Tibetan Royal Year of 2151 | Year of the Wood Dragon

ཆོས་ལུགས་ལས་དོན་དང་འབྲེལ་བའི་ཁྲིམས་སྒྲིག་དེ་བོད་ནང་གི་ཆོས་ལུགས་ལ་དམ་བསྒྲགས་སྔར་ལྷག་བྱས་པར་མངོན་གསལ།

Tibetan News Headlines

རེས་གཟའ་ཉི་མ། ༢༠༢༤།༠༦།༣༠

  • བོད་བརྒྱུད་ནང་བསྟན་གྱི་མ་འོངས་གནས་བབ་སོགས་དང་འབྲེལ་ནས་གླེང་མོལ།

རྒྱ་ནག་གཞུང་གིས་དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ནས་བཟུང་བོད་ནང་ཆོས་ལུགས་ཀྱི་ལས་དོན་ལ་ཚོད་འཛིན་དམ་བསྒྲགས་ཀྱི་ཁྲིམས་སྒྲིག་ཨང་ ༡༩ ལག་བསྟར་བྱེད་ཀྱི་ཡོད་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་སྟངས་འཛིན་སྒྲིག་གཞི་དེར་སེམས་འཚབ་དང་འབྲེལ་དེས་བོད་གཙོ་བོར་གྱུར་པའི་རྒྱལ་ནང་གི་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་ཡུལ་སྒྲིག་འཛུགས་ཚང་མར་དམ་བསྒྲགས་ཆེས་ཆེར་བྱེད་ཀྱི་རེད་ཅེས་གསུངས་སོང་།

རྒྱ་གཞུང་གིས་འདི་ལོའི་ཟླ་ ༣ ནང་དེ་སྔ་ཕྱི་ལོ་ ༢༠༠༥ ལོར་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་ཡུལ་སྒྲིག་འཛུགས་ཁག་གི་སྟངས་འཛིན་སྒྲིག་གཞི་ཞེས་པར་བསྐྱར་བཅོས་ཀྱིས་དྲ་ལམ་དུ་དུས་ཡུན་ཟླ་བ་གཅིག་རིང་བསམ་ཚུལ་བསྡུ་ལེན་བྱས་རྗེས་ཁྲིམས་སྒྲིག་དེ་ཕྱི་ལོ་  ༢༠༢༣ ཕྱི་ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་སྤེལ་དོན་ལྟར་དེ་རིང་ནས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཁྲིམས་སྒྲིག་དེར་མཐའ་གཅིག་ཏུ་སྐྱོན་བརྗོད་དང་རྒྱ་གཞུང་གིས་ད་བར་བོད་ནང་ཆོས་ཕྱོགས་ཀྱི་ལས་དོན་ཁག་ལ་སྟངས་འཛིན་ཆེད་དེ་ལྟ་བུའི་ཁྲིམས་སྒྲིག་མང་དག་ཅིག་བཙན་གིས་ལག་བསྟར་བྱས་ནས་བོད་མིའི་རིག་གཞུང་དང་ཆབ་སྲིད་ལས་དོན་ཁག་གི་ཐོག་སྔར་ལྷག་ཚོད་འཛིན་དམ་བསྒྲགས་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་དོན་ཁྲིམས་སྒྲིག་གི་དོན་ཚན་ ༢༧ པའི་ནང་གསལ་ལྟར་ན། བོད་པའི་དགོན་སྡེ་ཁག་ནས་༸གོང་ས་མཆོག་ལ་ཡོངས་གྲགས་མཚན་སྨད་ཞུ་རྒྱུར་མུ་མཐུན་མ་གནང་མཁན་དང་ཡང་ན་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཞུ་མཁན་རྣམས་རྒྱལ་ཁབ་ཁ་བྲལ་བར་ངོས་འཛིན་གྱིས་གང་ཟག་དེ་དྲག་གནོན་གྱི་གནས་སྟངས་འོག་ལྷུང་ངེས་ཡིན་པར་ཐེར་འདོན་བྱས་འདུག

འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་བོད་ནང་དེ་རིང་ནས་ལག་བསྟར་བྱ་རྒྱུའི་བསྐྱར་བཅོས་ཁྲིམས་སྒྲིག་དེ་ནི་རྐང་བོད་ནང་གི་ཆོས་དད་རང་དབང་དང་བོད་བརྒྱུད་ནང་བསྟན་ལ་ཆབ་སྲིད་ཀྱི་དགོ་མཁོ་ཁོ་ནར་གཞིགས་ཏེ་ཆེད་བཟོ་བྱས་པ་ཞིག་ཡིན་པ་དང་། བོད་ནང་གི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཤུགས་ཆེར་གཏོང་བཞིན་ཡོད་པར་ར་སྤྲོད་ཐུབ་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁྲིམས་སྒྲིག་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་ཆབས་ཅིག རྒྱ་གཞུང་གིས་ཁྲིམས་སྒྲིག་དེའི་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་འཕེལ་རིམ་དང་ཆོས་དད་རང་དབང་བཅས་པར་ཚོད་འཛིན་དམ་བསྒྲགས་ཀྱིས་ཐེ་བྱུས་བྱེད་བཞིན་པ་དེ་རྩ་བ་ནས་འགྲིག་ཐབས་མེད་སྐོར་སྐྱོན་བརྗོད་ནན་པོ་གནང་སོང་།

གཞན་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ད་ཆ་བོད་ནང་གི་གནས་སྟངས་ཉིན་རེ་ལས་མ་འདས་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཆེས་ཛ་དྲག་ཅན་གྱི་གནས་བབ་དེའི་ཁྲོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་པ་མཉམ་སྤུངས་གནང་ཐོག་རྒྱ་གཞུང་གིས་བོད་ནང་གི་ཆོས་ལུགས་གནང་སྒོར་ཚོད་འཛིན་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྟབས་རྒྱ་གཞུང་ལ་འདྲི་རྩད་ཀྱིས་གླེང་སློང་གནང་དགོས་པ་དང་བོད་ནང་གི་ཆོས་དད་རང་དབང་སྲུང་སྐྱོབ་ཐུབ་པར་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་སྲུང་ཐུབ་པར་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་བར་ཕུགས་རྒྱང་རིང་པོའི་ཐབས་ལམ་དོན་འབྲས་སོན་པ་ཞིག་འཚོལ་ཆེད་སྤྱི་ནོར་༸གོང་ས་མཆོག་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་བསྐྱར་གསོ་ཡོང་བར་སྐུལ་མ་གནང་འདུག

རྩ་བའི་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་ཆོས་ཕྱོགས་ཀྱི་ལས་དོན་དང་འབྲེལ་བའི་ཁྲིམས་སྒྲོག་དེར་དོན་ཚན་ཆེན་པོ་བཅུ་ཙམ་ཡོད་པའི་ནང་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་དང་ལྟེ་གནས་ཡོངས་རྫོགས་ཀྱིས་རྒྱ་ནག་གཞུང་ལ་ངེས་པར་དུ་དེབ་སྐྱེལ་བྱེད་དགོས་པ། ཆོས་ཕྱོགས་ཀྱི་ལྟེ་གནས་ཚང་མས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཧུར་བརྩོན་དང་། སྒྲིག་འཛུགས་དང་ལྟེ་གནས་ཁང་དེ་དག་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་དགོས་པ། དེ་བཞིན་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་ལ་ངོས་ལེན་དང་ལག་བསྟར་མཐིལ་ཕྱིན་བྱེད་དགོས་པར་མ་ཟད། རྒྱ་ནག་གི་ཆོས་དད་དང་འབྲེལ་བའི་ཁྲིམས་སྒྲིག་གཙོས་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་ཞེས་སོགས་འཁོད་འདུག   

འབྲེལ་ཡོད་གསར་གནས།

གསར་གནས།