་ ༡༩༩༤ ཟླ་ ༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་ཐོག་དངོས་སུ་བཙུགས་ཤིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ ༢༠༠༡ ལོའི་ཟླ་ ༤ ཚེས་ ༡༤ ཉིན་ཁུལ་དེའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ཕྱི་ལོ་ ༢༠༠༣ ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༣ ཚེས་ ༧ ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ནང་དུ་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

Tibetan private school in Golog forced to shut down

ཁ་སང་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཡུལ་དངོས་ཀྱི་བརྙན་ཐུང་ཞིག་འདོན་སྤེལ་གནང་བའི་ནང་། མདོ་སྨད་མགོ་ལོག་ནང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་རྭ་རྒྱ་ཤེས་རིག་ནོར་གླིང་འདི་བཞིན་འདས་པའི་ལོ་ངོ་གཉིས་གསུམ་གྱི་རིང་དཀའ་ངལ་དང་གདོང་ལེན་མང་དག་གནང་བ་དེ་ལྟར་ཡང་། ཟླ་བ་འདིའི་ཕྱི་ཚེས་ ༡༢ ཉིན་སློབ་གླིང་དེ་ཉིད་འཕྲལ་དུ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་འདུག་ལ་ཁ་ཉིན་ཚེས་ ༡༣ ཉིན་དགེ་སློབ་རྣམས་དངོས་སུ་སློབ་གྲྭ་བཞག་ཏེ་རང་སར་ལོག་དགོས་བྱུང་བ་མ་ཟད། ཉིན་དེའི་སྔ་དྲོ་སློབ་གྲྭ་དེའི་སྒོ་འབྱེད་མཛད་སྒོའི་སྐབས་སློབ་ཕྲུག་རྣམས་ཚོར་ཤུགས་ཆེན་པོས་མིག་ཆུ་གཏོང་བཞིན་པ་མཐོང་རྒྱུ་འདུག་པ་དེ་ནི་སྤྱིར་ལོ་མང་རིང་ནས་མགོ་ལོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ལས་ཐོག་སོགས་ཀྱིས་སློབ་གྲྭ་འདི་ཉིད་སྒོ་རྒྱག་ཐབས་སུ་ངན་ཇུས་ཡོད་རྒུ་བཏོན་ཏེ་ཁྲིམས་གཏུགས་རབ་དང་རིམ་པ་རྒྱག་གནོན་དང་སྐུལ་འདེད་བཏང་མཐར་ལག་བསྟར་བྱུང་བ་ཞིག་ཡིན་པ་བཀོད་འདུག

Tibetan private school in Golog forced to shut down

རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ནས་སྒེར་གྱི་སྐད་འཕྲིན་དུ་དེ་འབྲེལ་གསལ་བཤད་ཅིག་གནང་བའི་ནང་། མི་གང་ཡང་རུང་བའི་དབང་ཆ་སྒེར་གཅིག་དང་ལས་ཁུངས་གང་རུང་གིས་ཕྱོགས་ཞེན་དང་བཙན་གནོན་བྱས་པ་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་རིགས་ཆེད་ལས་སློབ་གྲྭའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་སྒྲུབ་མཚམས་བཞག་པ་ཡིན་ཞེས་བཀོད་འདུག་ལ། འོན་ཀྱང་གསལ་བཤད་དེའི་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ཅི་ཡིན་གསལ་པོར་བསྟན་མི་འདུག

Tibetan private school in Golog forced to shut down

ད་ཆ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པར་བོད་ཕྲུག་རྣམས་མིག་ཆུ་གཏོང་བཞིན་པའི་བརྙན་དང་པར་བཅས་ཕྱིར་གྱར་བྱུང་བ་དང་སྦྲགས་ཏེ་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ཐུགས་འཚབ་དང་བཅས་མཆན་འདྲ་མིན་བཀོད་བཞིན་པའི་ཁྲོད། བོད་མི་ཞིག་གིས་མི་སྙན་མི་བཟོས་པའི་གནས་ཚུལ་འདི་ཡིས་སེམས་པ་བློ་བོར་བོར་བཟོས་སོང་ཞེས་དང་བོད་མི་རིགས་ལ་མཚོན་ན་རྒྱུ་རྐྱེན་ཅི་འདྲ་ཞིག་དང་གནས་བབ་གང་ཞིག་གིས་བསྙད་བཏགས་ནའང་། སློབ་གྲྭ་ཞིག་སྒོ་བརྒྱབ་དགོས་བྱུང་བའི་གནས་ཚུལ་ནི་སྐྱོ་གར་ཞིག་ཡིན་པ་སྨོས་མོ་དགོས་སོ་ཞེས་གསུངས་འདུག་པ་མ་ཟད། བོད་ནང་གི་བོད་མི་ཞིག་གིས་བོད་མི་རིགས་ཀྱི་རིག་གནས་སློབ་བཞིན་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་སྒོ་བརྒྱབ་པར་བློ་ཕམ་དང་སྐྱོན་བརྗོད་སྐྱོ་གདུང་སོགས་ཀྱི་ཁེངས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་འདུག ལྷག་དོན་དེ་རིང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བཞུགས་སྒར་དུ་ཕེབས་པའི་ཊོ་རོན་ཊོ་གངས་ལྗོངས་བོད་ཀྱི་སྐད་དང་རིག་གཞུང་སློབ་གྲྭའི་དཔེ་སྟོན་ལས་རིམ་ཐོག་མཉམ་ཞུགས་གནང་མཁན་སློབ་མ་རྣམས་ལ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ་པའི་ཡིད་སྐྱོའི་གནས་ཚུལ་ཐད་བོད་མིའི་སྒྲིག་འཛུགས་ནས་བློ་ཕམ་ཡོད་ཅེས་གསུངས་ཏེ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་ཕྲུག་ཚོས་བོད་མི་རིགས་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཡར་རྒྱས་གོང་འཕེལ་གཏོང་བར་འབད་དགོས་གལ་དང་བོད་ནང་ངལ་བ་དུ་མར་འཛེམས་མེད་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་གནང་མཁན་ཡོངས་ལ་རྗེས་སུ་ཡིད་རང་ཞུས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།